ས་བཅད་གཉིས་པ། སྒར་རྫོང་།
ལེ་ཚན་དང་པོ། རྫོང་མིང་ཐོགས་ཚུལ་དང་ས་བབ་ཆགས་ཚུལ།
དང་པོ། སྒར་རྫོང་གི་མིང་ཐོགས་ཚུལ།
སྤྱིར་བོད་པའི་ཐ་སྙད་རང་མཚན་པའི་གོ་བའི་སྟེང་ནས་བཤད་ན། སྒར་ཞེས་པ་ནི་སྦྲ་གུར་ལ་གོ་ཞིང་དེ་ལས་ཀྱང་དྲག་པོའི་དམག་དཔུང་གི་རྟེན་གཞི་བཅའ་ཡུལ་ལ་གོ་བ་སྟེ་དམག་སྒར་ཞེས་པ་ལྟ་བུའོ།། ཕྱི་ལོ་ ༡༦༨༠ ལོར་གཞུང་ས་དགའ་ལྡན་ཕོ་བྲང་གི་དམག་དཔོན་སོག་པོ་དགའ་ལྡན་ཚེ་དབང་གིས།
ལ་དྭགས་ཀྱི་བཙན་འཛུལ་ས་དེ་ནས་མཐར་སྤྲོད་གཏོང་སྐབས་གནས་དེར་དམག་གི་སྒར་བཏབ་ནས་དམག་འཐབ་མཛད་པས་མིང་དེ་ལྟར་ཐོགས་ཞེས་དང་། དགའ་ལྡན་ཚེ་དབང་དཔལ་བཟང་གིས་སྟོད་མངའ་རིས་སྒར་དཔོན་སྲིད་གཞུང་བཙུགས་པ་ནས་བཟུང་། སྟོད་མངའ་རིས་སྐོར་གསུམ་གྱི་གཞུང་འཛིན་ལྟེ་གནས་སྒར་དུ་ཆགས།[1]པས་དེ་ལྟར་བསྙད་པར་འདོད། གཞན་ཡང་། ས་ཆ་དེར་གཞུང་རྒྱ་ཆེ་ལ་དབུས་ཀྱི་སྒར་གཙང་པོའི་རྒྱུད་ལ་གྲ་མ་སོགས་རྩི་ཤིང་ནགས་ཀྱིས་ཁེངས་པའི་ཡུལ་ལུང་ཡིད་དུ་འོང་བ་ཞིག་ཡོད་པས་སྒར་ཡིད་འོང་ཞེས་ཀྱང་འབོད། སྒར་ལའང་དབྱར་ས་དང་དགུན་ས་གཉིས་སུ་ཡོད་པ་ལས་འདིར་སེང་གེ་གཙང་འགྲམ་གྱི་དགུན་སར་གོ་དགོས་སོ།། དེང་གི་སྒར་རྫོང་ཁོངས་སུ་དེ་སྔའི་གཙོད་ཚོ་དཔོན་དང་གནམ་རུ་དཔོན་གྱི་མངའ་ཁོངས་རྣམས་བཅུག་ཡོད་ཅིང་། གཙོད་ཚོ་ནི་རི་དྭགས་གཙོད་ཁྱུ་མང་པོའམ་ཚོ་མང་པོ་གནས་སྡོད་བྱེད་ས་ཡིན་པས་མིང་དེ་བྱུང་བ་དང་། གནམ་རུ་ནི་བྱང་གནམ་མཚོའི་ཉེ་འགྲམ་དུ་འཚོ་སྡོད་བྱེད་མཁན་གནམ་རུའི་མི་རྒྱུད་ནས་གྱེས་པས་མིང་དེ་ལྟར་ཐོགས་སོ།།[2]
གཉིས་པ། སྒར་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།
བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིན་ཞག་ ༥༠ ལེ་དབར་ ༣༥༠༠ སར་ཡོད་པའི་སྒར་རྫོང་ནི།[3] བོད་ཀྱི་ཆེས་ནུབ་ཕྱོགས་སེང་གེ་གཙང་པོ་དང་སྒར་གཙང་པོ་རྒྱུག་ཁུལ། གོ་ལའི་བྱང་གི་འཕྲེད་ཐིག་ ༣༠༚༩’〜༣༣༚༣’ དང་ཤར་གྱི་གཞུང་ཐིག་ ༧༩༚༡’〜༨༡༚༢’ བར་གནས། རྫོང་དེའི་མཐའ་བཞི་རི་བོས་བསྐོར་ཞིང་ས་བབ་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ནས་མི་ཊལ་ ༤༣༥༠ ཡས་མས་དང་། མཐོ་ཤོས་སུ་རྒྱ་མཚོའི་ངོས་ནས་མི་ཊལ་ ༦༥༥༤ ཡོད། རྫོང་དེའི་གནམ་གཤིས་མཐོ་སྒང་བར་གྲང་ཁུལ་ཐན་པའི་གནམ་གཤིས་ཁུལ་དུ་གཏོགས་ཤིང་།[4] རྒྱུན་ལྡན་སྐམ་ཞིང་གྲང་ལ་ཉི་མའི་འཕྲོ་ཤུགས་ཆེ་བ། ཉི་ཕོག་དུས་ཡུན་རིང་ཞིང་ལོའི་ཆ་སྙོམས་དྲོད་ཚད་ ༠.༢༚C དང་། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ ༣༤.༦༚C ལོའི་ཆར་ཆུ་འབབ་ཚད་མི་ལི་མི་ཊལ་ ༧༣ བཅས་རེད་འདུག རང་བྱུང་གནོད་འཚེ་གཙོ་བོ་གངས་སྐྱོན་དང་། ཐན་སྐྱོན། ཆུ་ལོག འདམ་རྡོའི་ཆུ་རུད། རི་ཉིལ་བ། སད། བྱེ་རླུང་སོགས་ལྡན།[5] ཕྱོགས་བཞིའི་ས་མཚམས་ནི་ནུབ་ཕྱོགས་ལ་དྭགས་དང་འབྲེལ་ཞིང་ནང་ཁུལ་ནུབ་བྱང་ཕྱོགས་སུ་རུ་ཐོག་དང་། བྱང་ཤར་དུ་དགེ་རྒྱས། ཤར་ཕྱོགས་སུ་སྤུ་ཧྲེང་། ལྷོ་ཕྱོགས་སུ་རྩྭ་མདའ་རྫོང་བཅས་དང་འདབས་འབྲེལ་དུ་གནས་ཡོད།
ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།
དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་སྒར་རྫོང་།
སྒར་རྫོང་གི་གླང་བཅུ་ཁུལ་ནས་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་ལྕགས་རིགས་དང་རྫ་ཆས་སོགས་གནའ་རྫས་མི་ཉུང་བ་ཞིག་ས་འོག་ནས་ཐོན་པ་ལས། ཁུལ་དེའི་སྣོད་བཅུད་ཀྱི་བྱུང་བ་ནི་ཤིན་ཏུ་ནས་རིང་ཞིང་ཡ་ཐོག་ལོ་རྒྱུས་རིང་མོའི་མཐའ་ལ་གཏུག་ནུས་པ་ཞིག་ཡིན། དེ་བཞིན་ཕྱི་ལོ་ ༢༠༡༤ ལོའི་ནང་དུ་སྒར་རྫོང་གི་གུ་རུ་གྱམ་ཞེས་པའི་ས་ཁུལ་ནས་བང་སོའི་རིགས་མི་འདྲ་བ་གཉིས་ཙམ་རྙེད་སོན་བྱུང་། དེ་ཡང་། གྲུ་བཞི་ནར་མོའི་ཤིང་གི་དུར་སྒམ་དང་གསེར་གྱི་ཞལ་འབག