ས་བཅད་བདུན་པ། སྒེར་རྩེ་རྫོང་།
ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།
དང་པོ། སྒེར་རྩེ་རྫོང་གི་མིང་ཐོགས་ཚུལ།
དེང་གི་སྒེར་རྩེ་རྫོང་གི་ཁོངས་སུ་དེ་སྔའི་སྒེར་རྩེ་ཚོ་པ་དང་། བསེ་འཁོར་ཚོ་པའི་མངའ་ཁོངས་གཉིས་ཚུད་ཡོད་ཅིང་དེ་གཉིས་མཉམ་བསྡུས་ཀྱིས་སྒེར་རྩེ་རྫོང་དུ་བཏགས། ཡུལ་དེར་སྒེར་རྩེ་ཞེས་ཐོགས་དོན་ནི་བར་སྐབས་ཤིག་ལ། བོད་ཤར་ཕྱོགས་ཨ་མདོ་ཁུལ་སོག་པོ་དུང་ཏོག་ཅན་གྱི་མངའ་འོག་ཏུ་གཏོགས་པའི་སྒེར་རྩེའི་ཡུལ་ནས་ཡོང་བའི་གྲོང་པ་མི་ཚང་བདུན་མངའ་རིས་བྱང་ཐང་འབྲོག་ཁུལ་དུ་གཞིས་ཆགས་པར་སྒེར་རྩེ་དུད་བདུན་ཞེས་གྲགས་ཤིང་། མི་འཁྱམ་དེ་དག་ཡུལ་དེར་ཐོག་མར་སླེབས་མཚམས་འབྲོག་དུད་ཁག་ལ་རྐུན་འཕྲོག་བཅོམ་གསུམ་སོགས་ཚུལ་མིན་རྩིང་སྤྱོད་དང་ཁྲིམས་འགལ་གྱི་བྱ་བ་ཅི་རིགས་བྱས་པས།
ཡུལ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་བྱང་འབྲོག་རྣམས་སྡོད་གླགས་མ་བཟོད་པར། སྟོད་རུ་ཐོག་ཁུལ་དུ་གནས་སྤོས་མ་བྱེད་ཐབས་མེད་བྱུང་བར་བཤད་ཅིང་། རིམ་པས་ཁུལ་དེར་སྒེར་རྩེ་དུད་བདུན་གྱིས་བཙན་བཟུང་བྱས་པས་ཡུལ་གྱི་མིང་ལའང་སྒེར་རྩེ་ཞེས་རུས་མིང་ས་མིང་ལ་ཐོགས་པར་འདོད།[1]
ཕྱིས་ཁམས་ནང་ཆེན་འབོང་པའི་མི་ཡང་ད་ལྟའི་སྒེར་རྩེ་ཁུལ་དུ་སླེབས་པས་[2] ཁ་རྒྱུན་ལའང་། བྱང་པ་ཧར་ཤི་སྟོང་ཤུལ་ལ་སྒེར་འབོང་གཉིས་ཀྱི་ལེབ་སྒར་ཆགས།[3] ཞེས་གྲགས་སོ།། འབྲོང་པ་ལ་འབོང་པ་ཞེས་འབོད་མུས་སུ་འདུག་མོད། གཤམ་དུ་འབྲོང་པ་ཞེས་དགོད་རྒྱུ་ཡིན། ཡང་བཤད་སྒྲ་དགའ་ལྡན་དཔལ་འབྱོར་གྱིས་གསུངས་ན། བཀའ་བློན་བཤད་སྒྲ་དོན་གྲུབ་རྡོ་རྗེ་ཕྱི་ལོ་ ༡༨༠༨ ཡས་མས་སུ་འགུ་ལོག་གྱོད་ཞིབ་ཏུ་ཕེབས་སྐབས། འཐབ་འཁྲུག་བྱ་བ་ཆེ་མ་དགོས་པར་བྱེད་གཏེ་རྣམས་བྱང་བརྒྱུད་སྟོད་སྒེར་རྩེ་དང་ཡར་ཁྱིམ་(མཁྱེན་)ཕྱོགས་བྲོས་བྱོལ་གྱི་རྗེས་འདེད་མཐར་སྤྲོད་དང་།[4] ཞེས་བྱུང་བ་ལས་ཁུལ་དེར་འགུ་ལོག་གི་ཚོ་པ་ཡང་སླེབས་ཡོད་པ་གསལ་བཤད་བྱུང་ཡོད། ཡང་བསེ་འཁོར་ཞེས་པ་ནི་རུས་མིང་བསེ་ཞེས་པའི་གཉེན་དང་འཁོར་རྒྱུད་ཚང་མ་གནས་སྡོད་བྱེད་པའི་ཆ་ནས་ཐ་སྙད་དེ་ལྟར་བྱུང་འདུག
གཉིས་པ། སྒེར་རྩེ་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།
སྒེར་རྩེ་རྫོང་ནི་བོད་བྱང་ཕྱོགས་མཐོང་སྒང་གི་དཀྱིལ་ཁུལ་གོ་ལའི་བྱང་གི་འཕྲེད་ཐིག་༣༡༚༤’༣༥༚༧’ དང་། ཤར་གྱི་གཞུང་ཐིག་ ༨༡༚༩’༨༦༚༡’ བར་དང་ལྷོ་བྱང་ཐང་མཐོ་སྒང་མཚེའུ་གཤོང་ས་མངའ་རིས་ཁུལ་གྱི་ཤར་ཕྱོགས་སུ་ཆགས་ཡོད། ཡུལ་དེའི་ས་བབ་ཡོངས་རྫོགས་རི་མཐོའི་རོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ས་ཁམས་ཁྱོན་ཡོངས་ཐང་མེད་རི་བབ་ཁོད་སྙོམ་ལ་ས་དབྱིབས་ནུབ་བྱང་ནས་ལྷོ་ཤར་དུ་འཁྱོགས། རྫོང་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་མི་ཊལ་ ༤༧༠༠ དང་། དམའ་ཤོས་རྒྱ་མཚོའི་ངོས་ནས་མི་ཊལ་ ༤༤༡༦ བར་ལ་ཆགས་ཡོད་ཅིང་། རྒྱུན་གཏན་གྱི་གནམ་གཤིས་མཐོ་སྒང་བར་གྲང་ཐན་པའི་དུས་རླུང་གནམ་གཤིས་ཁུལ་དུ་གཏོགས་སོ།།[5]
རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༤༚ C ཡིན་པ་དང་། ཟླ་ ༡ ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༤༚ C ཟླ་ ༧ ཆ་སྙོམས་དྲོད་ཚད་ ༨༚ C བཅས་རེེད་འདུག སྤྱི་ཡོངས་དུས་བཞིར་གྲང་ངར་དང་སྐམ་ཤས་ཆེ་ལ། རླུང་ཆེན་མང་བ། དྲོད་ཁྱད་ཆེ་བ། ཉི་ཕོག་དུས་ཡུན་རིང་། ལུ་མ་རིང་གི་མཚམས་ནས་ལྷོ་བྱང་གནམ་གཤིས་ཁྱད་པར་ཅུང་ཆེ། ལོའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༣༡༦༠ ཡན་དང་། ལོའི་ཆར་ཆུ་འབབ་ཚད་མི་ལི་མི་ཊལ་ ༡༨༩.༦༠ ལ་སོན་ཞིང་། གངས་འབབ་དུས་ཡུན་ཉིན་ ༦༠ ཡས་མས་བཅས་རེད།[6]
ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།
དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་སྒེར་རྩེ་རྫོང་།
སྔ་མོ་ས་ཆ་དེ་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ཡོད་པ་ལས་བར་པ་རྟ་སྒོ་དང་། དྭངས་རིས་འཁོར། བྱང་ལ་ཤང་རི་རྒན། ལྷོ་ད་རོག་མཚོ། བྲག་ཡས་ཚྭ་མཚོ་གླང་པོ་འབུར་དཀར་སོགས་ས་ཆ་དེ་དག་ཏུ། བྱང་བ་ཧ་ཤུ་གཏོང་ཤུལ་ཞེས་པའི་རིགས་རྒྱུད་ཚོ་ཁག་འཚོ་གནས་བྱེད་པའི་གནའ་ཤུལ་མཐོང་དུ་ཡོད་འདུག ཕྱི་ལོ་ ༡༩༥༩ ཡར་སྔོན་དུ་དེང་གི་སྒེར་རྩེ་རྫོང་ཞེས་བཏགས་པའི་ཁུལ་དེར་སྒེར་རྩེ་དང་། བསེ་འཁོར། པང་པ་བཅས་ཚོ་པ་གསུམ་གྱི་གནས་ཡུལ་ཡིན་ཅིང་། དེ་གསུམ་ཐོག་མར་རིགས་རྒྱུད་ཀྱི་མིང་ཡིན་པ་གང་ཞིག་ཕྱིས་ཚོ་པའི་མིང་དུ་གྱུར་བ་དང་། དེ་དག་སོ་སོ་བོད་གཞུང་དང་བཀྲས་ལྷུན་བླ་བྲང་གི་ཁྱབ་ཁོངས་སུ་གཏོགས་མོད། བོད་ལ་དུས་འགྱུར་བྱུང་བསྟུན་ཕྱི་ལོ་ ༡༩༦༠ ལོར་ད་ལྟའི་སྒེར་རྩེ་རྫོང་བཙུགས་པ་དང་། ཕྱི་ལོ་ ༡༩༦༡ ལོར་རྫོང་གནས་ཡུལ་སྨན་སྟོང་གྲོང་ཚོ་ནས་ད་ལྟའི་ལུ་མ་རིང་པོར་སྤོས། ཕྱི་ལོ་ ༡༩༧༠ ལོའི་ལོ་མཇུག་ཏུ་སྒེར་རྩེ་རྫོང་གི་མངའ་ཁོངས་ཀྱི་ལམ་ལྷོའི་ཁུལ་ཕྱེད་ནས་ནུབ་ཕྱོགས་ཕྲལ་ཏེ་མཚོ་ཆེན་རྫོང་གསར་དུ་བཙུགས་འདུག་གོ།[7]
གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།
༡ སྒེར་རྩེ་དཔོན་ནམ་ཚོ་པའི་སྐོར།
ལོ་རྒྱུས་ཐོག་སྒེར་རྩེ་ཞེས་པའི་ས་ཆ་དེར་མངའ་རིས་སྐོར་གསུམ་གྱི་བྱང་པ་གནས་སྡོད་བྱེད་ཀྱི་ཡོད་མོད། གོང་བརྗོད་ལྟར་ཕྱིས་བོད་ཀྱི་ཤར་ཕྱོགས་ཨ་མདོ་ཁུལ་སོག་པོ་དུང་ཏོག་ཅན་གྱི་མངའ་འོག་ཏུ་གཏོགས་པའི་སྒེར་རྩེའི་ཡུལ་ནས་ཡོང་བའི་གྲོང་པ་མི་ཚང་བདུན། མངའ་རིས་བྱང་ཐང་འབྲོག་ཁུལ་དུ་སླེབས་ནས་གནས་སྡོད་བྱས་པར་སྒེར་རྩེ་དུད་བདུན་ཞེས་པ་ཐོག་མར་བྱུང་། དེ་ཡང་། ཐོག་མར་ཁོ་ཚོས་ཇག་རྒྱག་པ་དང་འབྲོག་པའི་དུད་འགྲོ་འཕྲོག་བཅོམ་བྱེད་པ་དང་། རྩྭ་ཐང་གི་ཆ་ཤས་ཟིན་པ་སོགས་ས་དེར་རྒྱུན་སྡོད་བྱང་པའི་འབྲོག་པ་དག་སྡོད་གླགས་མ་བཟོད་པར་སྟོད་རུ་ཐོག་ཁུལ་དུ་གནས་སྤོས་བྱས་པས། རིམ་བཞིན་ཡུལ་གྱར་དུ་འོང་བའི་སྒེར་རྩེ་དུད་བདུན་གནས་གཞིས་ཆགས་ཤིང་གནས་སྡོད་བྱས་སྐད། བྱང་པའི་ཡུལ་དེ་བཞིན་ཡངས་ཤིང་རྒྱ་ཆེ་ལ་འབྲོག་ས་ལྟ་ན་སྡུག་པ་ཞིག་ཡིན་ལ། ཐོན་ཁུངས་གཙོ་ཆེ་ཚྭ་ནི་དུས་ངེས་མེད་དུ་རིན་མེད་ལ་སྔོག་འདོན་བྱེད་ཆོག་པ་སོགས། ཚོང་ཁུངས་ཕུན་སུམ་ཚོགས་པའི་སྐོར་མདོ་ཁམས་ཁུལ་གྱི་ཡུལ་མིས་ཐོས་ནས། སླར་ཡང་གྲོང་གྲངས་ལྔ་བཅུ་ང་གཉིས་ཙམ་གསར་དུ་གནས་སྤོས་པས་ཁམས་སྡེ་གྲོང་པ་ལྔ་བཅུ་ང་དགུ་ཞེས་པ་བྱུང་།[8]
