དབུས་གཙང་དག་པའི་ཞིང་།

དབུས་གཙང་དག་པའི་ཞིང་།

འཕགས་པ་སྤྱན་རས་གཟིགས་ཉིད་ཀྱི་ཐུགས་བསྐྱེད་དང་། བོད་འབངས་སྤྱིའི་བསོད་ནམས་རྟེན་འབྲེལ་འཛོམས་པ་ན། འཕགས་པ་སྤྱན་རས་གཟིགས་ཉིད་མིའི་རྣམ་པར་སྤྲུལ་བ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན། དེ་དང་མཉམ་དུ་ནམ་མཁའ་ནས་ཡི་གེ་དྲུག་པའི་སྒྲ་དབྱངས་གྲག་པ་སོགས་ལྟས་དང་ངོ་མཚར་བསམ་ལས་འདས་པ་བྱུང་ཞིང་། བོད་འབངས་ཐམས་ཅད་ཀྱིས་ཡི་གེ་དྲུག་པ་དབྱངས་སུ་བསྒྲགས། ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་བོད་དུ་ཕེབས། གཞན་ཡང་རང་བྱུང་ཐུགས་རྗེ་ཆེན་པོའི་སྐུ་སོགས་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་མང་དུ་ཕེབས།

སྤྲུལ་འི་ལོ་པཎ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར། ཆོས་རྒྱལ་ཉིད་ཀྱིས་ཀྱང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མང་དུ་བརྩམས། ཐོན་མི་སམ་བྷོ་ཊ་ཁ་ཆེར་བརྫངས་ནས་ཡི་གེ་དང་སྒྲ་སོགས་རིག་གནས་མང་དུ་བསླབས་ཏེ་བོད་དུ་དར་བར་མཛད། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནས་བརྩམས་ཏེ་བོད་འབངས་རྣམས་རྒྱལ་བའི་བསྟན་པ་ལ་བཙུད་ཅིང་། བྱང་ཕྱོགས་མུན་གླིང་དུ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྤར་ཏེ་ཐུབ་བསྟན་སྣང་བས་ཁྱབ་པར་མཛད་པ་ན་དབུས་གཙང་དག་པའི་ཞིང་ཞེས་ཕྱོགས་ཐམས་ཅད་དུ་སྙན་པར་གྲགས་ཤིང་། འཛམ་གླིང་ཡངས་པའི་སྐྱེ་འགྲོ་ཐམས་ཅད་ཀྱི་ཕྱག་དང་མཆོད་པའི་གནས་སུ་གྱུར།

འབྱུང་ཁུངས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་༸རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་སུ་གསལ་ལོ།།

བརྒྱུད་སྐུལ།

མཆན་སྤེལ།