རུ་ཐོག་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས། རྫོང་གཞིས་འགྲོ་སྟངས། ཁྲལ་འུལ་ཁྲིམས་གནོན། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

རུ་ཐོག་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས། རྫོང་གཞིས་འགྲོ་སྟངས། ཁྲལ་འུལ་ཁྲིམས་གནོན། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

 

ས་བཅད་དྲུག་པ། རུ་ཐོག་རྫོང་། ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།

དང་པོ། རུ་ཐོག་རྫོང་གི་མིང་ཐོགས་ཚུལ།

སྔར་གྱི་ལོ་རྒྱུས་ཡིག་ཚགས་དང་ཆོས་འབྱུང་ཁག་ཏུ་སྔར་ཡུལ་དེར་ཉི་གོང་སྙན་དམར། གེ་ཁོད་སྙན་ལུང་ངམ་གེ་ཁོད་གཉན་ལུང་། གེ་ཁོད་ཚ་ཁ་ཞེས་བཀོལ་བ་མང་ཡང་ཕྱིས་རུ་ཐོག་ཅེས་ཡོངས་སུ་གྲགས།[1] ཡིག་ཆ་ལ་ལར་རུ་ཐོག་ཅེས་པའི་དོད་དུ་རི་ཐོག་ཅེས་བྲིས་པའང་མཆིས།[2] མངའ་རིས་ཡུལ་གྱི་ཁ་སྐད་དང་རུ་ཐོག་ཡུལ་མིས་རུ་རོག་ཅེས་འབོད།[3]

དེ་མིན་ཞང་ཞུང་སྐབས་རུ་ཐོག་སེང་གེ་རྫོང་དང་། བཤན་པའི་མཁར་རྫོང་ངམ་བཤན་པའི་རུ་རྫོང་ཡང་ཟེར།[4] འོ་ན། ཕྱིས་ཁུལ་དེར་རུ་ཐོག་ཅེས་ཇི་ལྟར་ཐོགས་སམ་ཞེ་ན། དེ་ལའང་གསུང་རྒྱུན་མི་འདྲ་བ་སྣ་ཚོགས་སྣང་དུ་ཡོད་དེ།《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། རུ་ཐོག་ཅེས་པའང་མཁར་རྫོང་རྙིང་པ་དེ་གླང་ཆེན་རི་བོའི་དབྱིབས་མཛོ་མོའི་རུའམ་རྭ་ཅོ་ས་ལ་བཙུགས་ཤིང་ཀ་ལི་གནམ་ལ་བསྟན་འདྲའི་ཐོག་ལ་གནས་ཡོད་པས་ཐ་སྙད་དེ་ལྟར་བྱུང་།[5] ཞེས་གསུངས།

ཡང་《རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་ཤེལ་རྒྱུང་དཀར་པོ།》ལས། གནའ་བོའི་བཤད་རྒྱུན་དུ། རུ་ཐོག་རྫོང་གི་ཁང་མིག་གཅིག་གི་ཐོག་ལ་ཤིང་གི་ཚབ་ཏུ་རུ་(ར་)ཅོ་བཏང་ཡོད་པའི་དབང་གིས་ཡུལ་གྱི་མིང་ལ་རུ་ཐོག་ཅེས་ཐོགས།[6] ཞེས་དང་། ཡང་ངག་རྒྱུན་དུ། སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་རྒན་པ་དཔལ་གྱི་མགོན་ནས་བྱང་གི་གནམ་ས་ལ་འབབ་པའི་མཚོ་ལྟར་སྔོ་འཁེར་རེས་བསྐོར་བ། སྤྲིན་རུས་པ་ལྟར་ཐོག་ཏུ་ཐོན་ཡོང་བ་དེར་ང་འགྲོ་ཟེར་བས། དེ་ནས་རུ་ཐོག་མཚོ་ཡིས་བསྐོར་ཞེས་མིང་བྱུང་བར་བཤད་པ་དང་། དེ་མིན་གླིང་གི་དཔལ་ཐུལ་ཧོར་ཤན་པ་རྨེ་རུ་རྩེའི་དམག་རུ་ཐོག་མཁར་རྫོང་དེར་ཐོག་མར་བཅའ་སྡོད་བྱས་པ་ནས་བཟུང་མཁར་རྫོང་དེའི་རྗེས་གྲུབ་ཀྱི་མིང་དུ་རུ་ཐོག་ཏུ་ཐོགས།[7] ཞེས་མཁར་མིང་ཡུལ་ལ་ཆགས་པ་གསུངས་པ་སོགས་རུ་ཐོག་ཅེས་པའི་མིང་བྱུང་ཚུལ་ལ་གསུངས་རྒྱུན་མང་དུ་མཆིས་སོ།།

 

གཉིས་པ། རུ་ཐོག་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིན་ཞག་ ༤༠ ལེ་དབར་ ༢༨༠༠[8] སར་ཡོད་པའི་རུ་ཐོག་རྫོང་ནི། མངའ་རིས་ས་ཁུལ་གྱི་ནུབ་བྱང་ཕྱོགས་ཁ་ལ་ཁུ་ནུ་རི་དང་། གངས་ཏི་སེའི་ཡན་ལག་རི་རྒྱུད་ཀྱིས་འཕྲེད་བཅད་དུ་ཡོངས་སུ་བསྐོར་ཞིང་། གོ་ལའི་བྱང་གི་འཕྲེད་ཐིག་ ༣༢༚ ༦’ 〜 ༣༥༚ ༥’ དང་། ཤར་གྱི་གཞུང་ཐིག་ ༧༨༚ ༦’ 〜 ༨༢༚ ༤’ བར་དུ་གནས་ཡོད། ཁ་ལ་ཁུ་ནུ་རི་བོ་དང་གངས་ཏི་སེ་རི་བོའི་རི་ལག་གིས་མངའ་ཁོངས་ཡོངས་འཕྲེད་དུ་བཅད་ཅིང་། རྫོང་དེ་ལ་འཛམ་གླིང་ཡང་རྩེའི་ཡང་རྩེ་ཞེས་འབོད། རི་ཁུལ་ཡངས་པའི་མཚེའུ་གཤོང་མཐོ་ཞིང་གྲང་བའི་ཁུལ་དུ་གཏོགས། མངའ་ཁོངས་སུ་རི་བོ་མང་ཞིང་རྒྱུག་ཆུ་དྲ་བ་དྲ་ཕྱེད་ཀྱི་ཚུལ་དུ་ཁྱབ། རྫོང་དེའི་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣། ངོས་ནས་མི་ཊལ་ ༤༥༠༠ ཡས་མས་དང་། མཐོ་ཤོས་རྒྱ་མཚོའི་ངོས་ནས་མི་ཊལ་ ༦༨༠༠ ཟིན། མཐོ་སྒང་བར་གྲང་ཐན་པའི་གནམ་གཤིས་ཁུལ་གྱི་ཁོངས་སུ་གཏོགས།[9]