དུས་སྐབས་དེ་ཙམ་ནས་ས་ཆ་དེར་ཁམས་སྡེ་མི་འབོར་མང་དུ་ཕྱིན་པས། རྟག་ཏུ་ཇག་བརྒྱབས་རྐུན་འཕྲོག་གིས་བརྡབ་གསིག་ཚད་མེད་བཟོ་གི་ཡོད་གཤིས། བྱང་པ་བསེ་འཁོར་འབྲོག་སྡེས་བོད་སྡེ་པ་གཞུང་ལ་ཞུ་གཏུག་བརྒྱབས། བསེ་འཁོར་ནི་སྡེ་པ་གཞུང་གི་ཁྲལ་ཁུངས་མ་ཟིན་ཞིག་ཡིན་སྟབས། དེ་ལ་སྲུང་སྐྱོབ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་བར་དམིགས་ནས་ལམ་སེང་བཀའ་རྒྱ་ཕེབས་ཏེ་སྒེར་རྩེའི་ཕྱི་ལྕགས་རི་ལྟ་བུ་བསེ་འཁོར་བསྲུང་དགོས་ཞེས་པས་ན། སྒེར་རྩེ་ཕྱི་ཡི་ལྕགས་རི། བསེ་འཁོར་ནང་གི་ནོར་བུ་ཞེས་པ་དེ་དུས་བྱུང་ངོ་།། དེ་ནས་རིམ་གྱིས་འཕེལ་ནས་མི་ཚང་མང་པོ་བྱུང་ལ། འབྲོང་རྒྱུད་དང་། གཙང་རྒྱུད། ནགས་ཤོད་རྒྱུད། སེ་རོའི་རྒྱུད། ཧར་ཤུལ་རྒྱུད། ག་རྒྱའི་རྒྱུད། དོང་པའི་རྒྱུད་བཅས་མཉམ་དུ་འདྲེས་ནས་ཕྱིས་སུ་སྒེར་རྩེའི་མི་རུས་ལྔ་བརྒྱ།[9] ཞེས་པ་ལས་ཁུལ་དེར་ཆགས་པའི་ཚོ་པ་སྔ་ཕྱི་གཉིས་ཀྱི་འཕེལ་རིམ་སྐྱ་ཐིག་ཙམ་རྟོགས་ནུས་པའོ།།
ཚོ་པ་དེའི་སྲིད་འཛིན་འགྲོ་སྟངས་ལ་མཚོན་ན་ཚོ་པའི་འཛིན་སྐྱོང་གཙོ་བོ་སྒེར་རྩེ་དཔོན་དང་དེའི་འོག་རྒན་པོ་[10]གསུམ་ཡོད་པ་སྟེ། དཔོན་གྱི་མངའ་ཞབས་སེང་སྟོད་དང་ཁྲ་མདོང་། རི་གྱམ་གསུམ་དུ་བཅའ་བཞུགས་རྒན་པོ་རེ་ཡོད། རྒན་པོ་དེ་རྣམས་སོ་སོའི་འོག་ཏུ་དྲུང་ཡིག་གཉིས་དང་། འགོ་པ་དང་དམག་དཔོན་འགའ་ཤས་ཡོད་པ་དག་གི་དཔོན་ཁོངས་ཀྱི་ཞི་དྲག་གཉིས་ཀྱི་ལས་དོན་རྣམས་སྒྲུབ། སྒེར་རྩེ་དཔོན་ཁུངས་དེ་ལྷོ་མ་དང་བྱང་མ་ཞེས་ལྷོ་བྱང་ཤོག་ཁག་གཉིས་སུ་ཕྱེ་བར། བྱང་མའི་ཁོངས་སུ་ཤར་མ་དང་། རྔོ་རོ། དཀོར་པ། སེང་སྟོད། ཁྲ་མདོང། དིང་སྒོ། ལུ་སྒོ། དོང་ངོ་བཅས་དང་། ལྷོ་མའི་ཁོངས་སུ་ཚེ་རིང་མོ་དང་། འབྲི་ཟེ། ཞེ་བྱེ་དགུ་དགུ། རྟ་ལུང། བྲག་དཀར་པོ། རོ་ཁུང་། ན་ར། འོམ་ལུང་། སེ་ར། བྱུ་རུ་མ། སྨན་ཆུ་བཅས་ཚུད་ཡོད། སྒེར་རྩེ་དཔོན་ལ་གཞུང་གི་རིམ་པ་དྲུག་པའི་གསེར་ཏོག་ལྡན་ཞིང་། གཞོན་རྟའི་སྙིང་ཁའི་ཐད་དུ་འདོགས་བྱེད་རྩིད་པ་དམར་པོ་ལས་གྲུབ་པའི་རྟའི་དོམ་ཞེས་པའི་ཐོབ་ཐང་ཡང་མཆིས། དེ་ཡང་། མི་ལ་ཏོག་དང་རྟ་ལ་དོམ་ཞེས་དབང་ཐང་མཚོན་པའི་རྟགས་མཚན་ཆེ་ཤོས་ཤིག་ཡིན། སྒེར་རྩེ་དཔོན་གྱིས་གཞུང་འབྲེལ་དུས་སྟོན་སོགས་ཀྱི་སྐབས་སུ་གོས་ཆེན་སེར་པོའི་ཕྱུ་པ་མདོ་གཉིས་དབྲལ་བ་ཞིག་བཀླུབས་ཤིང་། སྙན་ལྕོག་ལ་སོག་བྱིལ་དང་སྐེད་པར་རྒྱ་གྲི་ཕོར་ཤུབས་འདོགས་སྲོལ་ཡོད།[11] མདོར་ན། གཞུང་པ་ཚེ་རིང་ཆོས་འཕེལ་དང་མཚོ་ཆེན་རྫོང་ཚེ་འཕེལ་གཉིས་ཀྱིས་བརྩམས་པའི་《མངའ་རིས་ཀྱི་ཁོར་ཡུག་གནས་སྟངས་》ཞེས་པའི་ནང་། སྒེར་རྩེ་དཔོན་ལ་ཁྱབ་ཁོངས་ཤོག་ཁག་ཆེ་བ་བཅོ་ལྔ་དང་ཆུང་བ་གསུམ་བཅས་སྒེར་རྩེ་དཔོན་གྱི་ཤོག་ཁག་བཅོ་བརྒྱད་ཟེར་བ་ཡོད་རེད།[12]ཅེས་བྱུང་ངོ་།།
