༄༅། །ངན་ལམ་སྟག་སྒྲ་ཀླུ་གོང་གི་མཛད་རྗེས་གབ་པ་མངོན་ཕྱུང་།
འབྲོག~རྩམ་ཟན།
འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་སྟག་སྒྲ་ཀླུ་གོང་གི་སྐུ་ཚེའི་ལོ་རྒྱུས་ཉུང་བསྡུས་ཤིག་གླེང་བར་སྤྲོ་ལ། ཡིན་ཡང་ད་ཐེངས་ངན་ལམ་སྟག་སྒྲ་ཀླུ་གོང་གི་འཁྲུངས་གཞིས་དང་བང་སོའི་ཡུལ་དངོས་ལ་རྟོགས་ཞིབ་བྱེད་པའི་གོ་སྐབས་མ་བྱུང་ལ། སྤྱིར་ལོ་རྒྱུས་ཀྱི་དཔྱད་རྩོམ་ཡང་དག་པ་ཞིག་འབྲི་བ་ལ་ལོ་རྒྱུས་ཀྱི་རྒྱུ་ཆར་གྱུར་པའི་ཡི་གེ་རྙིང་པ་དང་། བདེན་དཔང་གི་གནའ་རྫས། མི་སྣའི་བྱུང་ཡུལ་དངོས་ལ་འཚོལ་ཞིབ་བྱེད་དགོས་པ་ལས་དཔེ་ཐོག་གི་སྐད་ཆ་ཁོ་ནས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་དེ་ཉིད་ཀྱི་འཁྲུངས་གཞིས་དང་།
དོན་རྐྱེན་དང་མཛད་རིམ་སོགས་མཐའ་དག་པར་དཔོག་ཐུབ་པ་མིན་སྟབས་ཁོ་བོས་ཀྱང་ལོ་རྒྱུས་ཆོས་འབྱུང་དང་། དེབ་ཐེར། གཏེར་ཡིག ད་དུང་བློན་ཆེན་སྟག་སྒྲ་ཀླུ་གོང་ལ་བཞེངས་པའི་རྩེ་ཞོལ་ཀྱི་རྡོ་རིང་ངོས་ཀྱི་བཀའ་གཙིགས་ཀྱི་ཡི་གེ་དག་ལ་དཔྱད་ཞིབ་གང་ཐུབ་བྱས་ནའང་ངན་ལམ་སྟག་སྒྲ་ཀླུ་གོང་གི་མཛད་རྗེས་ཟུར་ཙམ་མ་གཏོགས་དཔའ་མཛངས་ཀྱི་བྱུང་བ་ཡོད་ཚད་བསྔོག་མི་ཐུབ་པ་སྨོས་མེད་རེད། དེ་ལས་སྤྱིར་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དེབ་ཐེར་ཕལ་མོ་ཆེ་ནི་ལྷ་སྒྲུང་གི་རྣམ་པ་ཤས་ཆེ་བས་ཡིད་རྟོན་འཕེལ་བའི་དོན་དངོས་ཀྱི་བཤད་པ་ནི་ཧ་ཅང་ཉུང་། དེ་བས་རང་ངོས་ནས་དཔྱད་རྩོམ་འདི་ཉིད་བློན་ཆེན་སྟག་སྒྲ་ཀླུ་གོང་གི་མཛངས་པའི་ལོ་རྒྱུས་དངོས་ལ་ཉེ་བར་བཅར་འདོད་པ་དང་ལྷག་པར་དེ་སྔོན་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་། དེབ་ཐེར། བརྙན་ཕབ། ངག་རྒྱུན་སོགས་ལས་མཐོང་བ་ལྟར་ན་ངན་ལམ་སྟག་སྒྲ་ཀླུ་གོང་དང་མ་ཞང་གྲོམ་པ་སྐྱེས་སོགས་ནི། བོད་ཀྱི་ལོ་རྒྱུས་ཐོག་བན་བོན་དཀྲུག་མཁན་དང་ཆོས་ལ་མི་དགའ་བའི་བློན་པོ་ཐ་ཤལ་དང་མ་རུང་བའི་གྲས་སུ་བརྩིས་ཡོད་ལ། དེ་ནི་བན་བོན་ཆོས་ལུགས་གྲུབ་མཐའི་ཕྱོགས་ལྷུང་གིས་དབང་དུ་སོང་ནས་བློན་ཆེན་སྟག་སྒྲ་ཀླུ་གོང་གི་སྐུ་ཚེའི་ལོ་རྒྱུས་དངོས་དང་མཐུན་པའི་དཔའ་མཛངས་ཀྱི་བྱུང་བ་དག་ལེགས་པར་མ་རྟོགས་པའམ་ཆོས་ལུགས་དང་གྲུབ་མཐའི་ཞེན་འཛིན་གྱིས་ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་ཡང་དག་སྨྲ་བར་མ་འདོད་པས་ཡིན་པ་རེད། དེ་བས་ད་ཐེངས་ཁོ་བོས་གླེང་བར་འདོད་པ་ནི་དེ་སྔོན་ཆོས་འབྱུང་དེབ་ཐེར་ཁག་ཏུ་འཁོད་པའི་ལྷ་སྒྲུང་དག་ལ་ལེགས་བཅོས་དང་ཡོ་བསྲང་བྱ་ཆེད་ཏུན་ཧོང་གཏེར་ཡིག་དང་ཞོལ་རྡོ་རིང་ངོས་ཀྱི་བཀའ་གཙིགས་ཀྱི་ཡི་གེ རྒྱའི་ཡིག་ཚང་དུ་འཁོད་པའི་དོན་རྐྱེན་འགའ་ཞིག་དང་བཅས་ཚིག་ཉུང་དོན་བསྡུས་ཀྱི་ལུགས་སུ་བྱས་ཏེ་བློན་ཆེན་ཁོང་གི་མཛངས་དཀྱེལ་གྱི་ལོ་རྒྱུས་དངོས་མའི་རང་བཞིན་ལེགས་པར་བརྗོད་པའི་ཁུལ་ཡིན་པ་ལགས།
བློན་ཆེན་པོ་ངན་ལམ་སྟག་སྒྲ་གླུ་གོང་།
སྟག་སྒྲ་ཀླུ་གོང་གི་མཚན་གྱི་འབྲི་སྲོལ་སྐོར།
སྤྱིར་ན་བློན་ཆེན་སྟག་སྒྲ་ཀླུ་གོང་གི་ལོ་རྒྱུས་ཐུང་ངུ་རེ་དྲྭ་ཚིགས་སུ་མཐོང་རྒྱུ་འདུག་སྟེ་ཆེས་ཞིབ་ཕྲའི་དཔེ་ཆ་ནི་ཡོད་ཚོད་མི་འདུག 《བུ་བཞི་དོན་འགྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས》ལས“ལོ་རྒྱུས་དངོས་ཁྲོད་ཀྱི་ངན་ལམ་སྟག་སྒྲ་ཀླུ་གོང”ཞེས་པ་དེར་ཡག་པོ་ཞིག་མཐོང་བས་སྟག་སྒྲ་ཀླུ་གོང་གི་འཁྲུངས་ཡུལ་དང་། ཡབ། རུས། མིང་བརྡའི་འབྲི་སྲོལ་སོགས་ཡག་པོ་བྲིས་འདུག་སྙམ། ཁོ་བོས་མཐོང་ལམ་ནས་སྟག་སྒྲ་ཀླུ་གོང་གི་མཚན་གྱི་འབྲི་སྲོལ་ནི། སྟག་སྒྲ་ཀླུ་གོང་དང་སྟག་ར་ཀླུ་གོང་། རྟ་ར་ཀླུ་གོང་། ཏ་ར་ཀླུ་གོང་། སྟག་སྒྲ་ཀླུ་ཁོང་སོགས་འབྲི་སྲོལ་འགའ་ཞིག་མཆིས། དེ་ཚོ་རེ་རེ་བཞིན་དུ་དཔེ་ཆ་རྣམས་ཐོད་གཏུག་ཏེ་གོང་སྒྲིག་དུས་མིང་རྣམས་འབྲི་སྲོལ་མི་འདྲ་བས་དོན་གཅིག་ཡིན་པ་གསལ་བོ་རེད་འདུག