དགེ་རྒྱས་རྫོང་གི་མིང་དང་ས་བབ་ཆགས་ཚུལ་དང་། མིང་ཐོགས་ཚུལ། རྫོང་གི་ལོ་རྒྱུས། བོད་ཀྱི་ཆབ་སྲིད་འཕོ་འགྱུར་སྐོར།

དགེ་རྒྱས་རྫོང་གི་མིང་དང་ས་བབ་ཆགས་ཚུལ་དང་། མིང་ཐོགས་ཚུལ། རྫོང་གི་ལོ་རྒྱུས། བོད་ཀྱི་ཆབ་སྲིད་འཕོ་འགྱུར་སྐོར།

ས་བཅད་དགུ་པ། དགེ་རྒྱས་རྫོང་།
ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།
དང་པོ། དགེ་རྒྱས་རྫོང་གི་མིང་ཐོགས་ཚུལ།

དེ་སྔའི་དགེ་རྒྱས་ཚོ་པ་དང་། འབོང་པ་སེང་སྟོད་སྨད། སྐོང་ཆེན་གསུམ་དང་། བྱང་པ། ཡག་ར། བསེ་ལེ་ཕུག གཞུང་པ། འབྲོག་སྡེ། ཁམས་སྡེ་སོགས་ཚོ་པ་བདུན་གནས་ཡོད་པ་རྣམས་གཅིག་ཏུ་བསྒྲིལ་ནས་དེང་དགེ་རྒྱས་རྫོང་ཞེས་འབོད་མུས་བཞིན། འདིར་ཡང་གོང་གསལ་ཡུལ་སྡེ་རྣམས་ཀྱི་སྤྱི་མིང་དུ་དགེ་རྒྱས་རྫོང་ཞེས་བཏགས་ནས་ངོ་སྤྲོད་ཞུས་ཡོད། དེང་གི་དགེ་རྒྱས་རྫོང་ཆགས་ཡུལ་དེ་ནི་དོན་དངོས་སུ་ལོ་རྒྱུས་ཐོག་གི་དགེ་རྒྱས་ཚོ་པ་དང་འབྲེལ་བ་མེད། གང་ལགས་ཤེ་ན། གནས་དེ་ནི་འབོང་པ་སེང་སྨད་ཀྱི་གྲགས་ཅན་གནས་རི་སྣ་ཕུག་གམ་གནས་ཕུག་ཡོད་སར་ཆགས་ཡོད་པས་སོ།།

གྲོང་རྡལ་དེར་དགེ་རྒྱས་བརྗོད་པ་ནི་རྫོང་མིང་དེར་ཆགས་པ་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་ཅུའི་ནང་ཡུལ་དེར་རྫོང་གསར་ཞིག་འཛུགས་སྐབས། འབོང་པ་ཚོ་གསུམ་དང་། གཞུང་པ་མ་ཚན། ཕྱུག་ཚང་། ཡག་ར། དགེ་རྒྱས་བཅས་ཚོ་པ་ཁག་གི་གྲོང་གྲངས་མང་ཉུང་ལ་ལྟ་སྐབས། དགེ་རྒྱས་ཚོ་པའི་གྲོང་གྲངས་མང་ཤོས་ཏེ་བཞི་བརྒྱ་བཅོ་བརྒྱད་ཡོད་པས་རྫོང་མིང་ལ་དགེ་རྒྱས་ཞེས་བཏགས་པ་ཡིན་ནོ།། ཞེས་གསུངས།
དགེ་རྒྱས་ཞེས་པའི་མིང་ཐོགས་ཚུལ་ནི། དེ་ཡང་། མདོ་ཁམས་ཡུལ་ཤུལ་རྫ་སྟོད་ཁུལ་ནས་འཕོས་པའི་ཚོ་པ་ཞིག་གི་རུས་མིང་དུས་ཕྱིས་ཡུལ་ལ་ཐོགས་པར་འདོད། རྒན་རབས་ཁག་གཅིག་གིས་ཐ་སྙད་དེ་སྒེར་རྒྱས་སུ་འདོད་པ་དང་། དེ་ཡང་ཚོ་པ་དེའི་མི་དག་སྒེར་ཞེན་དང་གཞན་བརྟུལ་ཕོད་ཅན་གྱིས་དཔུང་ཤུགས་སོགས་ཆེ་བ་དང་། སྒེར་དབང་དར་ཞིང་རྒྱས་པར་བརྩོན་པས་ན་སྒེར་རྒྱས་ཞེས་སྐད་དོ།། ཚོ་པ་དེ་མངའ་རིས་ཁུལ་དེར་འབྱོར་ཚུལ་ལ་སྡེ་ཚོ་འཆམ་མཐུན་མ་བྱུང་བར་ཡོང་ཚུལ་དང་། གཞན་དགེ་རྒྱས་ནང་གི་ཚོ་པ་ཆེ་ཤོས་ཚ་གསར་ཞེས་པ་མངའ་རིས་ཁུལ་དུ་གནས་མཇལ་ཡོང་ནས་ཁུལ་དེའི་རྩྭ་ཐང་ལ་སྨོན་ནས་གཞིས་ཆགས་ཚུལ་ཡང་གསལ། འོན་ཀྱང་། གཞུང་པ་དང་། བྱང་པ། འབྲོག་སྡེ། བསེ་ལེ་ཕུག་སོགས་ཞང་ཞུང་རང་གི་མི་རྒྱུད་ཡིན་འདུག་གོ།

 

གཉིས་པ། དགེ་རྒྱས་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

དགེ་རྒྱས་རྫོང་ནི་བོད་ཀྱི་ནུབ་ཕྱོགས་སེང་གེ་ཁ་འབབ་ཀྱི་མགོ་ཁུངས་གོ་ལའི་བྱང་གི་འཕྲེད་ཐིག་ ༣༠༚ ༥’ 〜 ༣༣༚ ༧’ དང་ཤར་གྱི་གཞུང་ཐིག་ ༨༠༚ ༢’ 〜 ༨༣༚ ༢’ བར་དུ་གནས། རྫོང་དེ་ནི་བྱང་ཐང་མཐོ་སྒང་མཚེའུ་གཤོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཆ་སྙོམས་རྒྱ་མཚོའི་ངོས་ནས་ མི་ཊལ་ ༤༨༠༠ དང་འཛམ་གླིང་ཡང་རྩེའི་ཡང་རྩེ་ཞེས་འབོད་ལ། མཐོ་སྒང་གྲང་ཁུལ་ཐན་པའི་གནམ་གཤིས་ཁུལ་གྱི་ཁོངས་སུ་གཏོགས། ཉི་ཕོག་འབེལ་ཞིང་སད་མེད་དུས་ཡུན་ཐུང་བ། རླུང་ཆེ་ཞིང་གྲང་ངར་ལྡན་ལ་གངས་ཆར་ཉུང་བ། ཉིན་མཚན་དྲོད་ཁྱད་ཆེ་ཞིང་ལོ་རེའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༣༧༥༦ དང་ལོ་ ༤ ལ་གངས་སྐྱོན་སྤྱིར་བཏང་ཐེངས་རེ། ཚད་གཞི་འདྲ་མིན་གྱི་ཐན་སྐྱོན་ལོ་ལྟར་འབྱུང་བཞིན་ཡོད་ལ། རླུང་སྐྱོན་ཕལ་ཆེ་བ་ཟླ་ ༢ པ་ནས་ ༤ པར་འབྱུང་བཞིན་ཡོད། ལོའི་ཆར་ཆུ་འབབ་ཚད་མི་ལི་མི་ཊལ་ ༡༣༡ དང་ལོའི་གངས་ཆར་དུས་ཉིན་ ༡༩ བཅས་རེད། རང་བྱུང་གནོད་འཚེ་གཙོ་བོ་ཐན་པ་དང་། རླུང་། གངས། སེར་བ་སོགས་མཐོང་རྒྱུ་ཡོད།

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།
དང་པོ། བོད་ཀྱི་ཆབ་སྲིད་འཕོ་འགྱུར་དང་དགེ་རྒྱས་རྫོང་།