ས་དེར་སྒེར་རྩེའི་དཔོན་རྒྱུད་ཆགས་པ་ནས་དཔོན་ཐོག་ལྔ་ཙམ་བྱུང་ཡོད་པ་ནི། དཔོན་དང་པོ་དགེ་ཆུང་། གཉིས་པ་དཔོན་ལྕེ་ལོ། གསུམ་པ་དཔོན་མགོན་པོ་དོན་གྲུབ། བཞི་པ་དཔོན་བསོད་ནམས་དཔལ་འབྱོར། ལྔ་པ་དཔོན་ཚེ་དབང་མགོནཔོ་བཅས་རིམ་པར་བྱུང་མྱོང་། སྒེར་རྩེ་དཔོན་ཁོངས་སུ་རུས་མིང་རྒྱ་ཆེ་ཤོས་ནི་སྒེར་རྩེ་ཡིན་ཅིང་། དེ་མིན་ཧར་ཤུལ་དང་། ནགས་ཤོད། འོ་ཟོང་། དམར་རྩ། ཁྲི་བོ། གཙང་རྒྱུད། ཁྱུང་པོ། མགར་ར་སོགས་ཕུད། ད་དུང་སྒེར་རྩེ་མི་སྣ་ཤ་བོ་དགུ་སྡུད་ཅེས་རུས་པ་འདོ་བསང་དང་། སྐྱ་བསང་། ཧོར། ཚ་བོ། རྫ་དམར། ཤི་ལི། ཚེ་རོ། ག་རྒྱ། སྒོ་དཀོར། ཆག[13] བཅས་རིགས་རྒྱུ་སྣ་ཚོགས་ཀྱི་མཉམ་འདུས་ཀྱིས་འཚོ་བའི་མངའ་ཁོངས་ཤིག་ཡིན། གཞན་ཡང་དཔོན་དེའི་མངའ་ཞབས་སུ་རྩྭ་ཚོ་དུ་མ་ཞིག་ཡོད་པ་ཡང་གྲགས་པོ་དང་། རྔོ་རོ། རྡོ་སྔོན། དིང་སྒོ། སེང་སྟོད། ཁྲ་གདོང་། སྟོང་མཚོ། རི་དམར་བཅས་རྩྭ་སའི་ཚོ་ཁག་ཀྱང་རྒྱ་ཆེར་མཆིས་སོ།།
༢ སྒེར་རྩེ་ཚོ་པའི་ཁྲལ་འུལ་ཁྲིམས་གནོན།
སྒེར་རྩེ་དཔོན་གྱི་མངའ་ཞབས་ཚོ་ཁག་ནི་འབྲོག་ལས་ཐོན་སྐྱེད་ཁོ་ནར་བརྟེན་པའི་ཁོངས་ཤིག་ཡིན་པས། ཕྱི་ནང་གི་ཁྲལ་རིགས་རྣམ་གྲངས་བརྩི་ཚུལ་ཡང་། འབྲོག་པའི་སྒོ་ཕྱུགས་སེམས་ཅན་གྱི་མགོ་གྲངས་ལེབ་རྩིས་ཀྱིས་ཁྲལ་རིགས་རྣམ་གྲངས་དང་གྲངས་འབོར་གཏན་འབེབས་ཡོད་ཅིང་། ཁྲལ་བསྡུའི་དོ་དམ་དེ་བཞིན་ལོ་གསུམ་རེའི་མཚམས་སུ་ཕྱུགས་ཟོག་སྐྱེ་འཕེལ་གྱི་གྲངས་ཚད་ལ་གཞིགས་ནས་ཞིབ་བཤེར་འཇུག་སྣོན་བྱེད། འོན་ཀྱང་། ཁུལ་དེའི་མི་སེར་སྐོར་ཞིག་ཕ་ཚ་བུ་རྒྱུད་ནས་གསེར་ལས་གཉེར་བས་གསེར་ཁྲལ་སྒྲུབ་སྲོལ་ཡང་ཡོད་འདུག སྒེར་རྩེ་དཔོན་གྱི་ཕྱི་ཁྲལ་ཁུངས་ནི་སེ་ར་བླ་སྤྱི་ཡིན་[14]ཅིང་། དེར་ཕྱི་ཁྲལ་དུ་དངུལ་དམར་གཉིས་གཙོ་བོར་སྒྲུབ་འཇལ་ཞུ་དགོས་འདུག། སྤྱིར་ཁྲལ་འབོར་གྱི་ལེབ་གྲངས་རྩི་སྲོལ་ནི་འབྲོག་ཁུལ་གྱི་ཚོ་པ་གཞན་དང་གཅིག་མཚུངས་ཡིན་ཡང་། དངུལ་གྱི་འཛའ་ཐང་འཕར་ཆག་ལ་ལྟོས་པའི་ར་ལུག་རེ་ལ་མཚམས་རེ་ཊམ་དཀར་གཅིག་དང་སྐབས་རེ་ཊམ་དཀར་གཉིས་རེ་འཁྲི། ས་གནས་ཀྱི་ཁྲལ་བསྡུའི་དུས་ཚོད་ལོ་རེའི་བོད་ཟླ་བརྒྱད་པའི་སྔ་ཕྱིར་ཡིན་ཞིང་། དེ་སྐབས་མངའ་འོག་འབྲོག་དུད་ཡོད་ཚད་ཚང་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་འདུན་མ་བསྐོང་ཚོགས་བྱེད། སྐབས་དེར་རང་འཁྲིའི་ནག་ཉོག་རྩིས་བཤེར་གྱི་ཁྲལ་རྒྱུག་ཕུད། དཔོན་ཚང་གི་རྟ་དྲེལ་གཡག་གསུམ་གྱི་འུ་ལག་སྣོན་མ་རྒྱུག་པོ་རྣམས་ལ་འུལ་གྲངས་བཞིན་གླ་རིན་སྤྲོད་པར་མ་ཟད། བོད་སྤྱི་དང་ཡང་སྒོས་ཚོ་པ་རང་ངོས་ཀྱི་ཆེད་དུ་གལ་ཆེའི་ལས་དོན་ལེགས་གྲུབ་ཡོད་པའི་རིགས་ལ། གཟེངས་སྟོད་བྱ་དགའ་རྟ་དང་གཡག མེ་མདའ། རྟ་སྒྲོ། ཐུར་མགོ། ཕྱིང་འདན། ལྷེ་གེ་སྤྲོད་སྲོལ་ཡོད། བོད་ཟླ་བཅུ་པར་སྒེར་རྩེ་དཔོན་ལྷ་སར་ཁྲལ་འབུལ་བྱེད་པར་བཅར་ཏེ། དགུན་ཐོག་ལྷ་སར་གནས་སྡོད་ཀྱིས་ལོ་ཕྱི་མའི་བོད་ཟླ་དྲུག་པར་སྒེར་རྩེར་ཕྱིར་ལོག་བྱེད། དེའི་ཚེ་སྒེར་རྩེའི་ཁང་ཐོག་ཅེས་པ་དཔོན་ཐོག་རིམ་བྱུང་གི་འཛིན་སྐྱོང་ལྟེ་གནས་སུ་ཞི་དྲག་དཔོན་རིགས་འདུ་འཛོམས་ཀྱིས། དཔོན་འོག་གི་མངའ་ཞབས་ཡུལ་སྡེ་ཁག་གི་རྩྭ་སྒྲིག་ཆུ་སྒྲིག་ཅེས་རྩྭ་ཆུ་དང་སྒོ་ཟོག་བཀོད་སྒྲིག་བྱེད། དེ་མཚུངས་ལྷ་ས་ནས་འཁྱེར་བའི་ཚོང་ཟོག་སྤུས་སྒྱུར་ཚོང་འགྲེམ་བྱེད་ཅིང་། རང་ཁོངས་རུས་མི་ལྔ་བརྒྱའི་སྤུ་བལ་དང་པགས་རིགས། མར་ཕྱུར་སོགས་བསྡུ་རུབ་བྱས་ནས་དེའི་རིན་འབབ་ལ་ཇ་དང་འབྲུ། སྤུ་ཕྲུག ཤིང་ཏོག་བཅས་རྩིས་ལེན་རྩིས་སྤྲོད་བྱེད།