དཔེར་ན། 《ཆོས་འབྱུང་མཁས་པའི་དགའ་སྟོན》གྱི་ནང་དུ་མིང་འབྲི་སྲོལ་གཉིས་བྱུང་འདུག་པ་ནི་ཏ་ར་ཀླུ་གོང་དང་སྟག་སྒྲ་ཀླུ་གོང་། ཞེས་དང་། 《བཀའ་ཐང་སྡེ་ལྔ》ལས་རྟ་ར་ཀླུ་གོང་། 《སྦ་བཞེད》ལས་རྟ་ར་ཀླུ་གོང་དང་སྟག་ར་ཀླུ་གོང་། སྟག་སྒྲ་ཀླུ་གོང་བཅས་གསུམ་དང་། 《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ》གྱི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་དོན་རྐྱེན་གནད་བསྡུས་ལས། བློན་སྟག་སྒྲ་ཞེས་དང་། ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་ཀྱི་ཡིག་ཕྲེང༥༨ལས། ངན་ལམ་ཀླུ་ཁོང་། བྱང་ངོས་ཀྱི་གཙིགས་ཡིག་ལས། བློན་སྟག་སྒྲ་ཀླུ་ཁོང་ཞེས་འབྱུང་།

སྟག་སྒྲ་ཀླུ་གོང་གི་འཁྲུངས་གཞིས་དེང་དུས་འཕན་ཡུལ་གྱི་བཀོད་པ།
སྟག་སྒྲ་ཀླུ་གོང་འཁྲུངས་ཡུལ་སྐོར།
《བུ་བཞི་དོན་འགྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས》ལས《ལོ་རྒྱུས་དངོས་ཁྲོད་ཀྱི་ངན་ལམ་སྟག་སྒྲ་ཀླུ་གོང》ཞེས་པ་ལས།“ངན་ལམ་སྟག་སྒྲ་ཀླུ་གོང་གི་འཁྲུངས་ཡུལ་ནི་ལྷ་སའི་བྱང་ཕྱོགས་འཕན་ཡུལ་ཡིན་པ་ངོས་འཛིན་གནངས་འདུག ངན་ལམ་གྱི་རུས་རྒྱུད་འདི་གནའ་བོའི་ཡུལ་ངས་པོ་ཟེར་བ་གནམ་རི་སྲོང་བཙན་སྐབས་སུ་འཕན་པོར་སྤོས་པའི་ཡུལ་གྱི་ལྟེ་བ“ངས་པོ་ཁྲ་གསུམ”དང“ངས་པོ་ཁྲ་སྣ” ཟེར་བའི་གནས་དེ་གའི་རུས་ཆེན་རྙིང་པ་ཞིག་ཡིན། ཕ་ངན་ལམ་ཟླ་གོང་ཟེར་བ་རྡོ་རིང་དུ་གསལ།”ཞེས་བྱ། སྤྱིར་འཕན་པོའི་ཡུལ་འདི་ངན་ལམ་སོགས་བློན་ཆེན་དག་གི་འཁྲུལ་ཡུལ་ཡིན་པར་བཤད་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་སད་མི་བདུན་རབ་ཏུ་བྱུང་བའི་ནང་ནས་ངན་ལམ་རྒྱལ་བ་མཆོག་དབྱངས་སད་མའི་བདུན་པོའི་ཡ་གྱལ་ཡིན།
བཙན་པོའི་སྐབས་ཀྱི་རུས་མིང་སྐོར།
བཙན་པོའི་དུས་སྐབས་སུ་བློན་ཆེན་དང་ཁྱིམ་རྒྱུད་ཆེ་ཁག་ཡབ་འབངས་ཡུམ་འབངས་བཅས་ཀྱི་རུས་མིང་ནི།“མྱང་། མགར། ཞང་། དབས། སྙ་ཤུར། ཁྱུང་པོ། ངན་ལམ། ཤུད་པུ། སྣ་ནམ། འབྲོམ། ལྷ་ལུང་། ཅོག་རོ། པ་ཙབ། ཁུ། འབྲོ། རླང་། བྲན་ཀ སྣ་ནམ། ཏོང་། ཉི་བ། གནང་། ལང་གྲོ། རྩེ། ཞ་སྔ། ཁར་བ། གནང་། སྦྲང་། རྔོག མཆིམས། མནོན། ཚེས་པོང་། འགོས། བྱ། ལོ་ངམ། ལྷམ་པ། ར་ག མཁར་པ། གནུབས། གཉགས།”སོགས་བཙན་པོའི་ཆབ་སྲིད་ཁྲོད་གོ་ཐོབ་མཐོན་པོ་བཟུང་མྱོང་བའི་རུས་རྒྱུད་ཁག་ཡིན་ལ་ད་དུང་གཞན་ཡང་མང་པོ་ཞིག་ཡོད།
ཆོས་འབྱུང་དེབ་ཐེར་ཁག་ཏུ་འཁོད་པའི་སྟག་སྒྲ་ཀླུ་གོང་སྐོར།
《ཐང་ཡིག་སྡེ་ལྔ》ལས“ཁྲི་སྲོང་ལྡེ་བཙན་སྐབས་སུ་བན་བོན་རྩོད་པ་ན། །བློན་པོ་ངན་ལམ་རྟ་ར་ཀླུ་གོང་གིས། །རྣམ་པར་དག་པ་བོན་གྱི་ཁ་བཟུང་ནས། །བོན་བཟུང་བསྟན་པ་གསེར་གྱི་སྔོན་པོ་ལྔ། །རང་གིས་མྱོང་བ་གཞན་ལ་སྤེལ་བའི་བློན། །”ཞེས་དང་།“ངན་ལམ་རྟ་ར་ཀླུ་གོང་འདི། །འབྲི་གུང་སྐྱིར་རའི་ཕྱོགས་སུ་འབྱུང་། །ཀུན་དགའི་མིང་ཅན་དད་པ་ཅན། །དེ་དུས་བསྟན་པའི་ཁ་འཛིན་བྱེད། །”ཅེས་ཤོག་ངོས༤༥༣དང༤༥༧ལས་གསལ།
《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “སྟག་སྒྲ་ཀླུ་གོང་ལ་སོགས་དམག་དཔུང་གིས། །ཧོར་གྱི་སྒོམ་གྲྭ་བཅོམས་ནས་རྟེན་རྣམས་ཁྱེར། །ཨོ་རྒྱན་ཆེན་པོ་ཕྱག་རྡོར་དངོས་སུ་བཞེངས། །རྒྱལ་ཆེན་རྣམ་སྲས་བྲན་དུ་བཀོལ་ན་ནི། །དེ་ཡིས་གནོད་སྦྱིན་དམག་དཔུང་ཀུན་བསྐུལ་ཏེ། །ལྷ་ཡི་དགེ་བསྙེན་བདུད་ཀྱི་དམག་དཔུང་ཆེ། །སྡེ་བརྒྱད་དབང་བྱེད་སྐྱེ་འགྲོ་དབུགས་ལེན་པ། །བེ་ཧར་རྒྱལ་པོ་ལས་མཁན་བཅས་པ་བཀུག །དམ་ལ་བཏགས་ཏེ་ཆོས་འཁོར་གཉེར་དུ་གཏད། །”ཅེས་བྱ། རྒྱལ་པོའི་ངན་ལམ་ཏ་ར་ཀླུ་གོང་དམག་དཔོན་དུ་བསྐོས་པས་ཧོར་གྱིས་སྒོམ་གྲྭ་བཅོམ་ཞིང་རྟེན་རྫས་དང་ཡོ་བྱད་ཐམས་ཅད་ཁྱེར་བ་དང་སློབ་དཔོན་ཆེན་པོ་པདྨས་ཕྱག་རྡོར་གྱི་ཏིང་ངེ་འཛིན་མཛད་ནས་རྣམ་སྲས་འཁོར་བཅས་ཀྱི་དམག་གིས་བཀུམས་ཏེ་པེ་ཧར་དཀོར་མཛོད་གླིང་གི་ལྕོག་ཏུ་རྟེན་བཙུགས་དམ་ལ་བཏགས་ཏེ་བསམ་ཡས་སྤྱིའི་བཀའ་སྲུང་དུ་བསྐོས། ཤོག་ངོས༡༧༥དང༡༨༥ལས་གསལ།
