ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
དང་པོ། ཡུལ་སྡེ་ཆེ་ཁག།
སྤུ་ཧྲེང་། བར་ཁ། ན་ལུག་རོ། གཞུང་པ། གངས་ས། ཧོར། ལྷས་རྒྱ། ཞིང་པ། མ་ཕུག འཁོར་ཆགས། ཞི་བདེ། ཏོག་སྒང་། སྐྱིད་ཐང་། ཆོས་ལུང་། ཁྲི་སྡེ། ནད་མེད། སྟོད་ཡུལ། རྡོ་གཡུ། འཁྱིལ་ལི། རི་གོང་། གདོང་དམར། ཞེར་བ། སྲོག་ཆེན། དར་ཆེན། བྱིའུ་དགོན་པ། ག་ཚ་ཁ། ཉོག་རྩེ། ཁྲུས་སྒོ་དགོན་པ། ཀར་དུང་། ཤིང་ལ། ཤ་ལ་རྩ་ཁུང་། ཤར་ལ་ཉིན། མདུན་ཆུ་དགོན་པ་སོགས་ཡོད།[1]
གཉིས་པ། རི་དང་། ལ། མཚོ། གཙང་པོ།
གངས་དཀར་ཏི་སེ་དང་། སྤོས་ངད་ལྡན་པའི་རི་བོ། རི་བོ་སྨན་མོ་ནག་སྙིལ། གངས་ཚེ་རིང་། རི་ཡི་རྒྱལ་པོ་རྩེ་བརྒྱད། གནམ་རི། གཡུ་ལ་རི། རྟ་བོ་རི། རྫོང་དཀར་པོ་རི། སྟེང་དཀར་རི། རྟ་རི། ཤུ་རི། དགོ་རི། སྔོན་མོ་གོང་རི། ཟངས་མདོག་དཔལ་རི། གཡམ་ལུང་རི། ཀ་ར་རྒན་རི། མེ་འབར་རི། དུག་རི། བོན་རི། གཉན་མདའ་རི། གུང་རི། སྤང་མདོ་དམར་རི། ཀོ་བྲེ་ལ། ཐུན་ལ། ལབ་རྩེ་ལ། གཙང་ལ། ཕྱེ་མ་ལ། པི་ལིང་ལ། ཏིང་དཀར་ལ། བྱང་ལ། སྟེང་ལ། དཀའ་ལ། ཇ་བཟོ་ལ། ལམ་ལུང་ལ། ཕྱེ་མ་ལ། ཤ་བོ་ལ། ན་འོག་ལ། སྡིངས་དཀར་ལ། སྨན་པ་ལ། རྫ་ལ། གུར་རྩེ་ལ། འདམ་ལུང་ལ། ལམ་ལུང་ལ། རྡོ་སེར་ལ། དུག་ལ། ན་ལ། ན་དམར་ལ། གུར་ལ། སྐྱིད་ལྷས་ལ། བྱེ་མ་ལ། པི་གླིང་ལ། རྨ་བྱ་གཙང་པོ། བྲག་གཙང་པོ། སྟོང་མགོ་གཡང་ཆུ། གུར་ལ་ཆུ། འདམ་ཆུ། ལྷ་ཆུ། འཛོམས་ཆུ། གངས་སྟོད་ལྷ་ཆུ། ལུ་མ་ཆུ། ས་གསུམ་ཆུ། སྤང་ལུང་ཆུ། སྤང་འབུར་ཆུ། འོར་སྔོ་ཆུ། དུག་ཆུ། རྨ་བྱ་ཆུ་མགོ། ཤར་ལ་ཉི་ཆུ། ཏ་གླིང་གཙང་པོ། གྲ་ལང་སྡིངས་མཚོ། གཏིང་མཚོ། གུར་རྒྱ་མཚོ། རྐྱང་གྲམ་མཚོ། མཚོ་རུལ་པ། ཆགས་ར་མཚོ། ལུ་མགོ་མཚོ། ཡུལ་གཞུ་མཚོ། གུང་རྒྱུད་མཚོ། མ་ཕམ་གཡུ་མཚོ། ལ་ལྔ་མཚོ་སོགས་ཡོད།[2]
དེ་དག་ལས་གངས་དཀར་ཏི་སེ་རི་བོའི་རི་རྒྱུད་ནི་སྟོད་ཀྱི་སྤུ་ཧྲེང་དང་། འབྲོང་པ། གཙང་ཁུལ་ངམ་རིང་། རྣམ་གླིང་རྫོང་སོགས་བརྒྱུད་ཤར་ཕྱོགས་སུ་གཉན་ཆེན་ཐང་ལྷའི་རི་དང་མཐུད་ཡོད། གངས་དཀར་ཏི་སི་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༦༥༦ བཅས་ལོ་ཧྲིལ་པོར་དཀར་གཙང་ཁ་བས་གཡོགས་ནས་ཆགས་ཤིང་། རི་འདབས་སུ་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་པའི་རང་བྱུང་འབྲོག་ས་མཆིས། གངས་རི་དེ་བཞིན་ཕྱི་ནང་གི་གྲུབ་མཐའ་མང་པོས་གནས་རི་གྲགས་ཅན་ཞིག་ཏུ་ངོས་འཛིན་བྱེད་པས། ལོ་ལྟར་དད་ལྡན་གནས་མཇལ་བ་མང་པོས་གནས་སྐོར་དང་ལྷག་པར་རྟ་ལོ་གངས་རིའི་གནས་སྐོར་ཞེས་རྩ་ཆེར་རྩི་སྲོལ་ཡོད། གནས་མོ་སྣ་གཉིས་རི་བོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་ཆགས་ཤིང་ཧི་མ་ལ་ཡ་རི་བོའི་ནུབ་ཕྱོགས་ཅུང་མཐོ་བའི་རི་ཞིག་ཡིན་ཞིང་། དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༧༦༩༤ དང་ལོ་ཧྲིལ་པོར་གངས་ཀྱིས་གཡོགས་ནས་འཁྱག་རོམ་གྱི་ངོ་བོར་གྲུབ་ཡོད་ཅིང་། རི་འདབས་སུ་རང་བྱུང་འབྲོག་ས་དང་ཞིང་ས་གཤིན་པོ་ཆགས་ཡོད། ཕྱེ་མ་ལ་ནི་རྫོང་གི་ལྷོ་ནུབ་ཏུ་བལ་ཡུལ་རྒྱལ་ཁབ་ས་འབྲེལ་སར་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༠༩༢ ཆགས་ཡོད། ལབ་རྩེ་ལ་ནི་རྫོང་གི་བྱང་ཤར་སྤུ་ཧྲེང་རྫོང་དང་བལ་ཡུལ་ས་འབྲེལ་མཚམས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༠༡༨ ཆགས་ཤིང་། བོད་ཕྱོགས་ཀྱི་རི་ངོས་སུ་རང་བྱུང་འབྲོག་ས་ཡོད།[3]
མ་ཕམ་གཡུ་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༥༨༨ དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༤༡༢ བཅས་གནས་ཤིང་། སྐམ་སའི་དབུས་ཁུལ་གྱི་ཚྭ་མེད་མཚེའུ་དང་མཐའ་འཁོར་ལ་རང་བྱུང་འབྲོག་ས་ཆགས། མཚོ་དེ་ནི་ཕྱི་ནང་གི་ཆོས་ལུགས་ཁག་གི་གནས་མཆོག་སྙན་གྲགས་ཅན་ཞིག་ཡིན་པས། ལོ་ལྟར་ཕྱི་ནང་གི་དད་ལྡན་དང་ཡུལ་སྐོར་ལྗོངས་རྒྱུ་བ་ཇི་སྙེད་ཅིག་གནས་མཇལ་དུ་ཡོང་ཞིང་། ལྷག་པར་རྟ་ལོའི་སྐབས་སུ་དེ་བས་མང་བ་འཛོམས། གུང་རྒྱུད་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༧༦༨ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༦༡ མཆིས། མཚོ་དེ་ནི་ཚྭ་ཆུའི་མཚེའུ་རིགས་དང་མཐའ་འཁོར་དུ་རང་བྱུང་འབྲོག་ས་ཆགས། ལ་ང་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༥༧༣ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༦༨ ལྡན། དེ་ནི་སྐམ་སའི་དབུས་ཀྱི་ཚྭ་མེད་མཚེའུ་ཁོངས་དང་མཐའ་འཁོར་དུ་རང་བྱུང་འབྲོག་ས་ཡོད།[4] རྨ་བྱ་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཕྱོགས་ནས་བྱུང་སྟེ་ནུབ་བྱང་དུ་རྒྱུག་ཅིང་། ལྷོ་ཤར་ཕྱོགས་ནས་རྒྱལ་མཚམས་བརྒལ་ཏེ་བལ་ཡུལ་ནང་དུ་འབྱོར་སྐབས། ཆུ་མིང་དུ་ཧུ་ནཱ་ཁ་ན་ལིའི་ཆུ་བོ་ཞེས་གྲགས་ལ་མཐར་རྒྱ་གར་རྒྱ་མཚོར་འབབ། ཆུ་དེ་བཞིན་བོད་ཀྱི་མངའ་ཁོངས་སུ་རིང་ཚད་སྤྱི་ལེ་ ༡༡༠ དང་རྒྱུག་ཁུལ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༠༢༠ ཡོད། རྒྱུག་ཁུལ་ནང་རང་བྱུང་འབྲོག་ས་དང་ཞིང་ས་གཤིན་པོ་ལྡན། བྲག་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་ཆགས་ཞིང་། རྫོང་ཁོངས་ཀྱི་ཤར་ཕྱོགས་ནས་བྱུང་ཞིང་ནུབ་ཏུ་རྒྱུགས་ཏེ་མ་ཕམ་གཡུ་མཚོར་འདུ། གཙང་པོའི་རིང་ཚད་ལ་སྤྱི་ལེ་ ༧༡ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༨༦༡ དང་ཆུ་བོའི་འབབ་ཁུལ་དུ་རང་བྱུང་འབྲོག་ས་ཆགས་ཡོད།[5]
ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ལས་དང་ཚོང་ལས།
དང་པོ། ཞིང་འབྲོག་ཐོན་ལས།
སྤུ་ཧྲེང་རྫོང་ཁོངས་ནི་ས་མ་འབྲོག་གི་རྫོང་ཞིག་ཡིན་ལ་རྫོང་དེར་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༡.༡ ཡོད་པ་ལས། འབྲུ་རིགས་ཐོན་ཚད་མངའ་རིས་ཁུལ་གྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཀྱི་གསུམ་ཆ་གཅིག་ཡན་ཟིན་གྱི་ཡོད། ལོ་ཏོག་གཙོ་བོ་ནས་དང་། དཔྱིད་གྲོ། པད་ཁ། ཡུངས་དཀར། སྔོ་ཚལ། ལ་ཕུག་སོགས་དང་། རང་བཞིན་གྱི་བཟའ་བཅའི་རིགས་སེར་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། ཟྭ་ཚོད། སིལ་རིལ་སོགས་སྐྱེ་ཞིང་། སྒོ་ཕྱུགས་སེམས་ཅན་གཙོ་བོ་ནོར་དང་། མཛོ། ལུག ར། རྟ་སོགས་གསོ་ཚགས་བྱེད། དམིགས་བསལ་ཐོན་རྫས་གཙོ་བོ་མར། ར་ལུག་གི་པགས་པ། བལ་སོགས་དང་། ལྷག་པར་བྱང་ཁུལ་གྱི་བར་ཁ་དང་ཧོར་གཉིས་འབྲོག་ཁུལ་ཁེ་གཙང་ཡིན་ཞིང་རྩྭ་ས་བཟང་བས་སྒོ་ཕྱུགས་འབོར་ཆེན་ཡོད་ལ་སེམས་ཅན་གྱི་ཤ་ཤེད་ཤིན་ཏུ་ལེགས། ཞིང་ཁུལ་གཙོ་བོ་རྨ་བྱང་གཙང་པོའི་དབུས་རྒྱུད་དུ་གནས་ཤིང་སྟོན་ཐོག་ཏུ་འབྲུ་དང་། དགུན་གྲོ། དཔྱིད་གྲོ། སྲན་མ། པད་ཁ། ལ་ཕུག པད་ཚལ། སྒོག་པ་སོགས་ཐོན།
གཉིས་པ། ཚོང་ལས།
རྫོང་དེའི་ཕྱི་ནང་གྱི་ཚོང་འབྲེལ་ཁག་ནི་རྫོང་སྒོ་གཞན་དང་འདྲ་བར་ཕྱིར་ཚོང་བྱ་རྒྱུའི་དངོས་ཟོག་ནི། ཚྭ་འབྲུ་དང་བལ་སྤུ། ནོར་ནག་དང་པགས་ཚགས། ཤ་མར་དང་ཕྱུར་བ། ཚིལ་ལུ། རྟ། མཛོ། བ་ཕྱུགས། བོང་བུ། བཙུགས་ཕྲུག སྣམ་ཆས། བོད་ཟོན། སྤུ་ཕྲུག