གཞན་ཡང་། དབྱར་སྟོན་གཉིས་སྒེར་རྩེ་དཔོན་པོ་འཁོར་བཅས་འཛིན་སྐྱོང་ལྟེ་གནས་ཁང་ཐོག་རང་དུ་བཅའ་བཞུགས་ཀྱིས། སྟོད་ལ་དྭགས་དང་། ཁུ་ནུ། གར་ཞ། ཉུང་ཏི་སོགས་ཉེ་འཁོར་གྱི་ལུང་པ་ཁག་ནས་ཡོང་བའི་མི་དང་། གཞན་མངའ་རིས་རོང་ཁུལ་གྱི་ཡུལ་མི་ཕན་ཚུན་རང་རང་ས་གནས་ཁག་གི་ཐོན་ཁུངས་ཚོང་འབྲེལ་བྱེད། དེ་བཞིན་རྒྱུན་གཏན་ཚོ་པ་ནང་ཁུལ་དང་ཕྱིའི་རྫོང་གཞིས་སྒེར་ཆོས་ཁག་བར་ལ་གྱོད་གཏུག་རྩོད་རྙོག་དང་། རྐུན་ཇག་འཕྲོག་བཅོམ་སོགས་ཕྱི་ནང་གི་བཀའ་རྩ་ཁྲིམས་ཡིག་དང་འགལ་བའི་ཉེས་ཅན་རིགས་ལ་ཞི་དྲག་ཁྲིམས་གནོན་གྱི་བྱ་བ་བྱ་སྤུ་གནོན་གྱི་ཚུལ་དུ་སྐྱོང་བ་བཅས་འཛིན་སྐྱོང་དོ་དམ་གྱི་ལས་དོན་ཁག་གཉེར་དགོས་སོ།། མདོར་ན། སྒེར་རྩེ་དཔོན་གྱི་ལས་འགན་གཙོ་བོའི་གྲས་ཤིག་ནི། སེ་ར་ཕུར་མཇལ་ཉིན་༸གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་སེ་རར་ཕེབས་སྐབས་ཀྱི་བསྙེན་བཀུར་འགྲོ་སོང་ཚང་མ་སྒེར་རྩེ་དཔོན་ལ་འཁྲི། དེ་བཞིན་སྒེར་རྩེ་དཔོན་ལྷ་སར་ཁྲལ་སྒྲུབ་ཀྱི་བྱ་བར་སྐྱོད་སྐབས་ཁལ་གཡག་བདུན་ཅུ་ལྷག་བསྐུལ་དེད་ཀྱིས་ས་ཚིགས་དུ་མ་ཞིག་བརྒྱུད་དགོས་པ། དཔེར་ན་ཁང་ཐོག་དང་། ལུ་རིང་། དང་ཆུང་། ནག་ཚང་བཅས་ལམ་འཁེལ་ས་ཚིགས་ཁག་གི་འགྲོ་སོང་ཡོད་ཚད་དཔོན་ཚང་ནས་གཏོང་དགོས། སྤྱིར་དགའ་ལྡན་ལྔ་མཆོད་གོང་ལ་ལྷ་སར་འབྱོར་ཕྱག་ཞུ་ཐུབ་པ་དགོས་ཤིང་། ལྷ་སར་ལོ་ཕྱེད་ཙམ་སྡོད་རིང་དྲུང་འཁོར་གྱི་ཚོགས་འདུ་ཡོད་ཚད་ནང་ལ་མཉམ་བཞུགས་ཆོག་པ་ཡིན་ནོ། །
༣ བསེ་འཁོར་ཚོ་པའི་སྐོར།
དེང་སྒེར་རྩེ་རྫོང་གི་འོག་ཏུ་ཡོད་པའི་དེ་སྔའི་བསེ་འཁོར་ཞེས་པའི་ཚོ་པ་དེ་ནི་སྒེར་རྩེ་ཚོ་པའི་ནུབ་ཕྱོགས་སུ་གནས་ཡོད་པ་དང་། ཚོ་པ་དེའི་མིང་བརྡའི་ཐ་སྙད་ལ་བསེ་འཁོར་དང་གསེར་འཁོར་ཞེས་འབྲི་སྲོལ་མི་འདྲ་བ་ཁག་གཉིས་ཡོད་པ་ལས། དང་པོ་རུས་མིང་བསེ་ཞེས་པའི་གཉེན་དང་འཁོར་རྒྱུད་ཚང་མ་ས་དེར་གནས་སྡོད་བྱེད་པའི་ཆ་ནས་ཐོགས་པར་འདོད་ཅིང་། གཉིས་པའི་དོན་ནི་སྔར་ལུང་པ་དེར་གསེར་མང་པོ་བསྔོག་རྒྱུ་ཡོད་པར་མི་སྡེ་མང་པོ་འཁོར་ནས་ཁུལ་དེར་འཚོ་སྡོད་བྱས་པས་དེ་སྐད་བསྙད་པར་གྲགས། མདོར་ན། ཐ་སྙད་དེ་གཉིས་ཀར་མིང་དོན་མཚུངས་པ་ཞིག་ཡིན་ཏེ། ཡུལ་དེའི་གསེར་ཐང་རྒྱུད་ལ་གསེར་ཧ་ཅང་མང་པོ་ཐོན་ལ་ཡུལ་དེའི་མིའི་རུས་རྒྱུད་མང་ཆེ་བ་ནི་བསེ་བོ་དང་། སྨུག་པོ། ལྡོང་པོ་བཅས་ཀྱི་རྒྱུད་པར་གྲགས་པས་དེ་ལྟར་འབོད་པར་ཡང་རྒྱུ་མཚན་མེད་པ་མིན། ཡུལ་དེར་བསེ་དང་སྨུག་ལྡོང་སོགས་ཀྱི་རུས་རྒྱུད་ཕུད། ད་དུང་ར་བ་དང་། སྤོམ་པ། འ་པ། ཧོར། རུ་རོག་ཅུ་བཅས་ཀྱི་རིགས་རྒྱུད་ཀྱང་ཡོད་པ་བཤད།
གུ་གེ་ཚེ་རིང་རྒྱལ་པོས་ཡུལ་དེའི་འབྲོག་པ་རྒན་རབས་ཚོར་ཡུལ་གྱི་ཐ་སྙད་སྐོར་ལ་བཅའ་འདྲི་ཞུ་སྐབས་ཁོ་ཚོས་མགྲིན་དབྱངས་གཅིག་གྱུར་ཏུ་བརྗོད་པ་ནི། བསེའི་གདུང་རྒྱུད་ཡུལ་དེར་ཆགས་པ་ནི་ཤིན་ཏུ་སྔ་ཞིང་གསེར་ལ་འཁོར་ནས་ཆགས་པ་ཞེས་པ་ནི་དུས་ཕྱིས་སུ་ཡིན་པར་བཞེད་ཅིང་། དེ་མིན་ཁག་གཅིག་གིས་ཡུལ་དེར་དང་ཐོག་བསེ་མི་གྲོང་བདུན་ཞེས་རུས་མིང་བསེ་ཡིན་པའི་གྲོང་པ་བདུན་འབྱོར་ནས་གནས་སྡོད་བྱས་པ་ཡིན་ཡང་བརྗོད། གང་ལྟར་ཡུལ་དེའི་མིའི་གཤིས་རྒྱུད་དང་། སྐད་ལུགས། རྒྱན་གོས། ལྷག་དོན་དུ་བུད་མེད་ཀྱི་རས་གོས་སུལ་མང་ལྡན་པ་དང་སྤུག་ཅེས་པའི་རྒྱབ་སློག་སོགས་ནི་གུ་གེའི་ཁུལ་གྱི་ལྷ་ཁང་རྙིང་པ་འགའ་ཤས་ནང་ཡོད་པའི་ལྡེབས་རིས་ནང་གི་བུད་མེད་ཀྱི་རྒྱན་གོས་དང་མཚུངས་ཤིང་། སྐྱེས་པའི་ལྷམ་པའུ་ཞེས་པ་དེའང་གུ་གེ་རྒྱལ་པོའི་མངའ་ཁོངས་ཀྱི་མི་སེར་སྤྱིའི་གྱོན་པ་དམིགས་བསལ་ཅན་ཞིག་ཡིན་པ་བཅས་ལ་གཞིགས་ནས། ཚོ་པ་དེའི་མི་ཚང་མ་ཕྱི་ནས་གནས་སྤོས་བྱས་པ་མིན་པར་མངའ་རིས་སྐོར་གསུམ་གྱི་མི་རྒྱུད་རང་ཡིན་པ་གསལ་པོ་འདུག་ལ། ཡུལ་དེར་གཉེན་འབྲེལ་བྱེད་སྐབས་ཉེ་འགྱངས་དབར་མཐུན་འཇུག་བྱེད་པའི་ལུགས་སྲོལ་དེའང་གུ་གེའི་རྒྱལ་པོའི་མངའ་ཁོངས་རོང་ཡུལ་མི་སེར་ཁག་གི་ལུགས་སྲོལ་དང་མཚུངས་པས་སོ།[15] ཞེས་གསུངས།
བོད་གཞུང་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་སྟོད་མངའ་རིས་སྒར་དཔོན་གྱི་གཙོས་པའི་རྫོང་བཞི་དཔོན་དྲུག་གི་སྒྲིག་གཞི་གསར་པ་འཛུགས་སྐབས། བསེ་འཁོར་ཡུལ་དེ་སྒྲིག་གཞི་དེ་དག་ཏུ་མ་ཚུད་པར་ཁྲིམས་མགོ་རང་བཙན་པའི་ཚུལ་དུ་གནས་ཀྱང་། མི་རིང་བར་ཕྱི་ནང་འཛིན་སྐྱོང་ལ་འཐུས་ཤོར་ཉམས་རྒུད་རིམ་པར་ཕྱིན་པས། ཚོ་བའི་དཔོན་པོས་རང་ཉིད་ཀྱི་སྣོད་བཅུད་མངའ་འབངས་བོད་གཞུང་བཀའ་ཤག་ལ་བདག་སྐྱོང་ཡོང་བའི་རེ་བསྐུལ་ཞུས་པར། དབུས་གཞུང་ནས་བཀའ་རྒྱ་འཇའ་ས་གསོལ་སྩལ་གྱིས་གཞུང་རྒྱུག་ཐད་སྐྱོང་ཡུལ་སྡེའི་ཁོངས་སུ་འཇོག་གནང་མཛད། དེ་ཕྱིན་ཚོ་པ་དེའི་ཕྱིའི་ཆབ་སྲིད་འགན་དབང་སྒར་དཔོན་གོང་འོག་དང་ལྷན་དུ་སྐྱོང་སྲོལ་ཆགས་འདུག དེ་མིན་ཕྱིས་ཡུལ་དེར་མདོ་ཁམས་སྒེར་རྩེའི་ཁུལ་ནས་མི་སྡེ་ཁག་ཞིག་གནས་སྤོ་བྱུང་བར། དབུས་བཀའ་ཤག་གཞུང་གིས་བསེ་འཁོར་གྱི་ཡུལ་མི་དང་མཉམ་སྡོད་བྱེད་ཆོག་པ་དང་། སྒེར་རྩེ་བ་རྣམས་ཀྱིས་ཡུལ་དེར་རྐུན་ཇག་སོགས་ཕྱིའི་དགྲ་ངན་གྱི་རྒོལ་བརྡུང་ལས་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་སྩལ་བས། སྒེར་རྩེ་ཕྱིའི་ལྕགས་རི་དང་བསེ་འཁོར་ནང་གི་ནོར་བུ་ཞེས་ཡུལ་མིའི་ཁ་རྒྱུན་དུ་གྲགས་ཞིང་། མི་སྡེ་གཉིས་ཕན་ཚུན་འཆམ་མཐུན་དུ་གནས།
བསེ་འཁོར་ཚོ་པའི་སྲིད་འཛིན་སྒྲིག་གཞི་ནི། དེ་སྔ་དཔོན་པོ་ཞྭ་མོ་རིང་མོ་དང་དཔོན་མེས་ལེ་པོ་སོགས་གྲགས་ཆེའི་དཔོན་རྒྱུད་བྱུང་ཡང་། ཕྱིས་སུ་དཔོན་ལུགས་ཉམས་ནས་སྤྱི་ཁྱབ་ཀྱི་ལམ་ལུགས་བྱུང་བས་ཚོ་པ་དེར་སྤྱི་ཁྱབ་རྒན་གཞོན་གཉིས་དང་། དེ་གཉིས་ཀྱི་སྣེ་འཁྲིད་འོག་འགོ་པ་གཉིས། དྲུང་ཡིག་གཉིས། དམག་དཔོན་ཁ་ཤས་བཅས་ཞི་དྲག་དཔོན་རིགས་སྐོར་ཞིག་ལས་གྲུབ་ཡོད། ས་ཁུལ་དེར་ཕྱི་ནང་གི་རྐུན་ཇག་ཤིན་ཏུ་སྡང་བས་དམག་དཔོན་རྣམས་ཀྱི་འགན་འཁྲི་ནི་ཧ་ཅང་གི་ཆེན་པོ་ཡོད། ཇག་ལས་འཕྲོག་བཅོམ་གྱི་དོན་རྐྱེན་ཚབས་ཆེན་སྐབས་སུ་ཚོ་པའི་སྐྱེས་པ་ལོ་བཅོ་བརྒྱད་ཡན་དམག་བསྐུལ་བྱེད་སྲོལ་ལས། དེ་མིན་དམག་དཔོན་གྱི་འོག་ཏུ་རྒྱུན་གཏན་དམག་སྒར་དང་དམག་སྡེ་ཟུར་དུ་མེད།