ཟངས་དང་ལྕགས། ཤིང་གི་ཡོ་ཆས། རྫ་ཆས་ཚོན་རིས་ཅན་ཆེ་ཆུང་སྣ་ཚོགས། རྟ་ལུག་སྲོག་ཆགས་ཀྱི་རུས་པ། མི་རུས་དང་གཤིན་རྫས། ཤིང་གི་སོ་མ་དང་ཟངས་ཀྱི་མེ་ལོང་། ཁལ་འཐག་ཡོ་ཆས་སོགས་མང་དུ་བཙལ་རྙེད་བྱུང་ཞིང་། གནའ་རྫས་རྟོག་ཞིབ་ཞིབ་འཇུག་གིས་ལམ་ནས་བང་སོ་དེ་རིགས་ཕལ་མོ་ཆེ་ལོ་ངོ་ ༡༨༠༠ ཡས་མས་ནས་བྱུང་བར་འདོད་པས། དུས་སྐབས་དེ་ནི་ཁུལ་དེར་ཞང་ཞུང་གི་རྒྱལ་རབས་ཀྱི་ཆོས་སྲིད་དབང་ལུང་དར་རྒྱས་འགྲོ་བཞིན་པའི་སྐབས་ཡིན།[6]
ཁུལ་དེ་བཞིན་མངའ་མཛད་སྐབས་སྤུ་ཧྲེང་དང་། རྩ་ཧྲེང་། མདའ་པ་སོགས་དང་མཚུངས་པར་ཞང་ཞུང་སྲིད་པའི་རྒྱལ་པོ་གསེར་གྱི་བྱ་རུ་ཅན་བཅོ་བརྒྱད་ཀྱི་ས་རིས་མངའ་བདག་ཡིན་པར་ངེས། ཕྱི་ལོའི་དུས་རབས་བདུན་པའི་སྐབས་སྤུར་རྒྱལ་བཙན་པོ་སྲོང་བཙན་ནས་བཟུང་བོད་ཀྱི་ཆོས་རྒྱལ་རིམ་བྱོན་གྱིས་ཁུལ་དེར་དབང་ལུང་སྒྱུར་སྐབས། ཞང་ཞུང་སྟོང་སྡེ་བཅུ་ལས་སྨད་ཀྱི་སྟོང་སྡེ་ལྔའི་ས་ཁོངས་ཡིན་ནམ་སྙམ། འོན་ཀྱང་། དུས་མཚམས་དེར་ཁུལ་དེར་སངས་རྒྱས་ཀྱི་ཆོས་ལུགས་འཕེལ་རྒྱས་རྒྱ་ཆེར་བྱུང་མེད་པ་ཙམ་དུ་མ་ཟད། སྔར་ཡོད་ཀྱི་སྲིད་དབང་འཐོར་གྲུམ་དུ་གྱུར་ཞིང་བཙན་པོའི་ཆབ་སྲིད་ཀྱི་སྒྲིག་གཞིའི་མ་ལག་འཐུས་ཚང་ཞིག་གསར་འཛུགས་མ་ཐུབ་པས། མངའ་རིས་ཀྱི་ལོ་རྒྱུས་ཐོག་མཐའ་འཁོབ་ཀྱི་ལམ་བུ་ཀྱག་ཀྱོག་ཅིག་རྒྱུད་དགོས་བྱུང་ལ། ཕྱིའི་གར་ལོག་དང་སྟོད་ཧོར་ཀྱི་ཇག་པ་དང་ནང་ཁུལ་ཡུལ་ཚོ་ཕན་ཚུན་ས་ཞིང་དང་། རྩྭ་ཐང་། རྒྱུ་ནོར་འཕྲོག་རེས་སོགས་ཟང་ཟིང་གི་དུས་རབས་བསྟུད་མར་བརྒྱུད་དགོས་བྱུང་།[7] ཞེས་འཁོད་པ་བདེན་པར་སྣང་ངོ་།།