སྤང་གདན། ཞྭ་མོ་རྒྱ་སེར། ལ་ཆ། བོད་གྲུམ། སྐྲ་ཤུབ་སོགས་ཡིན། རྫོང་དེའི་ཚོང་ར་ཆེ་ཁག་ཡང་ཝེ་ལེ་ཐང་ཀ་དང་། ལྷོ་ཁྲུས་སྒོ། དར་ཆེན། ཆག་ར་ཅན། བུང་སྡུག་གཞུང་སོགས་སུ་ཚོང་འདུས་རྒྱ་ཆེར་ཚོགས། དེ་སྔའི་ཚྭ་འབྲུའི་ཐང་གཞི་ནི་དབྱར་དུས་ཚྭ་བྲེ་དྲུག་ལ་འབྲུ་བྲེ་བཞི། ལུག་གཅིག་གི་རྒྱབ་བལ་ལ་ཧིན་སྒོར་གཅིག སྟོན་དཔྱིད་གཉིས་ལ་ཚྭ་བྲེ་གསུམ་ལ་འབྲུ་བྲེ་གཅིག མར་ཉ་ག་རེ་ལ་འབྲུ་བྲེ་གསུམ། ཕྱུར་བ་བྲེ་གཅིག་ལ་འབྲུ་བྲེ་གཉིས་བྱེད་སྲོལ་ཡོད། ལ་དཀར་པོ་བྲེ་རེ་དང་འབྲུ་དང་སྲན་མ་བྲེ་རེ་བརྗེ་པོ་རྒྱག་སྲོལ་ཡང་ཡོད། ཕྱི་ཚོང་དུ་འགྲོ་ཡུལ་རྒྱ་གར་དང་། བལ་ཡུལ། ལ་དྭགས་སོགས་ཡིན་ལ། ཡུལ་གྲུ་དེ་རྣམས་ལས་ནང་འདྲེན་དངོས་ཟོག་གི་རིགས་རས་དང་། དར་ལྕོག་ཚོན་སྣ། རྒྱ་ཚོས་སྣ་ཚོགས། འགོ་སྣམ། ཐེར་མ། སྲམ་ལྤགས། གཟིག་ལྤགས། སྟག་ལྤགས། རྟ་ཆས། བུ་ཐང། ཇ་རྩེ་ལམ་པར། ཤིང་ཆས་གདུང་མ། སྤང་ལེབ། དཀྲོག་ཟོམ། མདོང་མོ། གཡག་སྒ། སླེལ་པོ་ཆེ་ཆུང་སྣ་ཚོགས། ཟངས་རག་གི་སྣོད་ཆས། ཧ་ཡང་ཁོ་ལྡིར།
འབྲས། གྲོ་ཞིབ། བྲ་བེ། སོ་བ་དཀར་ནག ཀ་ར་བུ་རམ། རྒུན་འབྲུམ། བྱི་རིལ། བྱེ་མ་ཀ་ར། ཇ་རིལ། རྒྱ་གར་ཇ་སོབ། སྣུམ་ནག་ཤིང་མར། གཡེར་མ། ཨ་རག་དཀར་སྨུག་གཉིས། ཁ་ཆེ་ཤ་སྐམ། ག་པུར། གླ་རྩི། དོམ་མཁྲིས། ཨ་རུ་ར། བ་སོའི་ཕྲེང་བ་དང་བ་སོའི་ལག་གདུབ། བུ་མོའི་ལག་ཏུ་གྱོན་རྒྱུའི་དུང་གི་ལག་གདུབ། ཆུ་ཚོད། གསེར་དངུལ། གཟི། གཡུ་བྱུ་རུ། མུ་མན། མུ་ཏིག ཤེལ་གྱི་ཕྲེང་བ་སྣ་ཚོགས། ཀོ་རེ། ཇུ་ཙི། བེ་ཏ། ཊ་རུ། ཙི་ཊ་ཀ་སོགས་དུས་སྐབས་དེའི་ཞིང་འབྲོག་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་ཚོང་རྫས་སྣ་ཚོགས་ཤིག་ཕན་ཚུན་ཉོ་ཚོང་བྱེད་ཅིང་། དུས་སྐབས་དེའི་ཚོང་འབྲེལ་ཕལ་མོ་ཆེ་ནི་དངོས་ཟོག་ཕན་ཚུན་བརྗེ་ལེན་གྱིས་ཉོ་ཚོང་བསྒྲུབས་ཀྱང་། དུས་ཕྱིས་དངུལ་སྨར་གྱི་འགྲོ་རྒྱུག་ཀྱང་གང་ཙམ་བྱེད་སྲོལ་ཡོད་པ་ལས། ཕྱིའི་དངུལ་སྨར་ཨིན་སྒོར་དང་། བོད་དངུལ་དགའ་ལྡན་ཕོ་བྲང་གི་ཊམ་དཀར་ཁོ་ན་མ་གཏོགས་ཟངས་ཊམ་གྱི་རིགས་འགྲོ་རྒྱུག་མེད་པའང་བརྗོད།[6] ཚོང་འབྲེལ་སྐབས་སུ་ཚོང་པ་ཕན་ཚུན་རང་ཉིད་ཀྱི་ཚོང་ཟོག་རྣམས་འཁྱེར་ཏེ་རང་འདོད་ལྟར་ཚོང་འབྲེལ་གོམས་གཤིས་ཡོད་པར་བརྟེན། ཕན་ཚུན་ཡིད་ཆེས་ཐོག་ངོ་ཤེས་ཞེས་འབོད་ཅིང་བུ་ལོན་ཕར་གཡར་ཚུར་གཡར་བྱེད་པའི་ལམ་སྲོལ་ཡོད།[7]
ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