《དུང་དཀར་ཚིག་མཛོད་ཆེན་མོ》ལས“རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སློབ་དཔོན་ཆེན་པོ་པདྨས་བཀའ་གནང་བ་ལྟར་ལྷ་སྲས་མུ་རུག་བཙན་པོ་དམག་དཔོན་དུ་བསྐོས་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ཏེ་དེའི་ནོར་རྣམས་དྲངས་པའི་རྗེས་སུ་རྒྱལ་པོ་པེ་ཧར་འབྲངས་ཏེ་འོངས་པ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས་པ་སོགས་ཀྱི་ལོ་རྒྱུས《བཀའ་ཐང》གི་ནང་དུ་གསལ་བ་དེ་ཡིན།”ཞེས་གསུངས་འདུག་པས་བཙན་པོ་ཁྲི་སྲུང་ལྡེ་བཙན་གྱིས་སྐུ་རིང་ལ་དགུང་བློན་དང་དམག་སྤྱི་ཆེན་མོ་སྟག་སྒྲ་ཀླུ་གོང་ཡིན་པས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་མཁན་སྟག་སྒྲ་ཀླུ་གོང་ཡིན་པ་གོང་གི་ཆོས་འབྱུང་མཁས་དགའ་ལས་གསལ་བ་ལྟར་རོ། །《དུང་དཀར་ཚིག་མཛོད་ཆེན་མོ》ལས“རྒྱལ་པོ་དང་ཆོས་ལ་དགའ་བའི་བློན་པོ་རྣམས་གྲོས་མཛད་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་དང་སྟག་ར་ཀླུ་གོང་འཕན་པོར་རྒྱལ་པོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་ཅེས་ལོ་རྒྱུས་ཡིག་ཚང་དུ་གསལ།”ཞེས་དང་།“ཡང་བློན་ཆེན་མགོས་ཀྱིས་ཐབས་བཏོན་ནས་ཆོས་ལ་གནག་པའི་བློན་པོ་མ་ཞང་གྲོམ་པ་སྐྱེས་ཚར་བཅད་དེ་བོད་དུ་སངས་རྒྱས་ཀྱི་བསྟན་པ་བཙུགས་ཤིང་སྤེལ་བ་ལ་མི་ཉམས་པའི་བྱས་རྗེས་འཇོག་གནང་མཛད།”ཅེས་སྟག་སྒྲ་ཀླུ་གོང་རྒྱལ་པོའི་སྐུ་གླུད་དུ་བརྫངས་ཞེས་པའི་དོན་ནི་བྱང་དུ་རྒྱང་ཕུད་བཏང་བའི་དོན་དེ་མིན་ནམ་སྙམ།
《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས“ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་གསུམ་ལ་སོན་པའི་སྐབས་ཏེ། སྤྱི་ལོ༧༥༤ལོ་བོད་ཤིང་རྟ་ལོར་བློན་པོ་དབལ་སྐྱེས་བཟང་ལྡོང་ཙབ་དང་། ལང་མྱེས་གཟིགས་ཟེར་བ་གཉིས་བློ་ལོག་སྟེ་བཙན་པོ་ཡབ་ཁྲི་ལྡེ་གཙུག་བཙན་ལྐོག་ཏུ་བཀྲོངས་ནས་སྲིད་འགྱུར་སློང་རྩིས་བྱས་པ་དང་། ཚུལ་དེ་བློན་པོ་སྟག་སྒྲ་ཀླུ་གོང་གིས་རྟོགས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྙན་དུ་སྒྲོན་སྟབས་ཡབ་བཀྲོངས་པའི་ལོ་ཕྱི་མ་སྟེ། སྤྱི་ལོ༧༥༥བོད་ཤིང་ལུག་ལོར་ཡབ་ཀྱི་སྐུ་ལ་བརྡོ་བའི་ལག་དམར་བ་རྣམས་དམག་དཔུང་གིས་ཆམ་ལ་ཕབ”ཅེས་ཤོག་ངོས༥༥ལས་གསལ།
《སྦ་བཞེད་ཞབས་བཏགས་མ》ལས“བོ་དྷི་ས་ཏྭའི་ཞལ་ནས་རྒྱལ་ཁམས་གཅིག་ལ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་ཆེ། འོ་ཅག་རྩོད་པ་བྱ་ལ། ཁྱེད་རྒྱལ་ན་བོན་སྤེལ། ང་ཡར་འགྲོ། ཆོས་རྒྱལ་ན་བོན་བསྣུབ་ལ་དམ་པའི་ཆོས་བྱ་གསུངས། བོན་དང་ཆོས་འགྲན་པར་ཆད་པས་དཔང་པོ་མེད།”ཅེས་དང་། ཡང་གཤེན་ཆེད་དུ་རྟ་དང་སྲོག་ཆགས་གསོད་པ་དང་། དངོས་སུ་ཤ་མི་ཟ་བར་ཆད། བོན་གྱི་དཔེ་ཀུན་ཆུ་ལ་བསྐྱུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན། ཞེས་གསལ། གཤེན་ཆེད་ཟེར་ན་གཤེན་པོ་དུར་འཇུག་བྱེད་དུས་སྲོག་ཆགས་དང་རྟ་སོགས་གསོན་པོ་དུར་དུ་སྦས་དགོས་དོན་ཡིན་པས་བཙན་པོའི་སྐབས་སུ་དུར་འཇུག་བྱེད་སྐབས་སྲོག་ཆགས་དུར་དུ་སྦས་དགོས་པའི་སྲོལ་རྒྱུན་ནི་ཡ་ཐོག་བོན་གྱི་ཆོས་ལུགས་ཡིན། 