དབུས་གཙང་གི་སྤོབས་པ།
རྣ་བར་སྙན་པ་དབུས་གཙང་ཆོས་ལྡན་གྱི་ཞིང་ཁམས། །
ཡིད་སྨོན་སྐྱེས་པ་ཆོས་དང་རིག་གཞུང་གི་ལྟེ་གནས། །
མཛངས་མི་བདུན་གྱི་གསར་གཏོད་བློ་གྲོས་རྣམས་རྒྱས་ས། །
མཐོ་སྒང་རྩམ་ཟན་བོད་མིའི་ཁྱིམ་གཞིས་ཀྱི་ཐོག་མ། །
སོ་ནམ་ཞིང་ལས་དར་བས་རྩམ་དྲི་ཡི་འཐུལ་ས། །
ཨར་ལས་བཟོ་རིག་སྔ་བ་ཡུམ་བུ་ཡི་བླ་སྒང་། །
ལོ་པཎ་སྟོང་གི་འཁྲུངས་ཡུལ་བསམ་ཡས་ཀྱི་དགོན་ཆེན། །
ཡར་ཀླུང་གཞུང་གི་ངོ་མཚར་ལོ་རྒྱུས་ལ་གཟིགས་དང་། །
སྙན་པའི་གྲགས་པ་ཕྱོགས་དང་མུ་མེད་དུ་ཁྱབ་པ། །
བརྗིད་ཆགས་པོ་ཏཱ་ལ་ཡི་མཛེས་སྡུག་གི་ཁྲོད་ནས། །
རྣམ་དཔྱོད་བཀྲ་བ་བཙན་པོའི་སྙིང་སྟོབས་དེ་མངོན་ཞིང་། །
མཐའ་བཞི་ཟིལ་གྱིས་མནན་པའི་རྡོ་རིང་རྣམས་མཚར་བ། །
གངས་དཀར་ཤེལ་གྱི་རི་རྩེ་ཅོད་པན་ལྟར་མཆོར་ཞིང་། །
སྟག་མའི་མེ་ཏོག་བཀྲ་བའི་ནགས་ཀློང་གི་གཤམ་ན། །
དྭངས་གཙང་མཚོ་མོ་འཁྱིལ་བ་ལྷ་ཡུལ་གྱི་ཞིང་ཁམས། །
ཤིང་འབྲས་སྣ་འཛོམས་ཀོང་པོའི་རི་ཀླུང་དག་མཛེས་པ། །
མཐོ་ལ་བྱིན་རླབས་ཆེ་བ་གངས་དཀར་གྱི་ཏི་སེ། །
ལྷ་ཡི་བདུད་རྩི་མ་ཕམ་གཡུ་མཚོ་ཡིས་བརྒྱན་ཞིང་། །
རིག་གཞུང་ཕུན་ཚོགས་མངའ་རིས་སྐོར་གསུམ་གྱི་ཡུལ་དུ། །
ཡེ་ཤེས་འོད་སོགས་རླབས་ཆེན་མེས་པོ་རྣམས་དྲན་བྱུང་། །
གངས་ཅན་མཁས་པའི་ཡང་རྩེ་ས་པཎ་གྱི་འཁྲུངས་གཞིས། །
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལྕགས་ཟམ་རྣམས་ལྡིང་ཞིང་། །
རྗེ་བཙུན་མི་ལའི་མགུར་གླུ་ལྷང་ལྷང་དུ་གྲགས་པ། །
གཙང་གི་གཞུང་རྒྱུད་རིང་མོའི་བྱུང་རབས་ལ་གསོན་དང་། །
སྣང་ས་འདས་ལོག་བྱུང་བས་ཡ་མཚན་གྱིས་ཁེངས་ཤིང་། །
རྗེ་བཙུན་བྱམས་པའི་སྣང་བརྙན་གསེར་འོད་ཀྱི་ཆེམ་ཆེམ། །
༸རྒྱལ་བ་པཎ་ཆེན་ཉིན་ཟླ་ཤར་ས་ཡི་གནས་མཆོག །
གཙང་གི་ཡུལ་དེ་ངོ་མཚར་དུ་མ་ཡིས་ཁེངས་ཡོད། །
མཐའ་ཡས་རྩྭ་ཐང་སྟེང་དུ་རྟ་ནོར་དང་ལུག་གསུམ། །
སྐར་ཚོགས་ས་ལ་བཀྲམ་འདྲ་ནག་ཆུ་ཡི་ཡུལ་ན། །
ཤ་ཐུད་མར་གྱིས་ཕྱུག་པ་འབྲོག་པ་ཚོའི་ཞིམ་ཟས། །
ཡང་ཡང་ཡིད་ལ་དྲན་འདི་འགོག་ཐབས་རང་མི་འདུག །
རི་ཀླུང་ཀུན་ཏུ་ཤིང་སྣ་ཅི་རིགས་ཀྱིས་བརྒྱན་ཞིང་། །
བྱ་དང་བྱིའུའི་སྐད་སྙན་ལྷང་ལྷང་དུ་གྲགས་པ། །
པདྨ་བཀོད་ཀྱི་ཡིད་འོང་མཛེས་ལྗོངས་ལ་སོགས་པས། །
དབུས་གཙང་ཡུལ་ལ་སྤོབས་པ་དབང་མེད་དུ་སྐྱེས་བྱུང་། །
ཞེས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མཛད་སྒོ་དང་བསྟུན་ནས་འབྲི་བར་བསྐུལ་བ་བཞིན། གཞིས་རྩེ་བུ་ཆུང་ཚེ་རིང་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་རང་ཁྱིམ་དུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༨ ཉིན་བྲིས།།