སྤྱི་ཁྱབ་ཀྱི་འཛིན་སྐྱོང་ལྟེ་གནས་ནི་བསེ་འཁོར་བསེ་ལྡིང་དཀར་པོ་ཞེས་གུར་ཤིན་ཏུ་ཆེ་བ་ཞིག་ཡོད། དེར་ཚོ་པའི་ཞི་དྲག་དཔོན་རིགས་ལྷན་འཛོམས་ཀྱིས་ཡུལ་སྡེའི་ལས་དོན་ཆེ་ཕྲ་ཆུང་གསུམ་མཐའ་དག་འདུན་མ་ཚོགས་པའི་སྟེང་ནས་ཐག་གཅོད་གཏན་འབེབས་ལག་བསྟར་བྱེད་སྲོལ་ཡོད། དེ་ཡང་། ལྷན་ཚོགས་དེའི་ཐོག་ཚོ་པའི་འཛིན་སྐྱོང་གི་གོ་གནས་མཐོ་ཤོས་སྤྱི་ཁྱབ་གཉིས་ཀྱི་འོས་མིའི་འོས་ཆོས་བཏོན་པར། འདུན་མ་པ་ཡོངས་ཀྱི་འོས་ཐོ་རེ་རེའི་ཐོག་ཕན་ཚུན་བསམ་འཆར་གྲོས་ཁ་བསྡུར་བའི་སྟེང་ནས། སྤྱི་དམངས་མི་སེར་ཡོད་ཚད་འཛོམས་སར་སྤྱི་ཁྱབ་གཉིས་མང་གཙོའི་ལམ་ལས་འདེམས་བསྐོ་བྱེད་སྲོལ་མཆིས། སྤྱི་ཁྱབ་ཀྱི་འོས་ཆོས་ནི་ལོ་བཅོ་བརྒྱད་ནས་དྲུག་ཅུ་བར་ཡིན་ཅིང་། རྒད་པོ་ལོ་དྲུག་ཅུ་ཡོལ་ཚེ་གོ་ཐལ་འོས་འདེམས་མི་ཆོག་ལ། དེ་བཞིན་ཤེས་འཇོན་གཉིས་ལྡན་དང་ཕྱུག་བདག་གི་རིགས་དགོས་པ་ཡིན། གང་ལགས་ཤེ་ན། གཞུང་གི་ཚོང་དང་ཁྲལ་སོགས་ཇི་བཞིན་དུས་ཐོག་ཏུ་འཇལ་མ་ཐུབ་ཚེ། རང་ཉིད་ནས་ནར་གཏོང་བྱེད་ཐུབ་པ་དགོས་ཤིང་། ལྷག་པར་རྩྭ་ཐང་གི་ཁ་མཆུ་གྱོད་གཏུགས་སོགས་འདུམ་སྒྲིག་ཐུབ་མཁན་གྱི་མི་སྣ་འདེམས་པ་ཡིན། བསེ་འཁོར་སྤྱི་ཁྱབ་དང་འགོ་པ་དྲུང་ཡིག་སོགས་ཀྱི་ཐོབ་ཐང་གཙོ་བོ་གོ་གནས་ལ་གཞིགས་ཏེ། རྩྭ་ས་དང་ཆུ་ཁ་ལེགས་ཤོས་དེ་འདེམས་སྒྲུག་བྱེད་པའི་ཐོབ་ཐང་ཡོད་པ་ཙམ་ལས། གཞན་པའི་ཕོགས་ཐོབ་དང་བཟའ་སྐལ་ཅང་མེད།
ལོ་རྒྱུས་ཐོག་བསེ་འཁོར་གྱི་ས་རྒྱ་ཧ་ཅང་ཆེན་པོ་ཡོད་པ་ཡང་། ནུབ་ཟལ་པོའི་ལུ་རྒན། བྱང་སྤང་དཀར་སོག་གཤོང། ཤར་ལུ་རིང་གཙང་པོ། ལྷོ་ཀ་བ་ལུ་མ་བཅས་མངའ་འོག་ཏུ་ཚུད་པར་བཤད་ཅིང་། ད་དུང་རི་ཕུད་ཡར་རྒྱུག་མ་རྒྱུག་ས་ཡི་ཡར་རོ་མར་རོ། སྤང་དཀར་རྡོ་ཁྲ། ལེགས་ལུང་དེ་མ་སྔོ་གྱུར། རྡོ་སྔོན་ལ་དཀར་ནག་ངག་རོང་ཆུ་རྡོར་རྒྱུག། སྤྲེ་ཟེ་ཉི། ཨ་མར་དཀར་གོང་། འབུམ་ཁེ་ལུང་། ཏི་གེ་ལ། འགག་པོའི་རྩྭ། ཨི་ཁང་དམར། ཀ་ལུ་མ། ཟལ་པོའི་ལུ་རྒན་བཅས་ཀྱང་དེའི་ས་ཁོངས་ཡིན་འདུག ཕྱིས་སུ་རིམ་བཞིན་སྒེར་རྩེ་ཚོ་པས་སིམ་འཛུལ་མུག་བཟས་ཀྱིས་ས་རྒྱ་ཇེ་ཆུང་དུ་ཕྱིན་པ་དང་། ཐ་ན་བསེ་འཁོར་ཚོ་པའི་མི་རབས་དུ་མར་རྟེན་པའི་གནས་བདག་གམ་ཡུལ་ལྷ་མེས་ཨ་མ་རི་རྒན་དེའང་སྒེར་རྩེའི་ཁོངས་སུ་ཤོར་བར་གྲགས། སྔར་ལུ་རིང་ཞེས་པ་དེ་བསེ་འཁོར་ཚོ་པའི་དགུན་སྡོད་བྱ་ཡུལ་གཙོ་བོ་ཞིག་སྟེ། ཡུལ་མིའི་ཁ་རྒྱུན་དུའང་བསེ་འཁོར་ལུ་གུའི་ཕ་ཡུལ། ལུ་རིང་ལུ་གུའི་བསྟི་གནས་ཞེས་འབོད་ཅིང་། དེ་དང་ཕྱོགས་མཚུངས་ཡུལ་ས་གསུམ་པོ་དེ་ཡང་རྩེ་བསེ་འཁོར་ལ་བདག་པ་དང་། སྐེད་པ་སྒེར་རྩེར་དབང་བའོ་ཞེས་ཀྱང་ངག་རྒྱུན་མཆིས། མངའ་རིས་བྱང་ཐང་ཁུལ་དུ་སྡེ་པ་གཞུང་གི་ཁྲལ་ཁུངས་གཙོ་བོ་བསེ་འཁོར་ཕུད་ད་དུང་རུ་རྡོར་མ་ཟི་དང་གཞུང་པ་མ་ཟིན་ནམ་གཞུང་པ་མ་མཚན་ཞེས་པ་དེའོ།།
གོང་དུ་བྱུང་བ་ལྟར་བསེ་འཁོར་ཚོ་པ་ནི་གཞུང་རྒྱུག་ཁྲལ་ཁུངས་ཡུལ་སྡེ་ཞིག་ཡིན་པས། ལོ་རེའི་ཁྲལ་འུལ་ནི་དུས་ཐོག་དབུས་བཀའ་ཤག་རྩེ་ཕྱག་འཕྲལ་བདེ་ལས་ཁུངས་ལ་ཐད་ཀར་སྒྲུབ་འཇལ་ཞུ་དགོས། དེའི་ནང་ནས་སྡེ་པ་གཞུང་གི་གསེར་དཔོན་ལ་གསེར་ཁྲལ་(ཡུལ་དེའི་གསེར་ཐང་དང་དེང་འབྲང་ཞེས་པར་གསེར་ཕོན་ཆེ་ཐོན།)ཏེ། ལོ་ལྟར་བསེ་འཁོར་ཚོ་པས་གསེར་ཞོ་བརྒྱ་དང་བཅུ་དྲུག་འཁྲི་སྒྲུབ་བྱེད་དགོས་ཤིང་། གཞུང་གི་འབམ་ཚོང་སྤུས་སྒྱུར་ཞེས་ཇ་སྒམ་མང་པོ་ཉོ་ཚོང་བརྗེ་ལེན་སྒྲུབ་འཇལ་ཞུ་དགོས་པས། དེ་མིན་ཚོ་པ་དེའི་ཕྱུགས་ལེབ་གྲངས་བརྩི་ཚུལ་ནི་སྒེར་རྩེ་དང་མཚུངས་ལ། ཁྲལ་གྱི་ལབ་གྲངས་མང་ཤོས་ནི་གསེར་ཞོ་གཉིས། དེ་ནས་རིམ་བཞིན་གཅིག་དང་ཕྱེད་ཀ དངུལ་ཞོ་འཁྲི་སྒྲུབ་བྱེད་དགོས་པ་བཅས་ཡིན། ཚོ་པ་དེས་ཁུལ་དེའི་རྫོང་གཞིས་གཞན་དང་མི་འདྲ་བར་གཞུང་ཁྲལ་དུ་ཐད་ཀར་གསེར་དངུལ་ཕོན་ཆེན་སྒྲུབ་འཇལ་ཞུ་བས། བསེ་འཁོར་མ་ཟིན་ཞེས་སྡེ་པ་གཞུང་གི་བང་མཛོད་ཀྱི་མ་ཟིན་དུ་གྲགས་སོ།།