《སྦ་བཞེད་ཞབས་བཏགས་མ》ལས“བློན་རྟ་ར་ཀླུ་གོང་ཆོས་ལ་གནག་པས་སྦ་ལྕག་ས་ལ་བརྡབས་ཏེ། ལྷ་ཁང་བརྩིག་པ་དེ་ཆོས་ཡིན་པས་ང་མྱི་དགའ། ང་རང་བོན་བྱ་ཟེར་བས། རྗེའི་ཞལ་ནས་ངའི་བཀའ་བཅོག་པ་ཁྱོད་ཀྱིས་རྟ་ར་བྱང་དུ་སྤྱུགས་ཤིག་ཅེས་པ་དང་། འབངས་སྒབ་མི་གཉིས་ཀྱིས་རྩྭ་ཐག་བཏགས་ཏེ། ཚེར་ལྕག་གིས་བྲབས་བྱང་དུ་སྤྱུགས། དེ་ལ་ཀུན་བྲེད་ནས་ཅང་མི་ཟེར།”ཞེས་བྱ། གོང་དུ་ཞུས་པ་ལྟར་བོ་དྷི་ས་ཏྭ་ལ་སོགས་བན་གྱི་ཆོས་ལུགས་མི་སྣའི་གཡོ་ཐབས་ལ་བརྟེན་ནས་རྒྱལ་པོ་བསླུས་ཤིང་། བློན་པོ་མཛད་རྗེས་ཆེ་བ་མ་ཞང་ཁྲོམ་པ་སྐྱེས་གསོན་དུར་ལ་སྦས་པ་དང་དགུང་བློན་སྟག་སྒྲ་ཀླུ་གོང་ཡང་རྒྱང་ཕུད་བཏངས་བའི་ལོ་རྒྱུས་འདི་ཡིན་པ་རེད། འཕྲུལ་དེབ་ཤོག་ངོས༣༥དང༤༠གསལ།
《རྒྱ་བོད་ཡིག་ཚང་ཆེན་མོ》ལས“ཞང་རྗེ་རྒྱལ141གཟིགས་དང་། སྟག་སྒྲ་ཀླུ་གོང་གིས་ཕྱིའི་དགྲ་བརྟུལ། རྒྱ་བཀྲ་ཤིས་ཁྲི་སྒོ་ཕབ་པ་ལ་སོགས་ཀྱི་ལོ་རྒྱུས། ཕྱིའི་རྡོ་རིང་ལ་བྲིས་ཡོད་དོ།།”ཅེས་ཤོག་ངོས༡༩༨ལས་གསལ།
《སྦ་བཞེད་ཞབས་བཏགས་མ》ལས“དེའི་ཕྱི་ལོ་ཆུ་མོ་ཡོས༧༦༣ལོར་ཞང་མཆིམས་རྒྱལ་གཟིགས་དང་སྟག་སྒྲ་ཀླུ་གོང་གིས་བོད་དམག་ཁྲིད་དེ་ཁྲང་ཨན་བླངས”ཞེས་འཕྲུལ་དེབ་ཤོག་ངོས༡༢༤ལས་གསལ། ཞོལ་རྡོ་རིང་ཕྱི་མ།

སྟག་སྒྲ་ཀླུ་གོང་ལ་བཞེངས་པའི་རྡོ་རིང་སྔ་ཕྱི་གསུམ་གྱི་སྐོར།
དེ་ཡང་ངན་ལམ་སྟག་སྒྲ་ཀླུ་གོང་ལ་བཞེངས་པའི་རྩེ་ཞོལ་གྱི་མདུན་ཐང་དུ་དཀྲོང་ངེར་འགྱིངས་བའི་རྡོ་རིང་དེ། སྤུ་རྒྱལ་གདུང་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྤྱི་ལོ༧༦༣ལོར་ཡས་མས་ལ་དམག་དཔོན་སྟག་སྒྲ་ཀླུ་གོང་གིས་དཔའ་མཛངས་ལ་གཟེངས་བསྟོད་དུ་བཞེངས་པའི་རྡོ་རིང་དང་པོ་དེ་ཡིན། སྤྱིར་བློན་ཆེན་སྟག་སྒྲ་ཀླུ་གོང་གི་སྐུ་ཚེའི་མཛད་རྗེས་སྟོད་སྨད་བར་གསུམ་ལ་གནང་བའི་རྡོ་རིང་གསུམ་ཡོད།

དེ་ནི་ཞོལ་རྡོ་རིང་ཕྱི་མ་དང་། ཞོལ་རྡོ་རིང་ནང་མ།
ནང་མ། རྡོ་རིང་གཤོག་པ་ཅན་གསུམ་ཡིན། དང་པོ། ད་ལྟའི་ཞོལ་རྡོ་རིང་ཕྱི་ནང་འདི་གཉིས་ལྷ་སའི་བྱང་ཤར་མཚམས་སུ་སྤྱི་ལེ༢༠ལྷག་ཀྲི་ཞེས་པའི་ལུང་པ་སྟག་སྒྲའི་བང་སོ་ཡོད་སའི་གནས་དེར་ཡོད། ལུང་པ་འདིའི་མིང་ལ་དིང་དུས་ཀྲི་ཞེས་འབོད་ཀྱང་ཡིག་རྙིང་རྣམས་སུ་ངན་ལམ་སྲི་ཞེས་བྲིས་ཡོད་ཅེས་བཤད་འདུག ལུང་པ་འདི་ནི་བོད་བཙན་པོའི་སྐབས་ཀྱི་ངན་ལམ་སྟོང་སྡེའི་ཁུལ་ཡིན། ཕྱིས་སུ་རྡོ་རིང་དེ་སྤྱི་ལོ༡༦༩༠ལོ་ཡས་མས་ཙམ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཞེངས་གྲུབ་རྗེས་རྩེ་ཞོལ་དུ་སྤོས་ནས་བཙུགས་པ་དང་། ཡང་སྤྱི་ལོ༡༩༨༠ལོའི་རྗེས་ཙམ་ལ་ཕོ་བྲང་པོ་ཏ་ལའི་མདུན་ཐང་རྒྱ་བསྐྱེད་དང་གསར་སྐྲུན་བྱེད་སྐབས། རྡོ་རིང་དེ་ཤར་ཕྱོགས་ཀྱི་རྨིས༧༠ཙམ་གྱི་སར་སྤོས་འཛུགས་བྱས་ཤིང་ལྕགས་རི་བསྐྲུན་ཏེ་ད་ལྟའི་གནས་དེར་བསླངས་ཡོད་པ་དེ་ཡིན། རྡོ་རིང་འདིའི་མཐོ་ཚད་ལ་ཧ་ལམ་རྨིད༦ཙམ་དང་། ཞེང་ལ་ཆ་སྙོམས་རྨིད༠.༤༠ཡས་མས་ཡོད་ལ། ཤར་ལྷོ་བྱང་གི་ངོས་གསུམ་པོར་ཡི་གེ་བརྐོས་ཡོད་ཅིང་། བྱང་ངོས་སུ་ཡིག་ཕྲེང༦༨དང་ཡིག་འབྲུ༥༣༢དང་། ཤར་ངོས་སུ་ཡིག་ཕྲེང༡༦དང་ཡིག་འབྲུ༦༣ལྷོ་ངོས་སུ་ཡིག་ཕྲེ༧༤དང་ཡིག་འབྲུ༥༣༢བཅས་མཆིས། ཞོལ་རྡོ་རིང་ཕྱི་མ་འདི་ལ་ལོགས་བཞི་ཡོད། ཤར། ལྷོ། ནུབ། བྱང་བཅས་བཞི་དང་བྱང་ངོས་སུ་ཡི་གེ་མེད། ཞབས་སྟེགས་རྡོ་བརྩིག་བང་རིམ་གསུམ། རྩེ་མོར་ཆར་ཁེབས་གྲུ་བཞི་བང་རིམ་ཅན་ཏོག་དང་བཅས་པ་དེའི་ངོས་སུ་བཙན་པོས་བློན་པོ་སྟག་སྒྲ་ཀླུ་ཁོང་ལ་གནང་བའི་བཀའ་གཙིགས་ཞལ་བཞེས་ཡིན་ནོ། །
ཕོ་བྲང་པོ་ཏ་ལའི་ཞོལ་ན་རྡོ་རིང་གཉིས་ཡོད་པ་ལས་རྡོ་རིང་འདི་ནི་ཕྱི་མ་དེ་ཡིན་པས་ད་ལྟ་པོ་ཏ་ལའི་ཞོལ་རྡོ་རིང་ཕྱི་མ་ཞེས་འབོད་ཀྱིན་ཡོད།

རྡོ་རིང་གཤོག་པ་ཅན།
ཞོལ་རྡོ་རིང་ནང་མ་དང་རྡོ་རིང་གཤོག་པ་ཅན་གཉིས་ལ་བཀའ་གཙིགས་ཀྱི་ཡི་གེ་མཇུག་སྐྱོང་མ་ཐུབ་པར་བཤད། ཞོལ་རྡོ་རིང་ཕྱི་མའི་ངོས་ཀྱི་བཀའ་གཙིགས་ལ་བློན་ཆེན་ཁོང་གི་མཛད་བྱང་སྔ་ཕྱི་གསུམ་ཡོད་པ་རྡོ་རིང་ཕྱི་མའི་ངོས་སུ་བརྐོས་པར་བཤད་ཡོད།