གོང་ཞུས་ལྟར་དེང་དགེ་རྒྱས་རྫོང་གི་མངའ་ཁོངས་སུ་དེ་སྔའི་དགེ་རྒྱས་ཚོ་པ་དང་། འབོང་པ་སེང་སྟོད། འབོང་པ་སེང་སྨད། སྐོང་ཆེན། བྱང་པ། ཡག་ར། བསེ་ལེ་ཕུག གཞུང་པ་འབྲོག་སྡེ་དང་། ཁམས་སྡེ་སོགས་ཚོ་པ་བདུན་གནས་ཤིང་། བོད་བྱང་ཐང་ཁུལ་གྱི་ཚོ་པ་གཞན་དང་ལྷན་དུ་བོད་བྱང་ཕྱོགས་ཁུལ་བཅོ་བརྒྱད་ཅེས་གྲགས་པ་དང་། མངའ་རིས་སྒར་དཔོན་གྱི་བཀོད་ཁྱབ་འོག་གཏོགས། ཕྱི་ལོ་ ༡༩༦༠ ལོར་གོང་གསལ་ཚོ་པ་རྣམས་ཟླ་བསྒྲིལ་ནས་ད་ལྟའི་དགེ་རྒྱས་རྫོང་བཙུགས་པ་དང་། ཕྱི་ལོ་ ༡༩༦༢ ལོར་རྫོང་གནས་ཡུལ་སྣ་ཕུག་ཏུ་གཏན་འཁེལ་བྱས། དགེ་རྒྱས་དེ་བཞིན་རྫོང་བཙུགས་པ་ནས་བཟུང་ད་བར་མངའ་རིས་ས་ཁུལ་ཁྱབ་ཁོངས་སུ་གཏོགས་སོ། །

 