ལོ་རེའི་ཆ་སྙོམས་དྲོད་ཚད་ ༠༚C ཡིན་ཞིང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༢༚C  དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༤༚C ཡིན་པས། རྫོང་དེར་ཉི་ཕོག་འབེལ་ཆེ་ལ་ཆར་ཆུ་ཤིན་ཏུ་ཉུང་ཞིང་གྲང་ངར་ཆེ་ལ་སྐམ་ཤས་ཤིན་ཏུ་ཆེ། ལོ་དང་ཉིན་གྱི་དྲོད་ཁྱད་ཅུང་ཆེ་ཞིང་རླུང་ཆེན་མང་། སད་མེད་དུས་ཡུན་ཐུང་ལ་ལོའི་ཆར་ཆུ་འབབ་ཚད་ཕལ་ཆེར་སེན་ཊེ་མི་ཊལ་ ༧༠ ནས་ ༨༠ བར་ཡིན། རྒྱུན་མཐོང་རང་བྱུང་གནོད་འཚེ་ཐན་པ་དང་། སད། སེར་བ། གངས། རླུང་སོགས་མང་།[10] རུ་ཐོག་ཁུལ་གྱི་ཕྱོགས་བཞིའི་ས་མཚམས་ནི་བྱང་ཕྱོགས་ཏུར་ཀི་སྟན་ཁུལ་གྱི་ཡེར་ཁན་དང་ལི་ཡུལ་སོགས་དང་ས་འབྲེལ་དུ་གནས། ནུབ་ཕྱོགས་སུ་ལ་དྭགས་དང་བྷལ་ཏི་སྟན། ཀ་ཤྲི་སྨྲི་བཅས་དང་ས་འབྲེལ་དུ་གནས། ནང་ཁུལ་ཤར་ཕྱོགས་སུ་མངའ་རིས་དགེ་རྒྱས་རྫོང་དང་སྒེར་རྩེ། ལྷོར་སྒར་རྫོང་བཅས་དང་ས་འབྲེལ་གྱི་ཆགས་ཡོད།

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།

དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་རུ་ཐོག་རྫོང་།

རྫོང་དེ་བཞིན་མིའི་འགྲོ་བ་ཤིན་ཏུ་ཆགས་སྔ་བའི་ཁུལ་ཞིག་ཡིན་པར་མ་ཟད། ལྷག་པར་དུ་ཁུལ་དེར་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ནས་མི་ལོ་བཞི་སྟོང་ལྔ་སྟོང་གི་ལོ་རྒྱུས་ལྡན་པ་ནི། མི་སྔར་གྲ་ཕུ་ཞེས་པའི་ས་ཆ་ནས་རྡོ་ཆས་ངོ་གྲངས་ཉི་ཤུ་རྩ་དྲུག་རྙེད་སོན་བྱུང་ཡོད་ཅིང་། ས་ཆ་དེ་ནི་མངའ་རིས་རུ་ཐོག་རྫོང་ཁོངས་རེ་བཅོལ་ཤང་གི་གྲ་ལུང་ཞེས་པའི་འབྲོག་ར་དེའི་ཕུ་ཡིན་པ་ཡིད་ཆེས་བྱ་ཆོག་པ་འདུག་སྙམ། ས་ཆ་དེ་ནས་བཙལ་རྙེད་བྱུང་བའི་རྡོ་ཆས་ངོ་གྲངས་ཉི་ཤུ་རྩ་དྲུག་ཡོད་པའི་ནང་ནས་རྡོ་གཡམ་དང་རྡོ་རིལ་ལག་ཆ་རེ་ཟུང་ཕུད། དེ་མིན་བཟོ་དབྱིབས་ལ་བལྟས་ཚེ་ཚང་མ་གཞོག་བྱེད་ཀྱི་ལག་ཆ་རིང་ཐུང་ཁག་གཉིས་དང་། འབིགས་བྱེད་ཀྱི་ལག་ཆ་རྣོ་ཅན་ཤ་སྟག་རེད་འདུག  ཕུག་པའི་བཟོ་བཀོད་ནི་མིའི་རིགས་ཀྱི་སྡོད་གནས་ཐོག་མར་ས་ཕུག་དང་། དེ་ནས་ས་ཕུག་ཕྱེད་ཙམ་གྱི་བཟོ་བཀོད་ནས་ས་ངོས་ཀྱི་བཟོ་བཀོད་ཕྱོགས་སུ་འཕེལ་རྒྱས་ཕྱིན་པའི་མཚོན་རྟགས་ཤིག་ཡིན་ལས་ཆེ།  མངའ་རིས་ནི་ཞང་ཞུང་ཤེས་རིག་གི་སྒོ་ཁུངས་ལྟ་བུ་སོང་གཤིས། དུང་དཀར་ལྡེབས་རིས་ཕུག་པ་དང་། མདའ་པ་མཁར་གྱི་ཕུག་པའི་རྗེས་ཤུལ། ཁྱུང་ལུང་དངུལ་མཁར་གྱི་རྗེས་ཤུལ། གུ་གེའི་བྲག་ཕུག་བཟོ་བཀོད་དག་ལ་ལོ་ངོ་སུམ་སྟོང་བཞི་སྟོང་ལས་མི་འཕྱི་བའི་ལོ་རྒྱུས་ཡོད་པ་[11]རྩེ་མཐུན་དུ་སྨྲ་བར་རྒྱུ་མཚན་མེད་པ་ཅི་ལ་སྲིད།

བཙན་པོའི་དུས་རབས་ཀྱི་འགོ་སྟོད་དུ་རུ་ཐོག་ཁུལ་དེ་ཞང་ཞུང་རྒྱལ་ཕྲན་གྱི་ཁོངས་སུ་གཏོགས་ཤིང་། ཡུལ་དེར་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་བྱུང་སྟེ་རྒྱལ་སྲིད་དབང་བསྐྱངས་བ་དང་། དུས་སྐབས་དེར་ད་ལྟའི་རྫོང་དེའི་ཁུལ་ནི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ནང་ནས་མུ་མུར་ཐོག་རྒོད་རྒྱལ་པོ་ཨིནྜ་འོད་ཀྱི་བྱ་རུ་ཅན་གྱིས་དབང་མཛད་པའི་ཡུལ་ཞིག་ཡིན།[12] ཞེས་བྱུང་། དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་སྒྱུར་སྐབས། ཞང་ཞུང་རྒྱལ་པོ་ལིག་མིག་སྐྱ་ཕམ་ཉེས་བཏང་སྟེ་ཞང་ཞུང་ཡུལ་དེ་བཙན་པོའི་མངའ་ཁོངས་སུ་བསྡུས་པ་དང་། དུས་རབས་དགུ་པའི་ནང་བོད་སིལ་བུར་ཐོར་བའི་སྐབས། མངའ་བདག་འོད་སྲུང་ཀྱི་དབོན་པོ་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་ཆེ་བ་ལྷ་ཆེན་དཔལ་གྱི་མགོན་ལ་ཆབ་འབངས་སུ་གནང་འདུག  དུས་དེ་ནས་བཟུང་རུ་ཐོག་ཁུལ་དེ་དཔལ་གྱི་མགོན་གྱི་རྒྱུད་པས་ལོ་ངོ་བརྒྱ་ཕྲག་ཁ་ཤས་དབང་བསྒྱུར་མཛད།[13]

གཞན་ཡང་། ཁུལ་དེའི་མི་རབས་བགྲེས་པའི་ཞལ་རྒྱུན་དུ། རུ་ཐོག་ནི་གླིང་གིས་དཔལ་ཐུལ་ཧོར་ཤན་པ་རྨེ་རུ་རྩེའི་བཞུགས་གནས་ཡིན་པར་གསུངས་ཤིང་། ཡུལ་དེའི་མཐའ་འཁོར་དུ་རྩྭ་ཐང་ན་དྲུག་ཡོད་པ་ནི། ཤར་དུ་མ་དག་གི་རྩྭ་ཐང་། ལྷོར་ལྕགས་ཁང་གྲུར་གུའི་ཞ། ནུབ་ཏུ་རེ་ཆོ་གཞུང་བོ་ཆེ། ནུབ་བྱང་དུ་དབོ་གཞུང་། བྱང་དུ་བྱང་གཞུང་། བྱང་ཤར་མཚམས་སུ་གཙང་མཁར་ཞ་བཅས་དྲུག་ལ་ཧོར་གྱི་ན་དམར་གཞུང་དྲུག་ཏུ་གྲགས་པར་མ་ཟད། རྫོང་དེའི་ས་རི་མཚོ་གསུམ་གྱི་ཐ་སྙད་མི་ཉུང་བ་ཞིག་གླིང་གེ་སེར་རྒྱལ་པོའི་སྐོར་དང་འབྲེལ་ནས་ཤོད་སྲོལ་མཆིས།[14] བོད་ཁམས་སུ་ས་སྐྱ་དང་། ཕག་གྲུ། རིན་སྤུངས་བཅས་ཀྱིས་རིམ་པས་སྲིད་འཛིན་གྱིས་དབང་ལུང་སྐབས་རུ་ཐོག་ནི་སྔར་མུས་བཞིན་ཁྲིམས་འགོ་རང་བཙན་པའི་ཚུལ་དུ་གནས་ཡོད་བཟོ་འདུག་ལ།  གཙང་པའི་སྲིད་དབང་སྒྱུར་སྐབས་ལ་དྭགས་རྒྱལ་པོས་(༡༦༣༠-༡༦༨༣)དུས་རབས་ཕྱེད་ཀ་ཙམ་བཙན་བཟུང་གིས་ཁ་ལོ་བསྒྱུར་ཡོད།

དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་བཞིན་པའི་འགོ་སྟོད། ཕྱི་ལོ་ ༡༦༣༠ ལོར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་རུ་ཐོག་དང་ཟངས་དཀར་ཕྱོགས་སུ་དཔུང་འཇུག་གིས་བཙན་འཕྲོག་བྱས་ཏེ། སེང་གེ་རྣམ་རྒྱལ་ཕ་བུས་ལོ་ངོ་ལྔ་བཅུ་ལྷག་མངའ་རིས་ཁུལ་ལ་དབང་སྒྱུར་བྱས་པ་ལས། རུ་ཐོག་གི་ཁུལ་རྣམས་ལ་དྭགས་རྒྱལ་པོའི་བུ་གསུམ་ཡོད་པ་ལས་ཆེ་བ་བདེ་ལྡན་རྣམ་རྒྱལ་གྱིས་དབྱར་དུས་བཞུགས་ཡུལ་དུ་མཛད་འདུག། ཕྱི་ལོ་ ༡༦༨༠ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་པའི་དམག་དཔོན་དགའ་ལྡན་ཚེ་དབང་གིས་མངའ་རིས་སྐོར་གསུམ་ནས་ལ་དྭགས་རྒྱལ་པོའི་དབང་ཤུགས་མཐར་སྤྲོད་ཀྱིས་ཁུལ་དེར་དབང་བསྒྱུར་མཛད། དུས་དེ་ནས་རུ་ཐོག་ཡང་མངའ་རིས་སྒར་དཔོན་གྱི་མངའ་འོག་རྫོང་བཞི་དཔོན་དྲུག་གི་ཡ་གྱལ་དུ་གྱུར་པའི་རུ་ཐོག་རྫོང་དུ་གཏན་འཁེལ་བྱས་ཤིང་། རུ་ཐོག་རྫོང་གི་རྫོང་དཔོན་ཐོག་མར་ལ་བོད་དམག་འཁྲུག་སྐབས་སུ་བྱས་རྗེས་ཅན། སོག་པོའི་དམག་དཔོན་ཆེན་པོ་སོག་པོ་ཨོ་པ་ཤ་ཞེས་པ་དེ་བསྐོས།[15] ཞེས་འཁོད།

བོད་གཞུང་དགའ་ལྡན་ཕོ་བྲང་པའི་དུས་སྐབས་སུ་རུ་ཐོག་རྫོང་ནི་གཞུང་འོག་རིམ་དྲུག་རྫོང་སྒོ་འབྲིང་གྲས་རྫོང་སྡོད་སེར་མོ་བ་གཅིག་གིས་སྐྱོང་བའི་རྫོང་ཞིག་ཡིན་ཅིང་།[16] ཕྱི་ལོ་ ༡༨༣༥ ནས་གནས་ལྔ་པའི་ཏོག་འཛིན་ཤོད་དྲུང་གཏོང་སྲོལ་བྱུང་།[17] ཞེས་འཁོད། གང་ལྟར་ཡང་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྐབས་སུ་རུ་ཐོག་རྫོང་དེར་རྫོང་དང་བླ་བྲང་བཅས་ཚན་པ་གཉིས་སུ་ཕྱེས་ཤིང་། རྫོང་སྲིད་གཞུང་གི་དཔོན་རིགས་ལྷ་ས་ནས་བཀའ་ཤག་གིས་ཐད་ཀར་མངག་གཏོང་གནང་ལམ་དང་། བླ་བྲང་གི་མཁན་པོ་བསྐོ་གཏོང་སེར་བྱེས་མཁས་སྙན་གྲྭ་ཚང་གིས་གནང་ལམ་བྱུང་འདུག

ལོ་རྒྱུས་ཐོག་རུ་ཐོག་རྫོང་གི་རྫོང་དཔོན་དུ་རྩེ་དྲུང་བློ་བཟང་བཀྲ་ཤིས་ལོ་རྒྱུན་རིང་པོར་བཞུགས་འདུག་ལ། ཕྱི་ལོ་ ༡༨༠༡ ལོར་མགྲོན་གཉེར་རྙིང་པ་ཡེ་ཤེས་རྒྱལ་མཚོ་བསྐོས། ཕྱི་ལོ་ ༡༨༡༤ ལོར་བརྒྱ་དཔོན་ཚེ་བརྟན་རྡོ་རྗེ། ཕྱི་ལོ་ ༡༨༢༠ ནས་བཀའ་བློན་རྟ་མགྲིན་ཚེ་དབང་གི་ཞོར་སྐྱོངས་སུ་སྩལ། ཕྱི་ལོ་ ༡༨༢༩ ལོར་རྩེ་དྲུང་འབུམ་ཐང་པའི་ཐབ་རྟེན་ཞོར་སྐྱོངས་སུ་སྩལ། ཕྱི་ལོ་ ༡༨༣༧ ལོར་རྩེ་དྲུང་ཐོགས་མེད་བསྟན་དར་གྱི་ཐབ་རྟེན་ཞོར་སྐྱོངས་སུ་སྩལ། འདིའི་ངོ་ཚབ་བསྟན་པ་དཔལ་ལྡན་ལ་སིང་དམག་དོན་སྐབས་དགྲ་ལག་ཏུ་ཚུད་པའི་གནས་དབྱུང་ཚབ་ཕྱི་ལོ་ ༡༨༤༡ ལོར་རྩེ་དྲུང་རྟ་དབང་བློ་བཟང་ཆོས་འཕེལ་བསྐོས། ཕྱི་ལོ་ ༡༨༤༥ ལོར་ཕུན་ཚོགས་དཔལ་བཟང་། ཕྱི་ལོ་ ༡༨༤༧ ལོར་རབ་བརྟན་རྒྱ་མཚོ། ཕྱི་ལོ་ ༡༨༤༩ ལོར་བདེ་འཁྱིལ་སྐུ་གཉེར་སྐལ་བཟང་འཇིགས་མེད། ཕྱི་ལོ་ ༡༨༥༩ ལོར་རྩེ་དྲུང་འཇམ་དབྱངས་ཀུན་དགའ། ཕྱི་ལོ་ ༡༨༦༤ ལོར་དགེ་འདུན་འཇམ་དབྱངས། ཕྱི་ལོ་ ༡༨༦༨ ལོར་བློ་བཟང་བྱང་ཆུབ། ཕྱི་ལོ་ ༡༨༧༡ ལོར་བྱམས་པ་ཆོས་གྲགས།[18] ཞེས་པ་སོགས་ཕེབས་འདུག

༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚེའི་སྨད་ཙམ་ལ་རུ་ཐོག་རྫོང་གི་རྫོང་དཔོན་དུ། དེ་སྔ་དབྱིན་ལན་དུ་བོད་ཕྲུག་བཞི་སློབ་གཉེར་དུ་ཕེབས་མཁན་གྲས་སྨོན་གྲོང་མཁྱེན་རབ་ཀུན་བཟང་ཕེབས་འདུག་ལ། ཕྱི་ལོ་ ༡༩༥༩ ལོར་རུ་ཐོག་རྫོང་གི་རྫོང་སྡོད་ལས་ཐོག་རྩེ་དྲུང་བལ་པོའམ་ཤར་རྩེ་ཡེ་ཤེས་ཐུབ་བསྟན་བསྐོ་རྫོང་གནང་འདུག[19] བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༦༡ ལོར་ད་ལྟའི་རུ་ཐོག་རྫོང་བཙུགས་ཤིང་སྐབས་དེར་ཤར་ཏུར་ཀི་སི་ཐན་ནམ་ཡུ་གུར་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་བཅུག་མོད། ལོ་ ༡༩༧༨ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཚུར་བཅུག་བྱས་པ་དང་རྫོང་སྲིད་གཞུང་གནས་བདེ་ཞེས་པར་གནས་ཡོད།

གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

 

༡ རྫོང་གཞིས་འགྲོ་སྟངས།

རུ་ཐོག་རྫོང་གི་ཆོས་སྲིད་འཛིན་སྐྱོང་ལྟེ་གནས་ཆགས་ཡུལ་རི་སྡིག་པ་ར་ཙའི་རྭ་དབྱིབས་ཅན་གྱི་ཤར་རྩེར་རྫོང་མཁར་དང་། ནུབ་རྩེར་མཁན་ཕྱག་གི་གཟིམ་ཤག་ཆགས་ཡོད་ཅིང་།[20] རྫོང་དེའི་གཞི་རིམ་རྫོང་གཞིས་འགྲོ་སྟངས་ཐད་རྫོང་དཔོན་དུ་དབུས་གཞུང་ནས་རྩེ་དྲུང་ཞིག་ལས་ཡུན་ལོ་གསུམ་རིང་བསྐོས་མངགས་ཀྱིས་འཛིན་སྐྱོང་བྱེད་པ་དང་། དེ་མིན་རུ་ཐོག་དགོན་གྱི་མངའ་ཞབས་སུ་གཏོགས་པའི་ཆོས་གཞིས་ཁག་འཛིན་སྐྱོང་བྱེད་པོར། གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ལས་ཡུན་ལོ་དྲུག་རེར་མཁན་ཕྱག་གཉིས་མངག་གཏོང་གནང་ལམ་ཡོད་འདུག[21] རྫོང་གི་སྲིད་འཛིན་སྒྲིག་གཞིའི་ཐད་གོ་གནས་མཐོ་ཤོས་རུ་ཐོག་རྫོང་སྡོད་ཡིན་པ་དང་། དེའི་འོག་ཏུ་སྐུ་ཚབ་བཞི་(ཚ་ཁ་སྐུ་ཚབ། གུལ་པ་སྐུ་ཚབ། ལྕགས་ཁང་སྐུ་ཚབ། ལྐོག་སྡེ་པའི་སྐུ་ཚབ།)དང་། གཞུང་རྒྱུག་ཚོ་པ་བཞི་(མཁར་སྟོད་ཚོ་པ། མཁར་སྨད་ཚོ་པ། ཤར་སྣ་ཚོ་པ། ནུབ་སྣ་ཚོ་པ།) དང་། ཆོས་གཞིས་འགོ་པ་གཅིག་བཅས་ཡོད།[22] རྫོང་དཔོན་གྱིས་ཁྲལ་བསྡུ་ཁྲིམས་གནོན་སོགས་ཕྱི་ནང་ཞི་དྲག་གི་ལས་འགན་གཙོ་བོར་འཛིན་ཞིང་། དོ་གལ་ཆེ་དཔོན་དང་། ཚོང་དཔོན་བཞི། གོང་གསལ་ཚོ་པ་བཞི་པོའི་འགོ་དཔོན་བཅས་ཀྱིས་གཞི་རིམ་ཚོ་པ་ཁག་གི་ཁྲལ་བསྡུ་ཁྲིམས་གནོན་སོགས་རྫོང་དཔོན་ལ་གཞོགས་འདེགས་སྒྲུབ་དགོས།[23] རུ་ཐོག་དགོན་གྱི་ཆོས་གཞིས་འཛིན་སྐྱོང་ལ་སེར་བྱེས་གྲྭ་ཚང་ནས་བསྐོས་པའི་གོང་གསལ་མཁན་ཕྱག་གཉིས་ཀྱི་གཙོས། འགོ་པ་གཅིག་དང་ལྷུན་གྲུབ་ཆོས་སྡེ་གླིང་གི་མཁན་པོ། དགེ་སྐོས། གཉེར་པ་སོགས་ལས་སྣེ་བྱ་སྤུ་གནོན་གྱི་ཚུལ་མཆིས།[24] གཞན་ཡང་གོང་འཁོད་ཚོ་པ་བཞི་དང་ཆོས་གཞིས་འགོ་པ་དང་བཅས་ལ་རྒྱུན་གཏན་སྐྱ་སེར་ཚོ་པ་ལྔ་ཞེས་ཀྱང་འབོད་།[25]

དེ་སྔ་རྫོང་དེའི་འཛིན་སྐྱོང་མངའ་ཞབས་ཁྱོན་ཡོངས་ལ་གཞུང་ཆོས་མི་སེར་ལེབ་ཚོ་[26]དགུ་དང་ཟུར་སྡོད་ལེབ་ཚོ་དྲུག་ཡོད་པ་ལས། གཞུང་ཆོས་ལེབ་ཚོ་དགུ་ནི་རྟིང་སྨད་ལེབ་ཚོ། རྟིང་སྟོད་ལེབ་ཚོ། ར་སང་ལེབ་ཚོ། རོག་གསུམ་བྱང་མ་ལེབ་ཚོ། ལྕགས་ཁང་ལེབ་ཚོ། རི་ཆོས་ལེབ་ཚོ། དབོ་བྱང་ལེབ་ཚོ། སྡེ་འོག་ལེབ་ཚོ་བཅས་དགུ་དང་།(ར་བང་དང་། གཏིང་རྩེ་སྟོད། གཏིང་རྩེ་སྨད། ལྕགས་ཁང་། དབོད་བྱང་། རེ་ཆོ། གུད་པ། གཙག་བུ། ལྐོག་སྡེ་པ་བཅས་ལེབ་ཚོ་དགུའི་མིང་མི་འདྲ་བར་བཀོད་འདུག དེ་རྣམས་འབྲོག་སྡེ་ཤ་སྟག་ཡིན་ལ། རུ་ཐོག་རྫོང་རང་ལ་ཤ་མར་གྱི་ཁྲལ་འཁྲི་སྒྲུབ་བྱེད་དགོས།[27]) དེ་བཞིན་ཟུར་སྡོད་ལེབ་ཚོ་དྲུག་ཅེས་པའང་བྱང་སྨད་ལེབ་ཚོ། བྱང་སྟོད་ལེབ་ཚོ། བོད་རོང་ལེབ་ཚོ། བློ་གླིང་ལེབ་ཚོ། རུ་ཐོག་ལེབ་ཚོ། གུལ་པ་ལེབ་ཚོ།(ཨ་རུ་དང་། གདུང་རུ། སུམ་བཞི། མ་འཁོར། ར་ཁ། རྡོ་དམར་བཅས་ལེབ་ཚོ་དྲུག་གི་ཐ་སྙད་མི་འདྲ་བར་སྤྱད་འདུག ལེབ་ཚོ་དྲུག་པོ་དེ་ནི་རུ་ཐོག་སྡེ་པའི་མངའ་ཁོངས་ཀྱི་རྩྭ་སྡེ་དག་ཡིན་ཅིང་། ཚོ་པ་དེ་ཚོས་རུ་ཐོག་རྫོང་ལ་རྩྭ་རིན་དང་ཆུ་རིན་ཏོག་ཙམ་སྤྲོད་པ་ལས་ཁྲལ་འཁྲི་ཐད་ཀར་ལྷ་སར་འབུལ་དགོས་། ཚོ་པ་དེ་དག་གི་མི་སེར་རྣམས་རུ་ཐོག་རང་གི་མི་མིན་ཞིང་། ཁམས་སོགས་ཕྱིའི་མི་ཤ་སྟག་ཡིན་པས་འཁྱམ་པོ་བསྡུ་རུབ་ཀྱི་སྡེ་ཡང་ཟེར།[28])བཅས་ཡོད། མདོར་ན་རྫོང་དེའི་ལྷོ་བྱང་གཞུང་གསུམ་ལ་ནང་གསེས་ཕྱེ་ན། སྐྱ་སེར་ཚོ་པ་ལྔ་དང་བྱང་སྡེ་ཚོ་པ་བཞི་བཅས་ཁྲལ་གྱི་རྐང་འཛིན་ལེབ་ཚོ་དགུ་དང་། རྫོང་དཔོན་གྱི་ཐད་སྐྱོང་འོག་ལེབ་ཚོ་གཅིག  ཟུར་སྡེ་ཚོ་པ་ཆུང་ཆུང་གཉིས་བཅས་ལེབ་ཚོ་ཆེ་ཆུང་བཅུ་གཉིས་དང། བླ་རྫོང་གི་ཐད་སྐྱོང་འོག་གནས་པའི་རུ་ཐོག་གི་ལྐོག་པ་དང་ཆོས་ལུང་གོང་མ་དང་ཆོས་ལུང་འོག་མ། རེད་པ། སྣལ་ཐག་པ་བཅས་ཡུལ་ཆུང་ལྔ་ལ་རུ་ཐོག་མ་ཁག་བཅུ་བདུན་ཞེས་ཀྱང་བརྗོད་སྲོལ་མཆིས།[29]