བློན་ཆེན་སྟག་སྒྲ་ཀླུ་གོང་གི་བང་སོ།
སྟག་སྒྲ་ཀླུ་གོང་བང་སོ་དང་རྡོ་རིང་གསུམ་འབྲེལ་བའི་སྐོར།
ངན་ལམ་ཁྱིམ་རྒྱུད་ལས་སྐྱེས་པའི་བློན་ཆེན་སྟག་སྒྲ་ཀླུ་གོང་རུས་ངན་ལམ་ཡིན་ཞིང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་བློན་ཆེན་སྟག་སྒྲ་ཀླུ་གོང་ནི་དཔའ་མཛངས་ཟུང་ལྡན་ཡིན་པས་བཀའ་ཡི་བློན་ཆེན་པོ་དང་། ཤར་འདུལ་དམག་དཔོན་གྱི་གོ་ས་ཐོབ་ཞིང་དབུ་རུ་སྟོང་དཔོན་གྱིས་འགན་བཞེས། 《རྡོ་རིང་ཤར་ངོས་ཀྱི་གཙིགས་ཡིག》ལས“ནང་བློན་ཆེན་པོ་དང་ཡོ་གལ་འཆོས་པ་ཆེན་པོ། བཀའ་བསྩལད་ཀྱིས་ཀྱང་།” ཞེས་བྱ། དེང་གི་དབུས་ཀྱི་འཕན་ཡུལ་དང་། སྐྱིད་ཤོད་སྟག་རྩེ། ཚལ་གུང་ཐང་། མལ་གྲོའི་ཆ་ཤས་ལ་སོགས་པའི་ས་ཆ་སྟོང་སྡེའི་མངའ་ཁོངས་ཡིན་པར་བཤད། རྡོ་རིང་དེ་དང་ཐོག་ལྷ་སའི་ཤར་ངོས་སྟག་རྩེ་རྫོང་ཁོངས་སུ་གཏོགས་པ་ཀྲི་ཞེས་པའི་ཡུལ་གྲོང་དུ་བཙུགས། བང་སོ་ཡོད་སར་ལྷ་ས་ནས་སྤྱི་ལེ༢༠ལྷག་ཙམ་ཡོད། བང་སོའི་དབྱིབས་ལ་གྲུབ་བཞི་དང་རྒྱ་ཁྱོན་ལ་སྨིས་བརྒྱ་ལྷག་ཡོད། བང་སོའི་སྟེང་ནས་རྡོ་རིང་བྲུས་པའི་ཤུལ་ཆེན་པོ་ད་ལྟ་ཡང་དོད་ཡོད། དེ་ནི༡༦༩༠ཙམ་ནས་ཞོལ་རྡོ་རིང་ཕྱི་ནང་གཉིས་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཀའ་ཕབས་ནས་མི་ཉིས་བརྒྱ་ཙམ་གྱིས་ལྷ་སའི་རྩེ་ཞོལ་པོ་ཏ་ལའི་མདུན་ཐང་དུ་སྤོས་པ་ཡོངས་སུ་གྲགས། ཞོལ་རྡོ་རིང་འདི་ལ་སྟག་སྒྲ་ཀླུ་ཁོང་གི་བང་སོའི་རྡོ་རིང་ཞེས་ཟེར། འདིར་དམིགས་གསལ་ཞུ་བྱ་ལ། ངན་ལམ་སྟག་སྒྲ་ཀླུ་གོང་གི་བང་སོ་དང་རྡོ་རིང་འདི་གསུམ་ལ་ཞིབ་འཇུག་གནང་མཁན་ཚོས། ཞོལ་རྡོ་རིང་ཕྱི་ནང་གཉིས་ནི་ཡོངས་གྲགས་སུ་སྔོན་མ་སྟག་སྒྲའི་བང་སོའི་མདུན་དུ་བཞེངས་ཡོད་པ་དང་རྡོ་རིང་གཤོག་པ་ཅན་ཡང་བང་སོའི་མདུན་དུ་བཞེངས་རྒྱུ་ཡིན་པར་མཐའ་དཔྱོད་བྱས་ཡོད། ཀྲི་ཞེས་པའི་ལུང་པ་འདི་ངན་ལམ་སྟག་སྒྲ་གླུ་གོང་གིས་མཛད་རྗེས་ལ་གནང་བའི་བྲན་ཁྱིམ་དང་ཡུལ་གཞིས་ཡིན་པ་དང་། དེར་བརྟེན་ཁོང་གི་བང་སོ་དང་རྡོ་རིང་བཙུགས་སའི་ས་མལ་ད་ལྟ་དངོས་སུ་ངོས་འཛིན་རྒྱུ་ཡོད་པ་རྣམས་གནས་འདིར་བཞུགས་པ་ཡིན་པས་ད་ལྟའི་ལོ་རྒྱུས་སྨྲ་བའི་དཔྱད་འབྲས་དང་དཔང་པོ་རུ་གྱུར་ཡོད།
སྟག་སྒྲ་ཀླུ་གོང་ཁྱིམ་རྒྱུད་ལ་གནང་བའི་བཀའ་གཙིགས།
《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ》ལས“ཞོལ་རྡོ་རིང་བྱང་ངོས་ཀྱི་ཐིག་ཕྲེང༥ལས། བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་གྱི་ཞལ་སྔ་ནས་དབུ་སྙུང་གནང་སྟེ། བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་རྒྱུད་འཕེལད་ལ་ནམ་ནམ་ཞ་ཞར་དངུལ་གྱི་ཡི་གེ་ཆེན་པོ་གཅིག། ན(ནི)མྱྀ་དབབ་པར་གཡུང་དྲུང་། དུ་སྩལད་ཕར་གནང་ངོ། །”ཞེས་བྱ། བཀའ་འགྲེལ།“རྡོ་རིང་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ངན་ལམ་ཁྱིམ་རྒྱུད་ལ་དམིགས་སུ་བསྩལ་པའི་རྡོ་རིང་ཞིག་ཡིན་པ་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་བློན་པོ་སྟག་སྒྲའི་ཁྱིམ་རྒྱུད་ཀྱིས་ངོ་ལོག་བྱས་ཡོང་ན་ཡང་། མི་གཞན་དང་མི་འདྲ་བའི་མཛད་རྗེས་ཆེ་བས་ཉེས་པ་གཅོད་སའི་མི་གཅིག་མ་གཏོགས་ཁྱིམ་བརྒྱུད་ལ་སྐྱོན་མི་འདོགས་པའི་དབུ་སྙུང་བཞེས་པ་རེད།”ཤོག་ངོས༡༢༤ལས་གསལ།
སྟག་སྒྲ་ཀླུ་གོང་ལ་ཁྲི་སྲོང་ཡབ་ཀྱི་དུས་སུ་མཛད་རྗེས་བཀའ་གཙིགས།