༡ འབྲོང་པ་དཔོན་གྱི་སྐོར།

འབྲོང་པ་བྱང་མ་ཞེས་པ་ནི་འབྲོང་པ་སེང་སྟོད། སྐོང་ཆེན། སེང་སྨད་ཀྱི་ས་ཡུལ་དག་ཡིན་ཅིང་། དེང་གི་སྒེར་རྩེ་རྫོང་གི་ས་ཁུལ་དེ་བཞིན་སྤུ་རྒྱལ་བཙན་པོའི་སྐབས་ཞང་ཞུང་གི་མངའ་ཁོངས་དང་། བོད་སིལ་བུའི་རྗེས་མངའ་རིས་བྱང་པའི་ས་ཁུལ་ཡིན་ལ། དགའ་ལྡན་ཕོ་བྲང་པས་སྲིད་དབང་སྒྱུར་བའི་དུས་འགོ་སྟེ། ཕྱི་ལོ་ ༡༦༨༠ ཡས་མས་ལ་ཁམས་ནང་ཆེན་འབྲོང་པ་དང་སྒེར་རྩེ་བར་འཁྲུག་རྩོད་མང་པོ་བྱུང་བར་བརྟེན་བཱེ་ཧུ་(རྒྱ་སྐད་དེ་དུད་ཚང་བརྒྱ་ལ་གོ་ཞེས་གུ་གེ་ཚེ་རིང་རྒྱལ་པོས་གསུངས།)ཨ་རྒྱ་དང་། ཨ་ནམ་གཙོས་པའི་དཔོན་དུད་སྐོར་ཞིག་སྟོད་མངའ་རིས་སུ་གངས་མཚོར་གནས་སྐོར་ལ་ཡོང་བ་ཕྱིར་མ་ལོག་པར་ཁུལ་དེར་བསྡད་སྟབས། མངའ་རིས་བྱང་པ་རྣམས་སྒེར་རྩེའི་གནོད་འཚེ་མ་གཟོད་པར་རུ་ཐོག་ཁུལ་དུ་གནས་སྤོས་པ་དང་སྒེར་རྩེ་བ་རྣམས་ཁུལ་དེར་གཞི་ཆགས། དགའ་ལྡན་ཚེ་དབང་གིས་དྲག་པོའི་དཔུང་གིས་ལ་དྭགས་དམག་ལ་དཔུང་འཇུག་བྱེད་པའི་སྐབས་བེའུ་ཨ་རྒྱས་གཡུལ་འགྱེད་ནང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་སྟབས། བོད་གཞུང་གིས་དཔོན་བེའུ་ཨ་རྒྱ་ཉིད་འབྲོང་པ་ཚོ་གསུམ་(སེང་སྟོད། སེང་སྨད། སྐོང་ཆེན།)ཟེར་བའི་ཡུལ་སྡེ་དེའི་དཔོན་ཏུ་བསྐོ་གཞག་གནང་བ་དང་ཕྱོགས་མཚུངས་འབོང་པ་དཔོན་ཞེས་པའི་གོ་མིང་དང་བཀའ་རྒྱ་བྱུང་། ཞེས་གསལ་མོད། ཡིག་ཆར་འགར་འབྲོང་པ་ལྷོ་བྱང་སྤྱི་ཁྱབ་རྩེ་དྲུང་གི་ཕོགས་ཡིན། ཞེས་གསལ་ན། འབྲོང་པ་དཔོན་ཁྲིམས་འགོ་རང་བཙན་པ་ཡིན་ནམ་མཆོད་གཞིས་ཡིན་དཔྱད་དགོས་པར་མཐོང་།
ཕྱི་ལོ་ ༡༧༥༡ བཀའ་ཤག་གི་ལམ་ལུགས་དབུ་བརྙེས་པ་དང་། འབྲོང་པའམ་འབོང་པ་དཔོན་ནི་མངའ་རིས་སྒར་དཔོན་གྱི་མངའ་འོག་རྫོང་བཞི་དཔོན་དྲུག་གི་ཡ་གྱལ་འབོང་པ་དཔོན་ཞེས་པ་དེ་ཡིན་ཅིང་། ༸གོང་ས་སྐུ་ཕྲེང་བདུན་པས་བཀའ་གཏན་རྒྱབ་སྣོན་ཤེ་བམ་ནང་འཁོད་བདག་དབང་གི་ས་ཆ་ནི་ཤར་ལྕགས་མོ་ལུང་ཆེ་ཆུང་དང་། ལྷོ་གདུགས་ཀྱི་གཡའ་དཀར་པོ། ནུབ་བྲག་འུ་མེ་འབར། བྱང་རུ་ལུག་རི་བརྒྱུད། ངུལ་པའི་སྣ་དཀར་པོ། སྤ་མར་འབུམས་གཏུགས་བཅས་ས་མཚམས་གསལ་པོར་འཁོད་ཡོད། ཕྱི་ལོ་ ༡༩༡༢ ལོ་ནས་འབྲོང་པ་བྱང་མའི་ས་ཆ་ནི་ལྷོ་ཕྱོགས་བཅུ་དར་སྟོད་ནས་ནུབ་བོ་རོ་གཞུང་རྒྱུད་ནས་གྲ་ཡས་ཚྭ་ཁ་བར། དེ་ནས་ཤ་བོ་ནས་ཤི་ཤ་ནབ་ཁྲ་ལ་སྤྲད་ཟེར་བ་དང་། ཤར་ཕྱོགས་ཞ་ནོར་མགོ་ལབ་རྩེ་ནས་སྤྱན་འགྲན་ལུ་མ་དང་རོང་འགག་ཐུར་བཤགས་ནས་རབ་རྡོ་དཀར་ཆུང་ལ་སྤྲད། བྱང་སྟོང་མཚོ་རྒྱན་བཤག་ནས་ཟངས་ཐང་ཞེས་པ་ཨམ་དམར་ཁར་དགོང་ལ་སྤྲད་ཟེར་བ་འཁོད་ཡོད་འདུག འབྲོང་པ་དཔོན་ནི་མངའ་རིས་ཁུལ་གྱི་དཔོན་གཞན་དང་མཚུངས་པར། རང་གི་མངའ་འོག་ཏུ་བཀའ་བློན་དང་། རྒན་པོ། འགོ་པ། དྲུང་ཡིག འབངས་འཁོར་སོགས། གཞུང་གི་བཀའ་གཏན་དམ་ཕྲུག་མངའ་བ་འཛིན་སྐྱོང་གི་མ་ལག་འཐུས་སྒོ་ཡོངས་སུ་ཚང་བའི་སྲིད་དབང་ཞིག་ཡིན།
དཔོན་ཚང་དེ་བྱུང་བ་ནས་བཟུང་དཔོན་རབས་བརྒྱད་དམ་བཅུ་བྱུང་འདུག་པ་ནི། དང་པོ་བེའུ་ཨ་རྒྱ། དཔོན་གཉིས་པ་ཀརྨ་དབང་རྒྱལ། གསུམ་པ་རྡོ་རྗེ་རྣམ་རྒྱལ། བཞི་པ་བདེ་སྟོབས། ལྔ་པ་ཀརྨ་དགྲ་འདུལ། དྲུག་པ་དབང་འདུས། བདུན་པ་དགྲ་འདུལ། བརྒྱད་པ་དབང་འདུས། དགུ་པ་དགྲ་འདུལ། བཅུ་པ་ཀརྨ་ཚེ་རིང་བཅས་ཀྱིས་རིམ་པས་སྲིད་དབང་བསྒྱུར། ཞེས་པས།《སྟོད་མངའ་རིས་སྒེར་རྩེ་རྫོང་འབྲོང་པ་བྱང་མའི་ལོ་རྒྱུས།》ནང་གསུངས་པ་དང་མི་འདྲ་བ་བྱུང་བས་དཔྱད་པར་འཚལ། གང་ལྟར་མངའ་རིས་ཤར་ཕྱོགས་ཀྱི་དགེ་རྒྱས་དང་། སྒེར་རྩེ། མཚོ་ཆེན་གསུམ་ནི་སྟོད་མངའ་རིས་སྐོར་གསུམ་གྱི་མི་སྡེའི་སྐད་ལུགས་དང་། གོམས་སྲོལ། གོས་སློག རྒྱན་ཆ་སོགས་གཅིག་མཐུན་མིན་པའི་རྒྱུ་མཚན་ནི་ཁོང་ཚོ་ཕལ་མོ་ཆེ་མདོ་ཁམས་ནས་ཆད་པའི་རྒྱུད་ཡིན་པ་ལས་མངའ་རིས་སྐོར་གསུམ་གྱི་མི་རྒྱུད་མིན་པས་ཡིན། དཔོན་ཁུངས་དེའི་དཔོན་རབས་མཐའ་མ་དམར་རྩི་རྒན་པོ་རྩིས་སྡིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕྱོགས་གཡོལ་ལ་ཕེབས་འདུག་ཅིང། ཕྱི་ལོ་ ༡༩༦༠ ལོར་ད་ལྟའི་སྒེར་རྩེ་རྫོང་བཙུགས་ཤིང་དེ་སྔའི་འབྲོང་པ་དཔོན་གྱི་མངའ་ཁོངས་རྣམས་ཀྱང་དེའི་ཁོངས་སུ་བཅུག་པར་མ་ཟད། ཕྱི་ལོ་ ༡༩༧༠ ལོར་མངའ་ཁོངས་ཀྱི་ནུབ་ཕྱོགས་ཕྲལ་ཏེ་མཚོ་ཆེན་རྫོང་བཙུགས་ཤིང་། རྫོང་མི་དམངས་སྲིད་གཞུང་ལུ་མ་རིང་པོར་གནས་གཞི་བྱས། རྫོང་དེ་ནི་ལྷ་ས་དང་བར་ཐག་སྤྱི་ལེ་ ༡༢༨༤ ཡོད།
དཔོན་ཚང་གི་འཛིན་སྐྱོང་འགྲོ་སྟངས་ཡང་གོང་དུ་བྱུང་བ་བཞིན། དཔོན་འོག་ཏུ་དཔོན་ཁག་གཞན་ལྔ་ལས་མེད་པའི་ཐུན་མིན་བཀའ་བློན་ཞེས་ཐ་སྙད་སྦྱར་བའི་གཞུང་ཞབས་མི་སྣ་བསྐོ་སྲོལ་མཆིས། དེ་ཡང་། བེའུ་ཨ་རྒྱའི་དཔུང་རོགས་གོ་ན་པད་རྒྱམ་ཞེས་པ་ལ་བོད་དམག་འཁྲུག་སྐབས་གཡུལ་ངོར་ཚེ་སྲོག་ཤོར་བའི་ལེགས་སྐྱེས་སུ་དམིགས་བཀར་སྩལ་བའི་གོ་མིང་ཞིག་ཡིན་སྐད། འབོང་པ་དཔོན་གྱི་འོག་གི་འབོང་པ་སེང་སྟོད། སེང་སྨད། སྐོང་ཆེན་བཅས་ཚོ་གསུམ་གྱི་ཚོ་པ་རེར་བཀའ་བློན་རེ་བསྐོ་མངགས་ཀྱིས་བཀའ་བློན་གསུམ་དང་། དེ་རྣམས་ཀྱི་ལས་འགན་གཙོ་བོ་ནི་ཁ་མཆུ་གྱོད་གཏུག་སོགས་ཁྲིམས་གནོན་བྱ་བ་རྣམས་དང་། དེ་འོག་ཚོ་པ་རེ་ལ་འགོ་པ་གཉིས་རེ་བསྐོས་པའི་འགོ་པ་དྲུག་པོའི་ལས་འཁུར་ནི་ཚོ་པའི་ནག་ཉོག་རྩིས་རྒྱག་སོགས་ལག་འདོན་ཁྲལ་བསྡུའི་འགན་འབབ་འཁྱེར་དགོས། དེ་བཞིན་ཚོ་པ་རེ་ལ་རྒན་པོ་རེ་ཡོད་པའི་ལས་འགན་ནི་རྐང་འགྲོ་ཁྲལ་འུལ་འཁྲི་སྒྲུབ་སྟངས་འཛིན་གཉེར་ཕྱོགས་དང་། གོང་བཀའ་བློན་དང་འོག་བཅུ་དཔོན་མི་སེར་བཅས་ཀྱི་འབྲེལ་མཐུད་ཟམ་པ་ལྟ་བུ་ཡིན། རྒན་འོག་འབྲོག་དུད་བཅུ་ལ་བཅུ་དཔོན་རེ་བསྐོས་མངགས་ཀྱིས་བཅུ་དཔོན་བཅུ་ཡོད་པས་དངོས་གཞིའི་ས་ཚིགས་སྐྱེལ་འདྲེན་ལག་བསྟར་བྱེད་པར་གསལ། གཞན་ཡང་། འབོང་པ་དཔོན་འོག་ཁྲལ་རྒྱུག་མི་སེར་གྱི་ལོ་ཚད་ནི་རང་ལོ་བཅོ་བརྒྱད་ལོན་མ་ཐག་ཚོ་པའི་ལས་ཀར་བཞུགས་དགོས་ཤིང་ལོ་དང་པོར་གླ་ཆ་སྤྲོད་ཀྱི་མེད།