དེ་མཚུངས་གོང་དུ་བྱུང་བའི་དོ་གལ་ཆེ་དཔོན་ཞེས་པ་ནི་ཡུལ་དེའི་ཡུལ་སྲུང་འགོ་པའམ་ཡུལ་གྱི་དཔུང་དམག་ཁྲིད་མཁན་ལ་རུ་ཐོག་དོ་གལ་ཆེའི་དཔོན་ཞེས་བརྗོད། དེ་ཡང་། སྟོད་མངའ་རིས་སྒར་རྫོང་དྲུག་སྦྲེལ་གྱི་དཔོན་ཁག་དྲུག་གི་ཡ་གྱལ་ཞིག་ཡིན།[30] དེའི་འོག་ཏུ་འདོན་ཉིས་བརྒྱ་དགུ་བཅུ་གོ་དྲུག་ཅེས་དམག་མི་གོ་ལག་ཆ་ཚང་ཉིས་བརྒྱ་དགུ་བཅུ་གོ་དྲུག་ཡོད་ཅིང་། དེ་ནི་སྟོད་མངའ་རིས་སྐོར་གསུམ་གྱི་ནང་ནས་དམག་འདོན་མང་ཤོས་དེ་ཡིན་འདུག[31] དེ་མིན་རྫོང་རང་ལ་རྫོང་སྡོད་ཀྱི་གཤམ་ཏུ་ལས་ཀྱི་སྣེ་མོ་བར་ཁང་གཉེར་གཅིག  སྐར་རྩིས་པ་གཅིག  སྨན་པ་གཅིག  ལྕགས་བཟོ་པ་གཅིག  རྡོ་སུར་རྡུང་འབུད་མཁན་གཉིས། ཆིབས་དཔོན་བཞི། ས་ཞིང་གི་དོ་དམ་བྱེད་མཁན་རྐང་བདག་གཅིག  ཆུ་དཔོན་གཅིག  ཆུ་གཡོག་བཅུ་བདུན། ཚོང་ཁྲིམས་སྐུ་ཚབ་གཅིག ལུག་དཔོན། ལུག་པ་མི་ལྔ། གཡག་པ་གསེར་ཧྲེང་རྐང་ཁྲལ་རྒྱུག་མཁན་བཞི། རྟ་རྒྱུག་གི་རྒྱུག་དཔོན་གཅིག རྒྱུག་ཕྲུག་ལྔ། རྫོང་ཁང་ཉམས་བཟོ་དང་། ཨར་པོ་རྒྱག་མཁན་བཅོ་ལྔ། ཤིང་ཆུ་སྐྱེལ་མཁན་དང་ཐབ་གཡོག་བྱེད་མཁན་མོ་ཧྲེང་མི་བརྒྱད།[32]བཅས་གཞི་རིམ་རྫོང་གཞིས་ཀྱི་གྲུབ་ཆ་དང་འགྲོ་སྟངས་དེ་ཙམ་མཆིས་སོ།།

 

༢ ཁྲལ་འུལ་ཁྲིམས་གནོན།

དེ་སྔ་རུ་ཐོག་གི་ཁྲལ་རིགས་ཇི་ཡོད་སྐོར་ལ། སྐོར་དཔོན་བློ་བཟང་མཁྱེན་རབ་ཀྱི་《རུ་ཐོག་རྫོང་གི་སྔ་ཕྱི་ལོ་རྒྱུས།》སུ། སྔར་རུ་ཐོག་ཏུ་ཁྲལ་རིགས་བརྒྱད་ཅུ་ཞེས་གཞུང་གིས་ཁྲལ་བསྡུ་བཞེས་གནང་སའི་ཁྲལ་རིགས་མི་འདྲ་བ་བརྒྱད་ཅུ་ཡོད་པ་འདྲ།[33] ཞེས་རུ་ཐོག་ཁུལ་དུ་ཁྲལ་རིགས་མི་འདྲ་བ་བརྒྱད་ཅུ་ཡོད་པར་གསུངས། སྤྱིར་རུ་ཐོག་རྫོང་འོག་ཏུ་རྫོང་ཁག་གཞན་དང་མི་འདྲ་བའི་བྱང་གསེར་ཁྲོག་གསེར་དཔོན་གྱིས་བཀའ་བཀོད་ལྟར་གསེར་ཁྲལ་འཇལ་མཁན་བྱང་སྡེ་ཚོ་པ་བཞི་ཡང་ཡོད།[34] རུ་ཐོག་ཁུལ་གྱི་ཁྲལ་རིགས་བསྡུ་སྟངས་དང་ཁྲིམས་སྲོལ་ལ། ཁྲལ་རིགས་བསྡུ་བ་པོ་དང་། བསྡུ་བའི་དུས་ཚོད། བསྡུ་གནས། ཚད་གཞི། རྣམ་གྲངས་བཅས་ལྔའི་སྟེང་ནས་བཤད་ན། གཅིག་ཁྲལ་རིགས་སྡུད་པ་པོ་ནི། རྫོང་གི་ལས་སྣེ་དོ་གལ་དཔོན་ཆེན་ཞེས་རུ་ཐོག་རྫོང་གི་ཡུལ་སྲུང་དམག་དཔོན་དང་། སྐྱ་སེར་ཚོ་པ་ལྔ་ཞེས་སྐྱ་བོའི་ཚོ་པ་བཞིའི་འགོ་པའི་སྟེང་ཆོས་གཞིས་མཁན་ཕྱག་བཅས་ལྔ་ནི་ཁྲལ་རིགས་བསྡུ་ལེན་བྱེད་པོ་ཡིན།