སྲོག་ཆགས་ཀྱི་རིགས་སུ་ཕྱུགས་དྲེད། གསའ་ལྷ་བོ། སྤྱང་ཀི། ཝ་མོ། གཡི། རྐྱང། འབྲོང་། གནའ་བ། གཉན། དགོ་བ། འཕྱི་བ་དང་། ཁྲུང་ཁྲུང་སྐེ་ནག གོང་མོ། གཙོད་སོགས་ཡོད།[8] སྐྱེ་དངོས་སྒོག་པ་དང་། འཛིམ་བུ། ཤུག་པ། བ་ལུ། སུ་ལུ། གཡའ་ཚན། གངས་དཀར། འཁན་པ། ཆུ་ཤིང་འོམ་བུ། ཐང་ཤིང་དང་། སྟག་པ། བླ་མ་ཤིང་སོགས་དང་། མེ་ཏོག་རིགས་སྣ་ཚོགས། ཟྭ་ཚོད། སྔོ་ཚལ་གླེས། འཛིམ་བུ། ཆུ་དཀར། སྒོག་པ་བླ་མ། རི་སྒོག གྲོ་མ། སེར་ཤ། སྤང་ཤ དབྱར་རྩྭ་དགུན་འབུ། རྩི་དཀར། སྨུག་རྩི། སྤང་སྤོས་སོགས་སྐྱེ། གཏེར་ཁའི་རིགས་ལ་གསེར། ཚ་ལེ། ཟངས། ལྕགས། རྡོ་སོལ། རྡོ་སྣུམ། ཚ་དཀར་པོ། ལྕགས་ཚ། མུ་ཟེ་སེར་པོ། མུ་ཟེ་ནག་པོ། ཟི་ཚ། ས་འོག་རང་བྱུང་རླངས་པ། ཉི་མ་ཁ་ཆུ། བུལ་ཏོག བུལ་ཚ། མཚལ་དམར། རྡོ་རྒྱུས། རྡོ་འབྲུག་རུས། རྡོ་ཁབ་ལེན། ཆུའི་ཁང་། སའི་ཁང་། རྡོ་ཚོན་དཀར་པོ། རྡོ་ཚོན་དམར་པོ། རྡོ་ཚོན་སེར་པོ། རྡོ་ཐོ་ལོ། རྡོ་ལུག་ར། ཤེལ་རྡོ་ནག་པོ། ཤེལ་རྡོ་དཀར་པོ། མེར་རྡོ་དཀར་པོ། མེར་རྡོ་སྔོན་པོ། རྡོ་ཀ་མ་རུ་པ། བྱེ་མ་སྣེ་ལྔ། བྱང་སེམས་དཀར་དམར། མ་གསེར་དུར། ས་དཀར་རྐྱུར། ཅུ་ཀང། ཡང་ཊི་རྡོ། བྲག་ཚ། ཞ་ཉེ། ཏི་ཚ། ངར་ལྕགས། ཧ་ཡང་། རག་གན་སོགས་གཏེར་ཁའི་རིགས་བཞི་བཅུ་ཞེ་ལྔ་ཡོད།[9]ཅེས་གསལ།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. (1) 武振华.西藏地名.中国藏学出版社.1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༢༦༩།
[2]. བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཤོག་ ༢༦༩ ནས་ ༢༧༡།
[3]. 武振华.西藏地名.中国藏学出版社.1995年.
[4]. 武振华.西藏地名.中国藏学出版社.1995年.
[5]. 武振华.西藏地名.中国藏学出版社.1995年.
[6]. གཞུང་པ་ཚེ་རིང་ཆོས་འཕེལ། གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར། ཕྱི་ལོ་ ༢༠༡༦། ཤོག ༣༥༨།
[7]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༩༤-༡༩༥།
[8]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༨།
[9]. མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། གཞུང་པ་ཚེ་རིང་ཆོས་འཕེལ་དང་མཚོ་ཆེན་རྫོང་ཚེ་འཕེལ་གྱིས་བརྩམས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༦༡།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།