༸རྒྱལ་དབང་ལྔ་པ་ཆེན་པོ་དང་། བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལས་བརྩམས་པ།

༸རྒྱལ་དབང་ལྔ་པ་ཆེན་པོ་དང་། བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལས་བརྩམས་པ།

༄༅། །༸རྒྱལ་དབང་ལྔ་པ་ཆེན་པོ་དང་། བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལས་བརྩམས་པ།

 

༼ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་ (1878-1941) མཛད།༽

 

༄༅། །སྙིང་རྗེའི་ལྷ་མཆོག་སྙིང་རྗེས་མྱོས་པ་ཡིས། །སྣ་ཚོགས་ཟློས་གར་འགྲོ་འདིར་བསྒྱུར་ལ་ལྟོས། །བློ༵་བཟང༵་བསྟན་པའི་རྒྱ༵་མཚོ༵་འཕེལ་བའི་གཉེན། །སྨྲ་བའི་ཟླ་བ་མཆོག་གཅིག་འདིར་སྣང་གྱུར། །གང་ཞིག་བལྟམས་མ་ཐག་ནས་ལྷ་རྣམས་ཀྱིས། །ངོ་མཚར་ལྟས་བཟང་དུ་མས་སྦྲན་པས་ཅི། །

དམ་པའི་རང་བཞིན་ལྷུན་རྫོགས་སུ་ཝརྞ། །ཕལ་པའི་ར་གན་ཉིད་དུ་སུ་ཞིག་འཁྲུལ། །བཅུ་གཅིག་ཞལ་དང་སྟོང་ཕྲག་ཕྱག་སྦས་ནས། །འདིར་ནི་དགེ་སྦྱོང་གཅིག་པུའི་ཟོལ་དུ་བསྟན། །ཡོན་ཏན་ལྷུན་རྫོགས་ཉིད་ཀྱང་གསན་བསམ་དང་། །སྒོམ་པའི་བྱ་བ་དག་ལ་ལྟོས་ཚུལ་མཛད། །བཅུ་ཕྲག་རིག་པའི་གནས་དང་བཀའ་པོད་ལྔ། །མདོ་རྒྱུད་གཞུང་བརྒྱ་ཐུགས་སུ་མ་ཆུད་ཅི། །བོད་ཡུལ་གསར་རྙིང་གྲུབ་མཐའ་ཚད་མའི་ཆོས། །མཐའ་དག་ཁྱོད་ཀྱིས་མ་གསན་པ་དེ་གང་། །དེ་ཕྱིར་འཕགས་ཡུལ་དཱི་པཾ་ཀ་ར་བཞིན། །བོད་ཡུལ་གྲུབ་མཐའ་རིས་མེད་གཙུག་ན་བཀུར། །བླ་མ་ལྷ་སོགས་དག་པའི་འཁོར་ལོ་ཡི། །སྐུ་དང་གསུང་གི་སྣང་བར་རྟག་ཏུ་འབྱམས། །སྟོབས་ཀྱིས་འཁོར་བསྒྱུར་རྒྱལ་པོས་བོད་ཀྱི་ཡུལ། །ཁྲི་སྐོར་བཅུ་གསུམ་བསོད་ནམས་ཡོན་དུ་བསྟབ། །རིགས་ཀྱི་ཅོད་པན་འོད་མཚན་མཐའ་ཡས་གར། །རྒྱལ་པོ་མཆོད་ཡོན་དང་བཅས་བཀུར་སྟིས་བསྙེན། །གྲུ་འཛིན་ཞལ་མེད་ཁང་ཡང་འདིར་བསྐྲུན་དེས། །ས་འདི་རི་བོ་ཏཱ་ལར་གཉིས་སུ་མེད། །སྟོབས་དང་ཡོན་ཏན་གྲངས་སུ་རྩེན་པ་ཡི། །མདོ་སྔགས་ཆོས་དབྱངས་འཕེལ་བའི་འདུས་སྡེ་བསྐྲུན། །སྟོབས་ཀྱིས་དྲེགས་པའི་རྐང་མཐིལ་རྒྱལ་ཕྲན་གྱི། །གཙུག་རྒྱན་ནོར་བུའི་ལན་ཚན་གྱིས་བཅིངས་པ། །དེ་ཡི་གཙུག་ན་ཞབས་སེན་ངལ་བསོ་བཞིན། །གསུང་གི་བདུད་རྩིས་སྐྱོང་བ་ཁྱོད་ཉིད་ཙམ། །ཆོས་སྲིད་དགེ་མཚན་འདོད་རྒུའི་ཟ་འོག་གོས། །ཁྲིམས་གཉིས་གསེར་གྱི་འོག་པག་མཛེས་པས་བསྡམས། །ངེས་ལེགས་ནོར་བུའི་གཙུག་རྒྱན་བྱིན་པ་ཡིས། །བཀའ་དྲིན་གངས་ཅན་པ་ཀུན་དྲན་པར་བྱོས། །བདེ་ཆེན་རིག་པའི་གར་མཁན་གཅིག་ཉིད་ཀྱང་། །སྣ་ཚོགས་བཀོད་པའི་ཁྱད་པར་གཞན་དང་གཞན། །སྒྱུ་འཕྲུལ་དཔག་དཀའ་རང་གི་ཚངས༵་དབྱངས༵་ཀྱིས། །བློ་བཟང་རྒྱ༵་མཚོ༵་ང་ཞེས་ཞལ་གྱིས་འཆེས། །སྐུ་ཕྲེང་དུ་མར་ཐོས་བསམ་སྒོམ་གསུམ་གྱི། །གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཡིས། །བརྟུལ་ཞུགས་སྤྱོད་པ་སྐྱོང་བའི་དུས་འདི་ན། །སེངྒེ་བཞིན་དུ་འཇིགས་པ་མེད་པར་སྤྱོད། །གང་གི་སྙིང་རྗེ༵་རྗེ༵་བཙུན་སྤྱན་རས་གཟིགས། །མཁྱེན་པའི་ཀློང་ཟབ༵་ཟབ༵་ཡངས་འཇམ་དཔལ་ཏེ། །ནུས་པའི་མཐུ་སྟོབས༵་སྟོབས༵་ལྡན་གསང་བའི་བདག །ཁྱོད་ནི་འདྲེན་མཆོག༵་མཆོག༵་གསུམ་ཀུན་འདུས་ཉིད།། །།

འབྱུང་ཁུངས། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་གསུང་འབུམ། ༼༣༽ དེབ་གཟུགས། ཤོག་གྲངས་ ༦༨ ནས་ ༧༠ བར་གསལ་བ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།