དཔོན་ཚང་དེའི་རྐང་འགྲོ་ལག་གདོན་གྱི་ཁྲལ་རིགས་སྒྲུབ་ཕྱོགས་ལ་ཕྱི་ཁྲལ་ནང་ཁྲལ་གཉིས་སུ་ངེས་ཏེ། ནང་ཁྲལ་ལ་ཚོ་གསུམ་དཔོན་པོའི་ཕྱི་ནང་ཞབས་ཞུ་སྒྲུབ་མཁན་ལས། དཀོར་པ་དུད་ཚང་དྲུག་གིས་གཞུང་གི་འབྲི་དང་གཡག་ལུག་ཁྱོན་བསྡོམས་བརྒྱད་བརྒྱ་ཙམ་འཚོ་སྐྱོང་བྱེད་པར། ལོ་རེར་གླ་ཕོགས་སུ་དངུལ་སྲང་བཞི་བཅུ་ཙམ་དང་། ནོར་ལུག་ཤི་རྨས་བྱུང་ཡང་སྐྱིན་ཚབ་སྤྲོད་མི་དགོས་ལ་ཕྱུགས་རིགས་སྐྱེ་འཕེལ་གྱི་ཐོག་ལའང་ཚད་གཞི་ངེས་གཏན་བཅད་མེད། དེ་བཞིན་དབྱར་ཟླ་གསུམ་རིང་གཞུང་གི་ཁང་སྲུང་རྒྱུག་དགོས་པ་དང་། ནང་གཡོག་བརྒྱད་དང་གཡོག་མོ་ལྔར་གླ་འབབ་ཏུ་དངུལ་སྒོར་བརྒྱད་དང་ཉིན་རེའི་ལྟོ་དོད་སྤྲོད་དགོས། སྟོན་ཁ་སྐྱས་སྤོས་བྱེད་སྐབས་ཁལ་གཡག་དྲུག་ཅུ་དང་རྗེས་མི་དྲུག་གཏོང་དགོས་ཤིང་། དཔྱིད་སྐྱས་སྤོས་ལ་ཁལ་གཡག་བཞི་བཅུ་དང་རྗེས་མི་བཞི། ཚྭ་ཚོང་འགྲོ་མི་གསུམ་རྒྱགས་རང་འཁུར་གྱི་གཏོང་དགོས་པ་སོགས་འཁྲི་སྒྲུབ་དགོས་པ་ཡིན།
ཁྲལ་བསྡུའི་གྲངས་འབོར་བརྩི་སྟངས་ནི་ཚོ་པ་གཞན་དང་གཅིག་མཚུངས་གྱི་ལེབ་གྲངས་ལྟར་བརྩི་བར། གཡག་གཅིག་ལ་ལེབ་རེ་དང་ལུག་དྲུག་ལ་ལེབ་གཅིག ར་བདུན་ལ་ལེབ་གཅིག ལེབ་བཅུ་གཉིས་ལ་དངུལ་ཊམ་ཀ་རེ་ཡིན། སྤྱིར་ན་ལོ་གཉིས་རེའི་མཚམས་སུ་ཚོ་གསུམ་གྱིས་རས་ཁྲལ་ཕོ་འདོམ་བདུན་ཅུ་དོན་ལྔ་རྒྱག་དགོས་པ་ཕུད་ལོ་རེའི་འཆར་ཅན་གྱི་ཁྲལ་སྐལ་ནི། ནང་གྲོང་རེ་ནས་མར་ཉག་བཅུ་རེ་དང་ཕྱུ་ར་དོ་པོ་བརྒྱད། ཕྱི་གྲོང་རེ་ནས་མར་ཉག་ལྔ་དང་ཕྱུ་ར་དོ་པོ་ལྔ། ལེབ་ལུག་ཉི་ཤུ། ལེབ་ར་བཅུ། ཤིང་ཁྲལ་ཊམ་དཀར་བརྒྱད་ཅུ། སེང་སྟོད་ནས་བཙག་གཡག་རྒྱབ་གཉིས། ཀོང་ཆེན་ནས་བུལ་གཡག་རྒྱབ་གཉིས། སེང་སྨད་ནས་འོམ་བུ་གཡག་རྒྱབ་གཉིས་བཅས་བསྒྲུབ་དགོས། དེ་བཞིན་ས་ཚིགས་རྒན་པོས་ལས་འགན་བསྒྲུབ་དགོས་པ་ནི་ས་ཚིགས་སོ་སོར་མེ་ཤིང་དང་། ཐབ་ཆས། ཇ་ཆས། རྒྱུག་རྟ། ཁལ་མ་བཅས་ཚང་མ་གྲ་སྒྲིག་འཐུས་ཚང་སྒྲུབ་དགོས་ཤིང་། ས་ཚིགས་སྐྱེལ་ལམ་ནི་སྦང་ཤུག་གསུམ་སྣ། གཞུང་པའི་ཤག་མ་ཁ་སྦྱོར། ར་ཆུང་། གཙོད་ཚོ་གཉན་མཐའ་ནག་པོ། མོན་མཚེར་གསུམ་སྣ་བཅས་ཡིན། ཁྲལ་བསྡུའི་དུས་ཡུན་ལོ་གསུམ་རེའི་མཚམས་སུ་ཕྱུགས་ཟོག་རྣམས་གྲངས་ཚད་གཏན་འཁེལ་གྱིས་འཆར་གཞི་གསར་པ་གཏན་འབེབས་བྱེད་པར་བཤད།