ལོ་རེའི་ནང་ཚོ་པའི་ནག་ཉོག་གི་རྩིས་བཤེར་བྱ་རྒྱུའང་གཞུང་གིས་གལ་འགངས་ཤིན་ཏུ་ཆེ་བར་བརྩིས་ནས་ཞིབ་བཤེར་གནང་སྲོལ་ཡོད། དེ་ཡང། བསེ་འཁོར་ལ་གསེར་ཁྲལ་ཕུད། ད་དུང་ལུག་གི་བལ་ཁྲལ། ཚྭ་ཚོང་འགྲོ་དུས་ཚྭ་ཤོ་ཞེས་ཚྭ་ཁྲལ། ལ་མགོ་རྒྱག་དུས་ལ་ཁྲལ་དང་ཟམ་པ་ལ་ཟམ་ཁྲལ། མེ་གཏོང་བའི་ཐབ་ཁྲལ་སོགས་ཀྱང་བསྒྲུབ་དགོས་འདུག དེ་མཚུངས་རྐང་འགྲོ་འུ་ལག་རྒྱུག་དགོས་པའི་རིགས་ལའང་གསེར་དཔོན་གྱི་ཞབས་ཕྱི་དང་། སྤུས་ཇའི་དོས་གཡག་སྐྱེལ་འདྲེན། སྤྱི་ཁྱབ་ཀྱི་རྟ་རྫི། འདུན་མའི་སྐབས་ཀྱི་མེ་ཤིང་སྒྲུག་མཁན། དམག་དཔོན་གྱི་བཀོད་འདོམས་ལྟར་རི་མགོར་དགྲ་ཉེན་སྐོར་སྲུང་བ། མངའ་རིས་སྒར་ལ་ཡིག་སྐྱེལ་ཕོ་ཉ། རྟ་ཟམ་ས་ཚིགས་འདོན་རྟ་བ་དྲུག་ཅུ་གཏོང་དགོས་པ་དང། གཞུང་འབྲེལ་བྱེད་སྒོའི་སྐབས་ལས་འཁུར་གོ་སྒྲིག་བྱེད་པ་སོགས་ཞོར་འཕྲོས་ཀྱི་གཞུང་འབྲེལ་ལས་དོན་ཆུང་ཙག་རིགས་ཀྱང་མི་ཉུང་བ་ཞིག་འཁྲི་སྒྲུབ་བྱེད་དགོས། མདོར་ན། ལོ་གཅིག་ནང་སྡེ་གཞུང་ལ་ཉུང་མཐར་ཡང་གསེར་ཞོ་བརྒྱ་དང་དྲུག་ཅུ། ལུག་བརྒྱ་ཐམ་པ་ཆད་ལྷག་མེད་པར་འབུལ་དགོས་པ་སོགས་འདུལ་ཁྲིམས་འཁུར་དགོས་གནས་ཚུལ་དེ་ཙམ་གྱི་ཆོག་ཤེས་པ་བྱས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༩༣།
[2]. སྟོད་མངའ་རིས་སྒེར་རྩེ་རྫོང་འབྲོང་པ་བྱང་མའི་ལོ་རྒྱུས། པོད་༡། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ཕྱི་ལོ་ ༢༠༠༣། ཤོག ༢༡།
[3]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༩༢།
[4]. བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་༤། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༡།
[5]. 西藏自治区土地册,西藏自治区测绘局,中国地图出版社出版.1996. Pg 153.
[6]. 西藏自治区土地册,西藏自治区测绘局,中国地图出版社出版.1996. Pg 153.
[7]. 西藏自治区土地册,西藏自治区测绘局,中国地图出版社出版.1996. Pg 153.
[8]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༣༩༣།
[9]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༣༩༣།
[10]. རྒན་པོ་སོགས་ལ་ཆེད་དམིགས་ཀྱི་གླ་ཕོགས་སོགས་ཟུར་དུ་མེད་ཀྱང་། རྒྱུན་དུ་རྒན་ལེབ་བརྒྱ་བཅུ་ལ་ཁྲལ་རྒྱག་མི་དགོས་ཞིང་། འགོ་བ་ལའང་འགོ་ལེབ་སུ་བཅུ་ལ་ཁྲལ་སྒྲུབ་བྱེད་མི་དགོས་པའི་གནང་བ་སྦྱིན་ཡོད།
[11]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༩༨།
[12]. གཞུང་པ་ཚེ་རིང་ཆོས་འཕེལ།མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར། ཕྱི་ལོ་༢༠༠༣། ཤོག ༢༨།
[13]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༩༤།
[14]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༣༩༤།
[15]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༩༨།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།