《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ》ལས“ཞོལ་རྡོ་རིང་ལྷོ་ངོས་ཀྱི་ཐིག་ཕྲེང༡༦ལས། བཙན་པོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་ནི་དརད་དུ་ཉེ། བོད་མགོ་ནག་པོའི་སྲིད་ནྀ་འཁྲུག་དུ་བྱེད་པ་ལ། ཀླུ་ཁོང་གིས། དབལ་དང་། ལང་གློ་བ་རིངས་པའྀ་གཏམ་གཙིགས། བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་ཀྱི་སྙན་དུ་གསོལད་ནས་འབལ་དང་། ལང་གློ་བ་རིངས། བདེན་པར་གྱུརད་ཏེ། ཁོང་ཏ་ནྀ་བཀྱོན་ཕབ་སྟེ། ཀླུ་ཁོང་གློ་བ་ཉེའོ།།”ཞེས་དང་། རྡོ་རིང་ལྷོ་ངོས་ཐིག་ཕྲེང༢༡ལས།“བཙན་ཕོ་ཁྲྀ་ལྡེ་གཙུག་གྱྀ་རིང་ལའ། ངན་ལམ་ཀླུ་ཁོང་གིས། གློ་བ་ཉེ་བའི་རྗེ་བྱས་པ། འབལ་ལྡོང་ཙབ་དང་། ལང་མྱེས་ཟིགས། བློན་པོ་ཆེན་ཕོ་བྱེད་བྱེད་པ་ལས། གློ་བ་རིངས་ནས། བཙན་ཕོ་ཡབ་ཁྲི་ལྡེ་གཙུག་རྩན་གྱི་སྐུ་ལ་དརད་ཏེ་དགོང་དུ་གཤེགས་སོ། །”ཞེས་གསལ། བཀའ་འགྲེལ།“བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་བཙན་སྐུ་ལ་བརྡོ་བའི་བློན་པོ་དབལ་ལྡོང་ཙབ་དང་ལང་མྱེས་ཟིགས་གཉིས་ལ་བཀྱོན་ཕབ་ནས་བཙན་པོའི་རྒྱལ་སྲིད་ལ་སྡང་མཁན་རྣམས་ཞི་འཇགས་སུ་བཏང་ཞིང་བཙན་པོ་སྐུ་ན་ཕྲ་སྐབས་བཙན་པོའི་རྒྱབ་རི་ལྟར་བྱས་ནས་བཙན་པོའི་ཆབ་སྲིད་སྲ་བརྟན་དུ་བཏངས་ཤིང་མཛད་རྗེས་རླབས་པོ་ཆེ་བཞག”ཤོག་ངོས༡༢༩དང༡༢༤ལས་གསལ།

ཐང་བོད་རྒྱལ་བློན་མཇལ་འཛོམས་ཀྱི་སྣང་བརྙན།
སྟག་སྒྲ་ཀླུ་གོང་གཙོས་པའི་ཐང་བོད་ཀྱི་སྐོར།
《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ》ལས“ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་དོན་ཆེན་གནད་བསྡུས་ལས། ཞང་རྒྱལ་གཟིགས། དང་། བློན་སྟག་སྒྲ་དང་ཞང་སྟོང་རྩན་དང་བཙན་བ། ལས། སྩོགས་པས། ཀེང་ཤིར ༡༠ དྲ་མ་དྲང་སྟེ་ཀེ(ཀེང)ཤྀ་་་་་ཕབ། ། རྒྱ་རྗེ་བྲོས། ནས། རྒྱ་རྗེ་གསར་དུ་བཅུག༡༢ ཅེས་དང་། རྒྱ་རྗེ་བྲོས་ནས་རྒྱ་རྗེ་གསར་དུ་བཅུག་ཅེས་པ་འདི་ནི་སྟག་སྒྲ་ཀླུ་གོང་གིས་རྒྱལ་ས་ཁྲང་ཨན་ལ་སྤྱི་ལོ༧༦༣ལོའི་ཟླ་དགུ་པར་དམག་དྲངས་ནས་གོང་མ་ཐང་ཏའི་ཙུང་བྲོས་ཟོལ་དུ་སོང་། སྟག་སྒྲ་ཀླུ་ཁོང་སོགས་ཀྱིས་བོད་དང་འབྲེལ་བ་ཡོད་པའི་ཁྲེང་ཧུང་གོང་མ་ཞིག་ཁྲིར་བཀོད་པའི་དོན་ཡིན། “རྒྱ་རྗེ་ཀྭང་པེང་ཐང་ཡང་། ཀེང་ཤྀ་མཁར་ནས་ཕྱུང”ཞེས་པ་འདི་ཐང་གོང་མ་བྲོས་ཟོལ་དུ་སོང་བའི་དོན་ཡིན། ཤོག་ངོས༡༡༩ལས་གསལ། 《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ》ལས“ཞིང་མཆིམས་རྒྱལ་ཟྀགས་ཤུ་ཐེང་དང་། བློན་སྟག་སྒྲ་ཀླུ་གོང་གཉིས། བཀའ་སྩལ་ཏེ། ཀེང་ཤྀར་དྲངས་ནས། ། ཅིའུ་ཅིར༢༧གྱི་རབ་ངོགས་སུ་རྒྱ་དང་ཐབ་མོ་ཆེན་པོར་བྱས་ཏེ། བོད་གྱིས་གཡུ་ལ་བཟློག་ནས། རྒྱ་མང་པོ་བཧུངས་པས། ། རྒྱ་རྗེ་ཀྭང་པེང་ཝང་ཡང། ཀེང་ཤྀའི་མཁར་ནས་ཕྱུང་སྟེའ་སྴེམ་ཅི་འུར༢༨བྲོས་ནས། ཀེང་ཤྀ་ཕབ་སྟེ་རྒྱ་རྗེའྀ་ནང་བློན་འགྱེའུ་ན་ཀེང་ལས་སྩོགས་ཏེ་དོང་ཀྭན་༢༨དྔ་བོ་ཀན་ཡ་(ན་ཅད”ཅེས་ཤོག་ངོས༡༣༡དང་ཐིག་ཕྲེང༥༧ལས་གསལ།

རྒྱའི་ཡིག་ཚང་དུ་འཁོད་པའི་སྐོར།
《སྲིད་སྐྱོང་མེ་ལོང》ལས“ཐང་ཏའེ་ཙུང་གི་སྐབས། སྤྱི་ལོ༧༦༣ལོའི་ཟླ་དགུ་པ། ཚེས་དགུའི་ཉིན་བོད་དམག་ཁྲང་ཨན་མཁར་དུ་སླེབས། ཀའོ་ཧུའེ་དང་བོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲ་ཀླུ་ཁོང་སོགས་ཀྱིས་སྔོན་གྱི་པིན་ཝང་གི་ཆོ་ལོ་ཅན་ལི་ཧྲོའུ་ལིའི་ཚ་བོ་ཁྲེང་ཧུང་གོང་མའི་ཁྲིར་བཀོད། ཁྲི་ལོའི་མིང་བརྗེས། དཔོན་རིགས་ཆེ་འབྲིང་ཆུང་གསུམ་བསྐོས། སྔོན་གྱི་ཡིག་བློན་ཆེ་མི་ཡུས་ཁེ་ཧྥེང་སོགས་ཙའི་ཞང་བློན་པོར་བསྐོས། བོད་དམག་གིས་གཞུང་མཛོད་དང་དམངས་ཀྱི་རྒྱུ་ནོར་ཧམ་འཕྲོག་བྱས། དམངས་ཀྱི་སྡོད་ཁང་མེར་བསྲེགས། ཁྲང་ཨན་མཁར་ཅང་མེད་སྟོང་བར་བསྒྱུར།”ཞེས་བྱ།
མཇུག་གཏམ།
སྤྱི་ལོ༧༣༦ལོར་སྟག་སྒྲ་ཀླུ་གོང་གིས་བཙན་པོ་ཁྲི་ལྡེ་གཙུག་བཙན་སྐབས་ཀྱི་དམག་དཔོན་ཆེན་པོའི་འགན་ཁུར་ནས། ལི་ཡུལ་སོགས་ཕབ། ༧༥༥ལོར་བཙན་པོ་ཁྲི་ལྡེ་གཙུག་བཙན་བློན་ལང་འབལ་གཉིས་ཀྱིས་སྐུ་བཀྲོངས། སྐབས་དེ་དུས་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་བཞི་ལ་སོན་ཡོད། བཙན་པོ་ཁྲི་སྲོང་དགུང་ལོ་བཅུ་གསུམ་སྟེང་ནས་སྲིད་ཁྲིར་མི་ཕེབས་ཀ་མེད་ཡིན་སྐབས་བཙན་པོ་སྐུ་ན་ཕྲ་བས་ཡབ་ཁྲི་ལྡེ་གཙུག་བཙན་དགྲོང་མཁན་གྱི་ལག་དམར་བློན་པོ་ལང་དབལ་གཉིས་ལ་གཉའ་ཕབ་ནས་འབངས་ཡོངས་ཀྱི་ཟིང་ལོང་ཞོད་འཇགས་སུ་བཏང་། བློན་སྟག་སྒྲ་ཀླུ་གོང་སོགས་ཀྱིས་སྤྱི་ལོ༧༥༥ལོར་དམག་དྲངས་ནས་ཙོང་ཁ་ཆེ་ཆུང་ཚང་མ་བཙན་པོའི་མངའ་འོག་ཏུ་བླངས། སྤྱི་ལོ༧༥༥ལོར་ཐང་བོད་ཀྱི་ཞི་གྲོས་བྱས་ནས་ཕན་ཚུན་དམག་མི་འདྲེན་རྒྱུ་ཆིངས་ཡིག་བཞག་པ་དང་རྒྱ་ནག་ཐང་རྒྱལ་ཁབ་ནས་བོད་ལ་ལོ་རེར་དཔྱ་ཁྲལ་དར་ཡུག་ཁྲི་ལྔ་རེ་འཇལ་རྒྱུ་གཏན་ཁེལ་བྱས། སྤྱི་ལོ༧༦༣ལོའི་ཟླ་བཅུ་བར་མཆིམས་རྒྱལ་གཟིགས་དང་མཉམ་དུ་དམག་འབུམ་གཉིས་ཁྲིད་རྒྱལ་མཚམས་རྒྱ་བསྐྱེད་དེ་རྒྱལ་ས་ཁྲང་ཨན་ཕབ་ཞིང་གོང་མ་ཐང་ཐེ་ཙོང་ཡང་བྲོས། སྤྱི་ལོ༧༦༣ལོར་ཐང་གི་གོང་མ་སྐུ་འདས་ནས་གོང་མ་གསར་པ་བསྐོ་བཞག་བྱས། བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམས་ཏེ་རྟེན་རྣམས་ཁྱེར། རྒྱ་གར་ཆུ་བོ་གངྒའི་འགྲམ་དུ་རྡོ་རིང་བཙུགས་པ་སོགས་དེབ་དཀར་ལས་གསལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ《དེབ་ཐེར་དཀར་པོ》ལས“དེའི་ཕྱིར་ཆེས་མངོན་ཅན་གྱི་བྱུང་བ་དཔེར་ན། བོད་དམག་རྒྱ་གར་དུ་སླེབས་ཏེ། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་ས་ཀཱནྱཀུབྫ་བཟུང་ཞིང་། རྒྱལ་པོ་སྲིད་སྒྲུབ་བཙོན་དུ་བཅུག་སྟེ། གྲོང་ཆེ་ཆུང་བརྒྱ་དང་བརྒྱད་བཅུ་བོད་ཀྱི་ཆབ་འབངས་སུ་ཆུད་པ་དང་། བལ་ཡུལ་ནི་དེའི་གོང་སྔ་མོ་ཞིག་ནས་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མི་རབས་གཅིག་ལྷག་ཙམ་དེ་མུས་སུ་བསྡད་པ་དང་། རྒྱ་ནག་རི་བོ་རྩེ་ལྔ་ལས་ཀྱང་བརྒལ་ནས་བོད་ཀྱི་དཔུང་ཆེན་སླེབས་ཏེ། གོང་མ་རང་ཡང་ལན་གཅིག་ཁྲི་ལས་ཕབ་པ་དང། དེ་མཚུངས་གྲུ་གུ་དང་ལི་ཡུལ་དང་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས། བདེན་པ་ར་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་བརྗེད་དུ་འཕང་བ་འདི་འདྲ་དག་ཀྱང་། ཐ་ན་ཕྱི་རྒྱལ་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཡང་ཁྱབ་བརྡལ་དུ་གྲགས་མོད་ཀྱི།”ཞེས་དང་། “སླར་ཡང་ཁྲི་སྲོང་གི་དུས་སུ་བསམ་ཡས་མཆོད་རྟེན་དཀར་པོའི་ནང་རྫོངས་སུ་རིང་བསྲེལ་སྤྱན་འདྲེན་པ་སོགས་ཀྱི་ཆེད་དུ་མགངྷ་ལ་བོད་དམག་དྲངས་ཚུལ་རྦ་བཞེད་དུ་གསུངས་ཏེ། “ཞེས་དང་། “གངྒཱའི་འགྲམ་དུ་བོད་ཀྱི་མི་བསྐོས་ནས། འདི་ཚུན་ཆད་བོད་ཀྱི་ས་བཅད་ཡིན་པས་རྡོ་རིང་གྱིས་ཤིག་ཅེས་བཀའ་སྩལ་པ་བཞིན་བྱེ་ཁུང་དུ་ལྕགས་ཀྱི་ཀ་བ་བཙུགས་ཏེ། ཕྱིས་བྲུ་ཤའི་དམག་གིས་དེ་བཤིག་པས། མ་ཞིག་པར་མེ་ལ་བཞུས་པའི་འཕྲོ་ཡོད་དོ། །”ཅེས་གསུངས་ཤིང་བཙན་པོའི་གདུང་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སུ་མཐོ་བོད་བཙན་པོའི་མངའ་ཐང་དར་རྒྱས་འཕེལ་བའི་རྩེ་མོར་བསླེབས་ཤིང《ཆོས་འབྱུང་མཁས་དགའ》ལས“ཁྲི་སྲོང་ལྡེ་བཙན་གྱིས་འཛམ་གླིང་སུམ་གཉིས་དབང་དུ་བསྡུས”ཞེས་དང《དེབ་ཐེར་དཀར་པོ》ལས“ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཙ་ན། མངའ་ཐང་དར་བའི་རྩེ་མོར་སོན་ཏེ། རྒྱལ་ཁབ་ཀྱི་ས་ཁྱོན་ཡང་གླིང་ཧྲིལ་པོའི་སྟེང་དུ་རྒྱ་བསྐྱེད་ཅིང་། བོད་འབངས་མིན་པའི་ཕྱོགས་རྣམས་ན་ཡང་། བླ་སྐྱེས་འབུལ་ཞིང་རྒྱལ་པོའི་བཀའ་ལུང་ལེན་པའི་རྒྱལ་ཕྲན་མང་དུ་ཡོད་པ་ཡིན་འདུག་པས། རིག་འཛིན་འཇིགས་མེད་གླིང་པས། འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས་བསྔགས་པ་ཡང་དོན་ལ་གནས་པའི་གསུང་ཡིན་ནོ། །” ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་གཅིག་ནས་དེ་སྔོན་བཙན་པོ་སྲོང་བཙན་དང་འདུས་སྲོང་སོགས་ཀྱིས་རིང་ལ་བཙན་པོའི་དམག་ཤུགས་ཕྱོགས་བཞིའི་རྒྱལ་ཁབ་དང་རྒྱལ་ཕྲན་ཀུན་ལ་འགྲན་ཟླ་དང་བྲལ་ནས་རྒྱལ་ཕྲན་མང་པོ་བཙན་པོའི་ཆབ་འབངས་སུ་བཀུགས་ཚར་བའི་སྐབས་ཡིན། དཔེར་ན། བལ་པོ་དང་། བྲུ་ཤ། ཞང་ཞུང་། བྱང་ནས་གྲུ་གུ་ཤར་ནུབ་དང་། འ་ཞ། ཤར་ལྷོའི་མཚམས་ནས་འཇང་ཡུལ་གཉའ་དཀར་ནག་སོགས་དབང་དུ་བསྡུས་ཟིན་པའི་སྐབས་དང་ཁེལ་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཡ་གླིང་ཤར་ནུབ་ཀུན་ལ་མངའ་ཁོངས་རྒྱ་བསྐྱེད་བྱས་པ་ནི། བློན་ཆེན་སྟག་སྒྲ་ཀླུ་གོང་གཙོས་པའི་དམག་དཔོན་རྣམས་ཀྱི་དཔའ་མཛངས་ལ་བརྟེན་ནས་གོང་མ་ཏའེ་ཙུང་ཡང་ཁྲི་ལས་ཕབ། བྷ་ཏ་ཧོར་གྱིས་སྒོམ་གྲྭ་བཅོམས་ཤིང་རྒྱ་གར་ནས་ཆུ་བོའི་གངྒའི་འགྲམ་དུ་ལྕགས་ཀྱི་རྡོ་རིང་བཙུགས་པ་སོགས་བློན་ཆེན་པོ་ངན་ལམ་སྟག་སྒྲ་ཀླུ་གོང་གཙོས་པའི་དམག་དཔོན་དང་མཛངས་བློན་རྣམས་ཀྱི་མཛད་རྗེས་ཡིན། དཔེར་ན། སྲོང་བཙན་སྐབས་སུ་བློན་ཆེན་མགར་སྟོང་བཙན་ལྟ་བུ། ཁྲི་སྲོང་སྐབས་སུ་བློན་ཆེན་སྟག་སྒྲ་ཀླུ་གོང་ལྟ་བུ་ཡིན། སྐབས་དེ་ནས་བཟུང་གྲུ་གུ་དང་། ལི་ཡུལ། འཇང་སོགས་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས་བྱས་ཡོད་ཅེས་ལོ་རྒྱུས་ཡིག་རྙིང་ཁག་ལས་གསལ་བ་ལྟར་ཁྲི་སྲོང་ལྡེ་བཙན་སྐུ་ཚེ་སྟོད་སྨད་བར་གསུམ་ལ་མཛད་རྗེས་ཆེ་བའི་བློན་ཆེན་སྟག་སྒྲ་ཀླུང་གོང་ཡིན། ལར་བཙན་པོ་རྒྱལ་རབས་སྐབས་སུ་དེ་དང་འདྲ་བའི་བློན་པོ་མང་པོ་བྱུང་ཡོད་མོད་ཡིན་ཡང་ཆེས་དམིགས་བསལ་གྱི་དགུང་བློན་ཆེན་མོ་སྟག་སྒྲ་ཀླུ་གོང་གཟེངས་བསྟོད་ལ། ད་ལྟའི་རྩེ་ཞོལ་གྱི་རྡོ་རིང་ཕྱི་ནང་གཉིས་དང་རྡོ་རིང་གཤོག་པ་ཅན་སོགས་གོང་ཞུས་ལྟར་བློན་ཆེན་ཁོང་ལ་བཞེངས་པ་ཡིན། དེ་བཞིན་རྡོ་རིང་གི་བཀའ་གཙིགས་ལ་གཞིགས་ན་བློན་པོ་འདི་ཉིད་བཙན་པོའི་ལོ་རྒྱུས་ཐོག་གི་ཆེས་མི་སྣ་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ་བོ། །
དཔྱད་གཞི་ཡིག་ཆ།
ཤོག་ངོས་སོ་སོའི་མཇུག་ཏུ་བཀོད་ཡོད། 《རྡོ་རིང་ཕྱི་མའི་ཡི་གེ》བདེ་སྐྱིད་ཀྱིས་སྒྲིག་པའི《སྦ་བཞེད་ཞབས་བཏགས་མ》2016ལོ།མི་རིགས་དཔེ་བསྐྲུན་ཁང་།དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི《རྒྱལ་རབས་དེབ་ཐེར་དཀར་པོ།》2020ལོ།མི་རིགས་དཔེ་བསྐྲུན་ཁང་།གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི།《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ》2001 ལོ།ཀན་སུའི་མི་རིགས་དཔེ་བསྐྲུན་ཁང་།དོན་འགྲུབ་རྒྱལ་གྱིས་བསྒྱུར་བའི《དགྱ་ནག་ཐང་ཡིག་གསར་རྙིང་།》1980 སི་ཁྲོན་བོད་ཡིག་པར་ཁང་།རྨེ་རུ་ཡུལ་ལྷ་ཐར་གྱིས་བརྩམས་པའི《ཏུན་ཧོང་བོད་ཀྱི་ཤེས་རིག་གི་རིག་གཞུང་ལོ་རྒྱུས》2019ལོ།སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་བརྩམས་པའི《དུང་དཀར་ཚིག་མཛོད་ཆེན་མོ》ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པའི《བཀའ་ཐང་སྡེ་ལྔ།》1986ལོ།མི་རིགས་དཔེ་བསྐྲུན་ཁང་།དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》1986ལོ།མི་རིགས་དཔེ་བསྐྲུན་ཁང་།སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས་པའི《དགྱ་བོད་ཡིག་ཚང་ཆེན་མོ》1985ལོ།སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།དྲྭ་རྩོམ།ཚེ་མཆོག་སྐྱབས་ཀྱིས་དཔྱད་རྩོམ《ཞོལ་རྡོ་རིང་གི་ངོ་སྤྲོད་རགས་བསྡུས།》《བུ་བཞི་དོན་འགྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།》2008ལོ། ཀྲུང་གོའི་ཤེས་རིག་བོད་རིག་པ་དཔེ་བསྐྲུན་ཁང་།
__ ༢༠༢༥-༣-༢༢