གཉིས་ཁྲལ་བསྡུའི་དུས་ཚོད་ནི། རྫོང་དེར་ཁྲལ་བསྡུའི་དུས་ཚོད་གཏན་འཁེལ་ངང་ལོ་གཅིག་ནང་ཁྲལ་བསྡུ་ཆེན་མོ་ཐེངས་གསུམ་བསྡུ་སྲོལ་མཆིས། དེ་ཡང་། བོད་ཟླ་ ༡ ནང་རྒྱལ་ལོའི་ཁྲལ་བསྡུ་ཆེན་པོ་དང་བོད་ཟླ་ ༧ པར་རྩིས་མོ་ཆེ་ཁྲལ་བསྡུ་ཆེན་པོ། བོད་ཟླ་ ༩ ཟླ་མཇུག་ཏུ་དགུ་གཏོར་ཁྲལ་བསྡུ་ཆེན་མོ་བཅས་ཚོགས།[35] བློ་གྲོས་ཆོས་འཛིན་ཀྱིས་བྲིས་པའི་《མངའ་རིས་ས་ཁུལ་དུ་ཚུགས་པའི་རྒྱུན་སྲོལ་ཚོང་འདུས་འགའ་ཞིག་གི་མཐོང་ཐོས་སྐོར།》ཞེས་པར། རུ་ཐོག་ཁུལ་དུ་ཁྲལ་བསྡུའི་དུས་ཚོད་གཙོ་ཆེ་བ་ཚོང་འདུས་ཁག་དང་དུས་བསྟུན་ནས་བསྡུ་སྲོལ་ཡོད།[36] ཅེས་གསུངས།

གསུམ་པ་ཁྲལ་གྱི་བསྡུ་གནས་ཁག་གཙོ་བོ་ནི། རྟིང་སྟོད། ལེབ་ར། བྲག་སྒོར་འཁོར། ར་པང་ལེབ་ར། རུ་ཐོར་ལེབ་ར། དབེ་བྱང་ལེབ་ར་བཅས་སུ་ཚུགས་ལ། གསེར་ཁྲལ་ནི་བཀའ་བཟང་ཕྲོག་དང་། སྙན་པོ་ཕྲོག་གི་གསེར་ཁར་བསྡུ་བ་ཡིན།

བཞི་པ་ཁྲལ་བསྡུ་སྟངས་ཚད་གཞི་ནི། ཚོ་པ་རེ་རེ་ནས་མགོ་ཞོ་ཁྲལ་རིགས་འབུལ་དགོས། དཔེར་ན། བྱང་སྟོད་ནས་རུ་ཐོག་རྫོང་ལ་ཀོ་ཕུད་གསེར་ཞོ་ ༣། རྟིང་རྩེ་ནས་རྩྭ་རིན་གསེར་ཞོ་ ༣། རྩེ་ཕྱག་ལས་ཁུངས་ཕྱག་སྣེ་ངོ་ཕེབས་ཀྱི་མགོ་ཞོ་གསེར་ཟངས་ཞོ་ ༤༥། སྟོད་སྒར་དཔོན་སྦྲེལ་པོ་ལ་ནོར་ཁྲལ་གསེར་ཞོ་ ༢༣ དང་། བལ་ཁྲལ། ལེ་ཁྲལ། ཚ་ཁྲལ་སོགས་ལོ་ལྟར་འབུལ་དགོས།[37]

ཁྲལ་བསྡུའི་ཚད་གཞི་བརྩི་ཚུལ་ལ་ལེབ་གཞུང་གི་ཚད་གཞིའི་ཐོག་ནས་བསྡུ་ལེན་བྱེད་ཅིང་། ལེབ་གཞུང་གི་ཚད་གཞི་ནི། མི་གཅིག  རྟ་གཅིག  གཡག་གཅིག  ར་ལུག་བཅུ། ས་ཞིང་སོན་བྲེ་བཅུ་བཅས་རེར་གཡག་མགོ་རེ་རྩིས་ཏེ། གཡག་མགོ་བཅུ་རེར་ལེབ་གཞུང་རེ་རྩི།[38] ལྔ་ཁྲལ་གྱི་རྣམ་གྲངས་ལ། ལག་འདོན་དུ་བལ་ཁྲལ། ལེ་ནའི་ཁྲལ། མར་ཁྲལ། ཤ་ཁྲལ། ཚྭ་ཁྲལ་སོགས་ཁྲལ་རིགས་གཙོ་བོ་དང་། དེ་མིན་ཁྲལ་རིགས་ཆུང་གྲས་སུ་གྲོ་མའི་ཁྲལ། སོལ་བའི་ཁྲལ། བསང་གི་ཁྲལ། བཙག་གི་ཁྲལ། དཀར་རག་དང་ས་ནག་གི་ཁྲལ། བུལ་ཏོག་གི་ཁྲལ། ཕྱགས་མའི་ཁྲལ་སོགས་འཁྲི་སྒྲུབ་བྱེད། དངུལ་སྨར་གྱི་ཁྲལ་རིགས་འཁྲི་ཡུལ་ཡང་ཡོད་དེ། ར་ལུག་བཅུ་རེར་ཊམ་དཀར་གཅིག་རེ། ཚྭ་ལུག་རྒྱབ་བཅུ་རེ་ལ་ཊམ་དཀར་གཅིག་རེ། གཡག་རེར་ཊམ་དཀར་གཅིག་རེ། ཕྲུ་གུ་སྐྱེ་སྐབས་བྱིས་པར་སྨན་གཏེར་ཞེས་ཊམ་དཀར་གཅིག་རེ་སོགས་བསྡུ།

གཞན་ཡང་རྐང་འགྲོའི་ཁྲལ་རིགས་ལ་ས་ཚིགས་སོ་སོར་གཞུང་འབྲེལ་ལམ་ཡིག་ལྟར་འུ་ལག་རྒྱུག་དགོས་པ་ཕུད། དམིགས་བསལ་རྫོང་དཔོན་ལ་གཞུང་ལུག་ཅེས་ཕྱི་རྒྱལ་ཏུ་ཚྭ་ཚོང་གཏོང་རྒྱུའི་ལུག་ལྔ་བརྒྱར་ལུག་ཕད་རང་འགྲིག་དང་། ལུག་པ་མི་ལྔ་བཅས་གཏོང་དགོས། དེ་བཞིན་གུལ་པ་ཚོ་པ་ནས་རྫོང་དཔོན་ལ་དམིགས་བསལ་གྱི་ལག་འདོན་དུ་མར་ཁྲལ་འཇལ་དགོས་པ་དང་། རྐང་འདོན་དུ་གཡག་པ་མི་ཧྲེང་བཞི་འཁྲི་བ་ཡིན། ཕྱོགས་མཚུངས་སྐྱ་སེར་ཚོ་པ་ལྔ་ནས་རྫོང་གི་སྐུ་ཚབ་བཞི་ལ་བཞུགས་གུར། གདན་ལྕོག   མེ་ཤིང་། ཐབ་གཡོག  བཞུ་མར་བཅས་འཐུས་ཚང་སྒྲིག་འབུལ་ཞུ་དགོས། རྫོང་གི་སྐུ་ཚབ་རྣམས་ཀྱིས་རྫོང་དེའི་ས་འགག་ཁག་སྲུང་ཆ་དང་སྦྲགས། ཕྱི་རྒྱལ་དང་ནང་ཁུལ་རྫོང་གཞན་གྱི་ཚོང་པར་དངོས་ཟོག་གི་འབོར་དང་རིན་ཐང་ལ་གཞིགས་པའི་ཚོང་ཁྲལ་བསྡུ་ལེན་བྱེད་པར། ཕྱི་རྒྱལ་ཚོང་པར་དངུལ་ཁྲལ་ཕུད་དངོས་ཟོག་མཐའ་དག་གི་ཁ་གྲངས་ལྔ་བཅུ་ནས་གཅིག་ཁྲལ་བསྡུ་བྱེད། རུ་ཐོག་རྫོང་ནས་རང་གི་མངའ་ཞབས་སུ་མི་ཚུད་པའི་མི་སེར་ཚྭ་སྒྲུབ་ཏུ་ཡོང་བ་དག་ལ་ཁྲལ་དོད་དུ་རྒྱབ་ཚྭ་རྒྱབ་ལུག་བརྒྱ་རེ་ནས་ལུག་ཕད་གཅིག་བསྡུ་སྲོལ་མཆིས། དེ་མིན་རྫོང་དེ་ནས་དབུས་གཞུང་གི་སྐུ་ཚབ་གསེར་དཔོན་དང་བཀྲས་ལྷུན་བླ་བྲང་གི་སྐུ་ཚབ་གསེར་དཔོན་གྱིས་གྲྭ་བཙུན་ཕུད། སྐྱེས་པ་རང་ལོ་བཅུ་དྲུག་ནས་དྲུག་ཅུ་བར་དང་བུད་མེད་རང་ལོ་ཉི་ཤུ་ནས་དྲུག་ཅུ་བར་གྱི་སྐྱེས་ཕོ་མོ་དབྱེར་མེད་ཀྱིས། མི་མགོ་རེ་ནས་ལོ་ལྟར་གསེར་ཞོ་གང་རེ་འཁྲི་སྒྲུབ་བྱེད་དགོས་པ་ཡིན། དེ་དག་ལ་བྱང་པ་སྟོད་ཚོ་ནི་དབུས་གཞུང་གི་ཁྲལ་མིའི་ཁུངས་དང་། བྱང་པ་སྨད་མ་རྣམས་བཀྲས་ལྷུན་བླ་བྲང་གི་གསེར་གཞུང་ཁྲལ་མིར་གཏོགས། མདོར་ན་རྫོང་དེ་ནས་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་མི་ཉུང་བ་ཞིག་སྒྲུབ་འཇལ་ཞུ་དགོས་པར་མ་ཟད། ལྷག་པར་རུ་ཐོག་གསེར་གྱི་ཁྲོག་པའི་ཁུལ་ནི་མངའ་རིས་ཁྱོན་ཡོངས་ནས་གསེར་ཁྲལ་འཇལ་མཁན་ཆེ་ཤོས་དེ་ཡིན་པར་བཤད།[39]