དུས་རབས་དགུ་པར་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་ཞིག་ཏུ་གྱུར་བའི་སྐབས་སུ་ཁུལ་དེ་ནི།《ལ་དྭགས་རྒྱལ་རབས།》ལས་བྱུང་བ་ལྟར་འོད་སྲུང་གི་སྲས་དཔལ་འཁོར་བཙན་གྱིས་མངའ་རིས་ཀྱི་ཁུལ་དེར་གཙུག་ལག་ཁང་བརྒྱད་དང་བཀའ་བསྟན་གྱི་གསུང་རབ་མང་དུ་བཞེངས་པར་གྲགས་ཤིང་། ཕྱི་ལོ་ ༩༢༣ ལོར་འབང་ཁེང་ལོག་དབང་གིས་སྐྱིད་ལྡེ་ཉི་མ་མགོན་བོད་ཀྱི་ལྷོ་ནུབ་སྟོད་མངའ་རིས་སུ་ཡུལ་བྱོལ་གནང་དགོས་བྱུང་ཞིང་། རིམ་པས་ཁུལ་དེ་དག་ཏུ་ར་ལ་མཁར་དམར། རྩེ་ཐོ་རྒྱ་རི། སྐུ་མཁར་ཉི་ཟུངས་སོགས་བཙན་མཁར་དང་གྲོང་ཁྱེར་བཏབ་ནས་མངའ་རིས་ཁྱོན་ལ་དབང་ལུང་བསྒྱུར། མི་རིང་བར་རང་ཉིད་ཀྱི་སྲས་སྟོད་ཀྱི་མགོན་གསུམ་གྱི་བར་པ་བཀྲ་ཤིས་མགོན་ལ་མངའ་རིས་སྐོར་གསུམ་ལས་གུ་གེ་དང་། སྤུ་ཧྲེང་། རྩེ་ཧྲེང་བཅས་ཀྱི་ས་རིས་མི་སེར་ལ་མངའ་མཛད་ཆོག་པའི་དབང་བསྐུར་བ་ལྟར།[8] སྒར་རྫོང་དེ་ཡང་དུས་སྐབས་དེར་བར་པ་བཀྲིས་མགོན་གྱིས་ས་རིས་སུ་གཏོགས་པའི་ཡུལ་སྡེ་ཞིག་ཡིན། བཙན་པོ་དེས་གུ་གེའི་རྒྱལ་རབས་གསར་འཛུགས་གནང་ཞིང་། ས་སྐྱ་དང་ཕག་གྲུ། རིན་སྤུངས་དང་གཙང་པ་བཅས་ཀྱི་སྲིད་དབང་རིམ་བྱུང་སྐབས་སུའང་། བཙན་པོ་དེའི་གདུང་རྒྱུད་རིམ་བྱོན་གྱིས་ཁུལ་དེ་དག་ཁྲིམས་སྒོ་རང་བཙན་གྱི་ཚུལ་དུ་མི་ལོ་བདུན་བརྒྱ་ལྷག་ཙམ་དབང་ལུང་བསྒྱུར། འོན་ཀྱང་། མཐར་དུས་རབས་བཅུ་བདུན་པའི་སྔ་ཕྱིར་ཁུལ་དེའི་བཙན་པོའི་རྒྱལ་རབས་ཉམས་རྒུད་དུ་གྱུར་པ་དང་ལྷན། སྒར་གྱི་ཁུལ་དེ་ཡང་ཕྱི་ལོ་ ༡༦༨༡ ལོར་ལ་དྭགས་ཀྱི་སྲིད་དབང་ས་དེ་ནས་མཐའ་སྤྲོད་མ་བཏང་བར། དུས་རབས་ཕྱེད་ཀ་ཙམ་ལ་དྭགས་རྒྱལ་རྒྱུད་ཀྱི་དབང་བསྒྱུར་འོག་ཏུ་ཚུད།
དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པའི་ནང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་སྒྱུར་སྐབས་མངའ་རིས་སྐོར་གསུམ་ལ་སྤྱི་ཁྱབ་གཉིས་དང་། རྫོང་བཞི། དཔོན་དྲུག་བཅས་ཀྱི་སྲིད་དབང་སྒྲིག་གཞི་གཏན་འབེབ་མཛད་པ་ལས། ཁུལ་དེ་ནི་མངའ་རིས་སྐོར་གསུམ་གྱི་ཁྱོན་ལ་འཛིན་སྐྱོང་བྱ་ཡུལ་གྱི་སྲིད་འཛིན་ལྟེ་གནས་སུ་གཏན་འཁེལ་མཛད། དེ་ཡང་། སྒར་དཔོན་གྱིས་དམག་སྲིད་ཀྱི་བྱ་བ་སྐྱོང་ཡུལ་དེ་ལའང་སྒར་དགུན་ས་དང་དབྱར་ས་ཞེས་ནམ་དུས་ཀྱི་འཕོ་འགྱུར་ལ་ལྟོས་ནས་བཞུགས་ཡུལ་མི་འདྲ་བ་གཉིས་སུ་དགར་ཡོད། དེ་བཞིན་དུས་སྐབས་དེར་དཔོན་དྲུག་གི་ལམ་ལུགས་ལས། སྒར་ཁུལ་དུ་གཏོགས་པའི་གནམ་རུ་ཚོ་བཞིའི་ས་རིས་མངའ་ཞབས་ལ་ཧོར་རྡོ་གྲགས་ཞེས་པ་དཔོན་དུ་བསྐོས་ཏེ་འགོ་པ། རྒན་པོ། འཐུས་མི་བཅས་ཀྱི་ས་མི་བདག་བཟུང་གི་བཀའ་གཏན་གནང་ཞེས་གསལ་བ་ལྟར། ཁུལ་དེ་ཡང་ནམ་རུ་མཚོ་བཞི་དང་། གད་ཁ་ཚོ་སྤྱི། སོག་སྟོད་ཚོ་སྤྱི། སོག་སྨད་ཚོ་སྤྱི། མོན་མཚེར་ཚོ་སྤྱི། གྱམ་མུག་ཚོ་སྤྱི། གླང་བཅུ་ཚོ་སྤྱི་སོགས་ཚོ་པ་མི་འདྲ་བ་མང་པོས་དབང་བསྒྱུར་བྱས། ཕྱི་ལོ་ ༡༩༥༩ ལོར་དེ་སྔའི་གནམ་རུ་ཚོ་བཞི་སོགས་གོང་གསལ་ཚོ་པ་དེ་དག་ཟླ་བསྒྲིལ་གྱིས་ད་ལྟའི་སྒར་རྫོང་གསར་འཛུགས་བྱས། རྫོང་སྲིད་གཞུང་དེ་སྔ་མངའ་རིས་སྒར་དགུན་སར་ཡོད་ཀྱང་དེ་སྔ་ཐེངས་ཁ་ཤས་སྤོས་ཤིང་། ཕྱི་ལོ་ ༡༩༨༨ ལོའི་ཟླ་ ༩ པར་སེང་གེ་གཙང་པོའི་འཁྲིས་རྟིང་གྲུམས་རྩེའི་ཐང་ཆེན་དུ་སྤོས་པ་ནས་བཟུང་ད་བར་གནས་ཞིང་ཁྱབ་ཁོངས་སུ་གྲོང་ཚོ་ ༣༦ ལྷག་ཅིག་ཡོད་པར་བཤད།[9]
ལོ་རྒྱུས་ཐོག་མངའ་རིས་སྒར་དཔོན་དུ་དགའ་ལྡན་ཚེ་དབང་དཔལ་བཟང་། ཁང་ཆེན་པ་བསོད་ནམས་རྒྱལ་པོ་སོགས་ཕེབས་མྱོང་འདུག་ལ། ཕྱི་ལོ་ ༡༧༩༤ ལོར་བྱ་རིགས་དགྲ་འདུལ་དང་། གདོང་ལྡན་འཕོས་ཚབ་བྱིའུ་པད་ཚལ་བསྐོས་འདུག་ལ། ཕྱི་ལོ་ ༡༨༠༡ ལོར་ལྕོག་སྤེ་བ་ཚེ་བརྟན་བཀྲ་ཤིས། ཕྱི་ལོ་ ༡༨༡༦ ལོར་གནས་ལྔ་པ་སྐྱ་བོའི་འགྲོ་ཁུངས་སྨན་སྟོད་རྣམ་རྒྱལ་དབང་པོ་དང་ལས་ཚབ་སྒོ་མཁར་བ་གཉིས་འཕོས་ཚབ། ཕྱི་ལོ་ ༡༨༢༠ ལོར་བཀྲས་བདེ་ཚབ་སྔོན་ལུང་པ་དང་ཕྱི་ལོ་ ༡༨༢༡ ལོར་བཀྲས་བདེ་ཚབ་ལྕོག་བཀྲས། ཕྱི་ལོ་ ༡༨༢༥ ལོར་རི་ཟུར་པ། འདིར་རུ་ཐོག་པ་ཚྭའི་སྐོར་བཟློས་རྩོད་ཀྱི་དཔྱད་མཚམས་འཐུས་ཚང་མ་བྱུང་བར་བརྟེན་གནས་ཕབ་འདུག་པའི་ཚབ་ཕྱི་ལོ་ ༡༨༣༠ ལོར་གླང་མཐོང་པ་བསྐོས། ཕྱི་ལོ་ ༡༨༣༦ ལོར་ཁྱུང་རམ་པ་ཀུན་དགའ་རྡོ་རྗེ། འདི་ལ་སིང་དམག་འཕྲུག་སྐབས་དགྲ་འཐབ་འདས་ཚབ་ཕྱི་ལོ་ ༡༨༤༡ ལོར་འབྱོར་རྒྱས་པ་བསྐོས། ཕྱི་ལོ་ ༡༨༤༤ ལོར་སྡིང་བྱ་དབང་རྒྱལ། ཕྱི་ལོ་ ༡༨༥༤ ལོར་སྡིང་བྱ་དགྲ་འདུལ་ཚེ་རིང་། ཕྱི་ལོ་ ༡༨༥༧ ལོར་སྣེ་སྟོད་ཚེ་རིང་ཕུན་ཚོགས། ཕྱི་ལོ་ ༡༨༦༠ ལོར་བཀྲ་གཤོངས་དོན་གྲུབ་དབང་འདུས། ཕྱི་ལོ་ ༡༨༦༣ ལོར་སྙེ་ལུང་མི་འགྱུར་རྡོ་རྗེ། ཕྱི་ལོ་ ༡༨༦༦ ལོར་ཁྱུང་རམ་ཚེ་བརྟན། ཕྱི་ལོ་ ༡༨༧༠ ལོར་ཚ་བདེ་ཕུར་བུ་དོན་གྲུབ། ཕྱི་ལོ་ ༡༩༡༨ ལོར་སྨོན་འཚོ་བ་ཚེ་དབང་རིག་འཛིན། ཕྱི་ལོ་ ༡༩༢༨ ལོར་ཆ་ལུ་བ་བསོད་ནམས་ཕུན་ཚོགས། ཕྱི་ལོ་ ༡༩༣༡ ལོར་ཇུན་པ་ནོར་བུ་བསམ་གྲུབ། ཕྱི་ལོ་ ༡༩༣༦ ལོར་སྐྱིད་སྨད་ཚེ་རིང་དབང་འདུས། ཕྱི་ལོ་ ༡༩༤༠ ལོར་རྔོན་ལུང་རྡོ་རྗེ་རྣམ་རྒྱལ། ཕྱི་ལོ་ ༡༩༤༤ ལོར་རྔོ་ལུང་རང་ཆགས། ཕྱི་ལོ་ ༡༩༤༩ ལོ་ནས་རྨར་ལམ་པས་ལོ་བརྒྱད་བཟུང་། དེ་རྗེས་སྐྱར་སྲིབ་པ་ཚེ་བརྟན་དོན་གྲུབ་ལ་བསྐོ་གཞག་སྩལ།[10]
དེ་བཞིན་གོང་གསལ་སྒར་དཔོན་རིམ་པའི་ལས་འབྲེལ་ཕྱག་རོགས་སུ་ཕྱི་ལོ་ ༡༨༢༧ ལོར་བྱ་ཚང་བཀྲ་ཤིས། ཕྱི་ལོ་ ༡༨༣༢ སྙེ་མོ་དགོན་པ་བ། ཕྱི་ལོ་ ༡༩༣༥ ལོར་དགའ་བོ་ཚེ་རིང་། ཕྱི་ལོ་ ༡༨༣༩ ལོར་སྣེ་སྟོད་པ། ཕྱི་ལོ་ ༡༨༤༠ མཚོ་སྒོ་གངས་ཆེན་པོ། ཕྱི་ལོ་ ༡༨༥༠ ལོར་ཉིན་མཁར་ལྷ་རྒོད་དགྲ་འདུལ། ཕྱི་ལོ་ ༡༨༥༦ ལོར་ཕུ་ལུང་ཕུན་ཚོགས་ཚེ་དབང་རྡོ་རྗེ། ཕྱི་ལོ་ ༡༨༥༧ ལོར་རྩེ་དྲུང་སྐལ་བཟང་འཇིགས་མེད། ཕྱི་ལོ་ ༡༨༥༨ ལོར་དགའ་བོ་པ་སངས་སྲི་མཐར། ཕྱི་ལོ་ ༡༨༦༣ ལོར་སྔོ་ལུང་ཚེ་དབང་དཔལ་འབྱོར། ཕྱི་ལོ་ ༡༨༦༦ ལོར་སྣང་དཀར་སྲས་འགྱུར་མེད་ཚེ་བརྟན། ཕྱི་ལོ་ ༡༨༦༨ ལོར་སྐལ་བཟང་དབང་འདུས། ཕྱི་ལོ་ ༡༩༢༡ ལོར་རག་རྩིབ་པ་བསོད་ནམས་སྟོབས་ཆེན། ཕྱི་ལོ་ ༡༩༢༦ ལོར་གནང་བྱུང་པ་པདྨ་རྡོ་རྗེ། ཕྱི་ལོ་ ༡༩༣༣ ལོར་ལྕང་ཅན་སྲས་བསོད་ནམས་རྒྱལ་པོ། ཕྱི་ལོ་ ༡༩༣༥ ལོར་སྡིང་ཡོན་པ་ཚེ་རིང་དར་རྒྱས། ཕྱི་ལོ་ ༡༩༤༠ ལོར་ཤན་ཁ་བའི་ངོ་ཚབ། ཕྱི་ལོ་ ༡༩༤༢ ལོར་རྟ་མདོ་བ་ཚེ་བརྟན་དབང་ཕྱུག གོང་གསལ་ཤན་ཁ་བའི་རྗེས་ཕྱི་ལོ་ ༡༩༤༢ ལོར་ས་ལུང་པ་ལྷ་དབང་རྒྱལ་པོ། ཕྱི་ལོ་ ༡༩༤༧ ལོར་བྷུམ་པ་སྲས་བསོད་ནམས་དཔལ་མཛོད། ཕྱི་ལོ་ ༡༩༥༠ ལོར་ཁྲི་སྨོན་བསོད་ནམས་དཔལ་འབྱོར་བཅས་ལ་བསྐོ་གཞག་སྩལ་འདུག[11]
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༧།
[2]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༧༧།
[3]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༢༥༤།
[4]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 141.
[5]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 141.
[6]. ཕྱི་ལོ་ ༢༠༡༤ ཟླ་ ༦ པ་ནས་ ༩ པའི་བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གཉིས་ནས་མཉམ་འབྲེལ་གྱིས། བོད་ཀྱི་ལྷོ་ནུབ་སྟོད་མངའ་རིས་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་དུ་གནའ་རྫས་རྐོ་འཚོལ་གྱི་སྙན་ཐོ་ལས་བྱུང་བར་གསལ། http://tb.gnxblzx.com/index.php?m=content&c=index&a=show&catid=24&id=1170
[7]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༢༠།
[8]. ལ་དྭགས་རྒྱལ་རབས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༨༧། ཤོག ༤༢།
[9]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg141.
[10]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།
[11]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།