རྫོང་འོག་ཆོས་གཞིས་ཁག་གི་ཁྲལ་འུལ་འཁྲི་སྒྲུབ་བྱེད་ཚུལ་ཡང་། ཁུལ་དེའི་ཆོས་གཞིས་ཆེ་གྲས་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་འོག་མི་སེར་གྱི་ཁྲལ་རིགས་ལའང་། ཆོས་གཉིས་རྐྱང་གཉིས་ཞེས་ཆོས་གཞིས་མི་སེར་ཁྲོད་ནས་འདུར་རྒྱུག་ཆོས་གཞིས་དང་། ནང་གཡོག་ཆོས་གཞིས་སྣ་ཁག་གཉིས་ཡོད་འདུག དེ་ལས་དང་པོས་རྫོང་འགོ་གཞུང་རྒྱུག་མི་སེར་དང་ཁྲལ་རིགས་མཉམ་རྒྱུག་བྱེད་པར་མ་ཟད། བླ་བྲང་གི་ནང་ཁྲལ་ཡང་རྒྱུག་དགོས་ལ། མི་སེར་དེ་དག་ལ་མཁར་དབང་ས་གཞིས་སོགས་རང་དབང་ཏུ་ལྡན། གཉིས་པར་ཆོས་གཞིས་ནང་གཡོག་དང་དགོན་པའི་ནང་ཁྲལ་འཁྲི་བ་ལས་ཁྲལ་རིགས་གཞན་དག་འཁྲི་སྒྲུབ་བྱེད་མི་དགོས། རུ་ཐོག་དགོན་པར་ཞིང་ཁལ་དྲུག་བཅུ་སྐོར་དང་། རྟ་གཡག་ར་ལུག་གི་ཕྱུགས་རིགས་ཆིག་ཁྲི་ལྷག་མངའ་ཞིང་། དེ་རྣམས་ཁྲལ་རྐང་དུ་མི་སེར་ལ་བཏང་བར་ལོ་རེར་ར་ལུག་གཡག་བཅས་ལ་མ་གསུམ་བུ་གཉིས་དང་། འབྲི་བེའུ་ཡོད་པར་ཤེ་མར་ཉག་བཅོ་ལྔ། ཡར་མ་རེར་མར་ཉག་སུམ་ཅུ། ར་མ་རེ་ནས་མར་ཉག་ ༥ དང་ལེ་ན་ཉག་ ༡། ར་ཕོ་རེར་ལེ་ན་ཉག་ ༢། ལུག་རེར་བལ་ཉག་ ༦ བཅས་བསྡུ་ཞིང་། ཁྲལ་བསྡུ་བྱེད་ཚུལ་ནི་རྫོང་གཞིས་གཞན་དག་དང་གཅིག་མཚུངས་སུ་སྣང་ཞིང་། བསྡུ་བྱའི་དངོས་རྫས་དེ་དག་གི་བརྒྱ་ཆ་བརྒྱད་ཅུ་ཡན་ནི་གདན་ས་ཆེན་པོ་སེར་བྱེས་གྲྭ་ཚང་གི་སློབ་གཉེར་བའི་སློབ་ཡོན་འཚོ་རྟེན་དུ་སྤྱོད་པ་དང་། ཡུལ་ལུང་ལ་ནད་མཚོན་མུ་གེ་སོགས་བཀྲ་མ་ཤིས་པའི་རྐྱེན་ངན་རིགས་མི་ཡོང་བའི་སླད་ཞབས་བརྟན་སྐུ་རིམ་གྱི་གཏོང་དམིགས་ཡིན་འདུག

རྫོང་དེའི་ཁྲིམས་གནོན་གྱི་ཆ་ནས་ཁྲིམས་བདག་གི་དབང་ཆ་གཙོ་བོ་ནི་གཞུང་བསྐོས་རྫོང་སྡོད་ལ་ལྡན་ཞིང་། དེས་རྫོང་ཁོངས་མངའ་ཞབས་སུ་གཏོགས་པའི་ཡུལ་སྡེ་ཚོ་པ་ཁག་ཏུ་རྐུན་ཇག་གཡོ་འཕྲོག་དང་རྩྭ་ས་རྩོད་གླེང་། བཟའ་ཚང་གྱོད་གཏུག་དང་གཉེན་སྒྲིག་གཏོང་ལེན། ནོར་ལུག་རྩིས་གཤེར་དང་རི་ཀླུང་བཀོད་འདོམས། མི་རྩ་བདག་སྤྲོད་སོགས་ས་གནས་ཀྱི་གྱོད་དོན་ཁག  རྫོང་གི་ཞལ་ལྕེ་ལྟར་ཁྲིམས་ཐག་ཉེས་གཅོད་བྱེད་ཀྱང་། མི་གསོད་ཁྲག་སྦྱོར་དང་རྐུན་ཇག་ཚབས་ཆེན་གྱི་རིགས་མངའ་རིས་སྒར་དཔོན་དང་སྤྱི་ཁྱབ་བརྒྱུད། རིམ་བཞིན་དབུས་གཞུང་ལ་ཁྲིམས་གཏུག་ཐག་གཅོད་བྱེད། དེ་བཞིན་དགོན་འོག་ཆོས་གཞིས་ཁག་གི་ཁྲིམས་ནི་གྲྭ་ཚང་གི་མཁན་ཕྱག་ཟུང་ནས་གནོན་ཞིང་། རྫོང་ཁོངས་མི་སེར་དང་དགོན་འོག་མི་སེར་བར་ཁྲིམས་འགལ་དོན་རྐྱེན་བྱུང་རིགས་རྫོང་དགོན་ལྷན་འཛོམས་ཀྱིས་ཁྲིམས་ཐག་གཅོད། གཞན་ཡང་རྫོང་དགོན་མི་སེར་བར་གཉེན་སྒྲིག་སྐབས་ཕན་ཚུན་མི་ཚབ་གཏོང་སྲོལ་དང་། མི་ཚབ་མེད་པར་གཉེན་སྒྲིག་བྱས་ཚེ་དཔོན་ཁུངས་སོ་སོར་ཁྲལ་འཇལ་དགོས་པར་མ་ཟད། རང་ཉིད་ཀྱི་ཕྲུ་གུའང་ཕོ་ཕ་བདག་དང་མོ་མ་བདག་ཅེས་རང་ཁོངས་སུ་མི་རྩ་བདག་སྤྲོད་བྱེད་སྲོལ་མཆིས།[40] ཁྲིམས་གཅོད་དུ་ཉེས་དོན་ཆེ་ཆུང་ལ་ལྟོས་པའི་རྟ་ལྕག་གཞུ་བ་དང་དུས་བཀག་བཙོན་ལ་འཇུག་བྱེད་པ་ལས། སྲོག་ཁྲིམས་དང་ཚེ་བཙོན་སོགས་ཉེས་པ་དྲག་པོའི་རིགས་གཏོང་སྲོལ་མ་མཆིས།

 

གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

རུ་ཐོག་ཁུལ་གཞུང་སྒེར་ཆོས་གསུམ་གྱི་མངའ་ཞབས་བདག་ཐོབ་ཐད། རུ་ཐོག་རྫོང་རང་གི་ཐད་སྐྱོང་ཁྲལ་སྡེ་ཁག་དང་བཀྲས་ལྷུན་བླ་བྲང་གིས་ཐད་སྐྱོང་འོག་གནས་པའི་ཡུལ་སྡེ་ཁག་དང་། བོད་གཞུང་སྐུ་ཚབ་གསེར་དཔོན་དང་བཀྲས་ལྷུན་བླ་བྲང་སྐུ་ཚབ་གསེར་དཔོན་གྱིས་ཐད་སྐྱོང་འོག་གནས་པའི་བྱང་པ་སྟོད་སྨད་ཚོ་པ་གཉིས་ལ་གསེར་གཞུང་ཁྲལ་མི་ཁག་ནི་གཞུང་རྒྱུག་ཁྲལ་པའི་ཁོངས་སུ་གཏོགས་ཤིང་། སྒེར་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པ་དང་། སེར་བྱེས་གྲྭ་ཚང་གི་མཛོད་གཉེར་སྐུ་ཚབ་བླ་བྲང་ཕྱག་མཛོད་བཅས་སྒེར་གྱི་བདག་ཐོབ་རྣམས་ལ་དགོན་པའི་དཀོར་པ་ཁྲལ་མེད་ཅེས་འབོད་ལ། སེར་བྱེས་གྲྭ་ཚང་དང་རུ་ཐོག་དགོན་གྱི་མངའ་ཞབས་ཁག་ནི་ཆོས་གཞིས་ཀྱི་ས་རིས་མི་སེར་གྱི་རིགས་སུ་གཏོགས་པ་རྣམས་ཡིན།[41] རྫོང་དེའི་ས་རིས་མི་རྩ་བརྒྱ་ཆ་ཕལ་མོ་ཆེ་གཞུང་རྒྱུག་ཁྲལ་ཁོངས་དང་དེ་བྱིངས་སྒེར་ཆོས་གཉིས་ཀྱི་དབང་རིས་སུ་གཏོགས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

 

[1].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༤༧-༥༡།

[2].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༤༨།

[3].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༨།

[4].  སྐོར་དཔོན་བློ་བཟང་མཁྱེན་རབ། བོད་ལྗོངས་སྟོད་མངའ་རིས་རུ་ཐོག་རྫོང་གི་སྔ་ཕྱིའི་ལོ་རྒྱུས། དཔེ་སྐྲུན་ཁང་དང་པར་ལོ་མི་གསལ། ཤོག ༡༤།

[5].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༨།

[6]. བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༥༢།

[7].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༤༧-༥༢།

[8]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༢༩༤།

[9]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 149.

[10].  西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 149.

[11].  ཚེ་རྡོ། རྡོ་མཁར་དང་། དགོན་སྡེ། གླིང་ཁ། ཀྲུང་གོའི་བོད་ལྗོངས། ཕྱི་ལོ། ༢༠༠༨།༩ ཤོག ༢༥།

[12].  བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༡༣།

[13].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡།

[14].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༩༣།

[15].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༩།

[16]. 多杰次仁,西藏封建农奴制社会形态,中国藏学出版社。2005.Pg 338.

[17].  བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༡༤༨།

[18]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[19].  གཞུང་པ་ཚེ་རིང་ཆོས་འཕེལ། མཚོ་ཆེན་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་ཞུས། ཕྱི་ལོ་ ༢༠༠༣། ཤོག ༢༣།

[20].  ར་བང་བ་ལྷ་བ་ཚེ་རིང་གྲགས་པ། ཕ་ཡུལ་རུ་ཐོག་རྫོང་སྡེ་ཡི་སྔོན་བྱུང་ལོ་རྒྱུས་ཡིད་ཀྱི་མེ་ལོང་། ཤེས་རིག་དཔར་ཁང་། ཕྱི་ལོ་ ༢༠༡༥། ཤོག ༣༢།

[21].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༩༧།

[22].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༢།

[23].  བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༨། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩། ཤོག ༡༤༩།

[24].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༢།

[25].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༩༧།

[26].  ལེབ་ནི་ཁྲལ་བསྡུའི་གྲངས་འབོར་ཚད་གཞི་ཞིག་ཡིན། དེ་ཡང་། གཞུང་འབྲེལ་ལེབ་གཞུང་ཞེས་གཏན་འབེབས་ཀྱིས་མི་གཅིག་དང་། རྟ་གཅིག གཡག་གཅིག ར་བཅུ། ས་ཞིང་བྲེ་བཅུ་བཅས་རེར་གཡག་མགོ་རེ་བརྩིས་པས། གཡག་མགོ་བཅུ་རེར་ལེབ་རེ་བརྩིས་པའི་སྟེང་ནས་ཁྲལ་རིགས་འཁྲི་སྒྲུབ་བསྡུ་ལེན་བྱེད།

[27].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༢།

[28].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༢།

[29].  ར་བང་བ་ལྷ་བ་ཚེ་རིང་གྲགས་པ། ཕ་ཡུལ་རུ་ཐོག་རྫོང་སྡེ་ཡི་སྔོན་བྱུང་ལོ་རྒྱུས་ཡིད་ཀྱི་མེ་ལོང་། ཤེས་རིག་དཔར་ཁང་། ཕྱི་ལོ་ ༢༠༡༥། ཤོག ༣༢།

[30].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༠།

[31].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༩༨།

[32].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༩༨ ནས་ ༩༩།

[33].  སྐོར་དཔོན་བློ་བཟང་མཁྱེན་རབས། བོད་ལྗོངས་སྟོད་མངའ་རིས་རུ་ཐོག་རྫོང་གི་སྔ་ཕྱིའི་ལོ་རྒྱུས། ཤོག ༢༨།

[34].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༠།

[35].  བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༩༩།

[36].  བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་རང་སྐྱོང་ལྗོངས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་ཨུ་ཡོན་ལྷན་ཁང་། ཕྱི་ལོ་ ༡༩༩༠། ཤོག ༡༦༢།

[37].  བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༢༠༡།

[38].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༠༠།

[39].  བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག་ ༢༠༨ ནས་ ༢༡༣།

[40].  བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༨། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩། ཤོག ༡༥༠།

[41].  ར་བང་བ་ལྷ་བ་ཚེ་རིང་གྲགས་པ། ཕ་ཡུལ་རུ་ཐོག་རྫོང་སྡེ་ཡི་སྔོན་བྱུང་ལོ་རྒྱུས་ཡིད་ཀྱི་མེ་ལོང་། ཤེས་རིག་དཔར་ཁང་། ཕྱི་ལོ་ ༢༠༡༥། ཤོག ༡༨༦།

བརྒྱུད་སྐུལ།

མཆན་སྤེལ།