 

༢ འབྲོང་པ་ཚོ་དགུའི་སྐོར།

དེ་སྔའི་འབྲོང་པ་ཚོ་དགུའི་ས་ཁུལ་ཕལ་མོ་ཆེ་དེང་གི་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་འབྲོང་པ་རྫོང་གི་མངའ་ཁོངས་སུ་གཏོགས་ཤིང་། ལོ་རྒྱུས་ཐོག་འབྲོང་པ་ཚོ་དགུའི་ཁུལ་དེ་བཞིན་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་སྟོད་ཀྱི་ས་གནས་སྲུང་སྐྱོབ་ཀྱི་ཆེད་དུ། ཕ་ཤེས་ཆེན་རྒྱ་མཚོའི་བུ་རྡོ་རྗེས་དམག་དཔོན་བྱས་ཏེ་དམག་དཔུང་རྟ་པ་སུམ་བརྒྱ་ནས་རིམ་བཞིན་སྤྲེ་བ་དང་། ནག་ཚང་། ཕྱོགས་བཅུ་བཅས་ཀྱི་ས་ཐོག་ལ་འབྲོང་པ་ཚོ་དགུའི་(སྐབས་དེར་ས་མིང་ལ་འབྲོང་པ་ཚོ་དགུ་ཞེས་འབོད་སྲོལ་ཡོད་བཟོ་མི་འདུག)གཞུང་ལམ་རྟ་ཟམ་གྱི་ཁྲལ་པ་རྣམས་ཆགས་ཡོད་ཅིང་། ཚོ་དགུར་གནས་བཅའ་བའི་འབྲོག་པ་རྣམས་མདོ་ཁམས་ནས་སྤོས་པའམ་གྱར་བའི་མི་རྒྱུད་མིན་པར་སྣང་། ཕྱི་ལོ་ ༡༧༩༩ ཡས་མས་སུ་འབྲོང་པ་བྱང་མའི་འགོ་པར་གོང་པའི་དཔོན་ཆུང་ཞེས་པ་བསྐོས། ཁུལ་དེའི་ལྷོ་ཕྱོགས་སུ་ཆགས་པའི་ཡུལ་སྡེ་ཁག་ཁ་ཤས་བཅས་མཉམ་དུ་འབྲོང་པ་ཚོ་དགུ་ཞེས་པའི་གཞུང་སྡེ་ཚོ་པ་བཀོད་སྒྲིག་བྱས་རྗེས། རིམ་བཞིན་འབྲོང་པ་ཚོ་དགུ་ཞེས་པའི་མིང་དེ་བྱུང་བར་སྙམ། དེ་ཡང་《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། འབྲོང་པ་ཚོ་དགུ་ཞེས་པ་དེའི་མིང་ལ་འབྲོང་པ་ཞེས་འབོད་དོན་ནི་ཕྱིས་སུ་འབྲོང་པ་བྱང་མའི་འགོ་བས་ཡུལ་དེ་དག་སྤྱི་ཡོངས་ཀྱི་འགོ་འཛིན་བྱེད་སྐབས་ཐ་སྙད་དེ་བྱུང་བར་གྲགས། ཞེས་པ་ལས་གསལ་བཤད་ཐུབ་ཅིང་།《མངའ་རིས་སྒེར་རྩེ་རྫོང་འབྲོང་པ་བྱང་མའི་ལོ་རྒྱུས།》ལས་ཀྱང་། ཕྱི་ལོ་ ༡༨༤༥ ཡས་མས་སུ་འབྲོང་པ་དཔོན་རྒྱུད་ཀྱིས་འབྲོང་པ་བྱང་མའི་དཔོན་དང་། ལྷག་པར་འབྲོང་པ་ཚོ་དགུའི་སྤྱི་ཁྱབ་བྱས་འདུག ཅེས་བྱུང་ངོ་།།
འབྲོང་པ་ཚོ་དགུ་ཞེས་པའི་ཚོ་དགུ་འདྲེན་ཚུལ་སྐོར་ལ།《མངའ་རིས་སྒེར་རྩེ་འབྲོང་པ་བྱང་མའི་ལོ་རྒྱུས།》ལས། འབྲོང་པ་ཚོ་དགུར་ཚོ་ཆེན་གསུམ་དང་། ཚོ་འབྲིང་གསུམ། ཚོ་ཆུང་གསུམ་ཡོད་འདུག་ཅིང་། དེ་དག་ལས་ཚོ་ཆེན་གསུམ་ནི་བར་དབྱང་། སྐྱང་རང་། བྱང་མ་གསུམ། ཚོ་འབྲིང་གསུམ་ནི་ཆུ་ཤར། བར་མ། ད་རོག་གསུམ། ཚོ་ཆུང་གསུམ་ནི་སྐྱེ་མར། སྐྱེ་དབྱང་། བུབ་སྟོད་གསུམ་བཅས་ཡིན་འདུག ཅེས་དང་། ཡང་《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། འབྲོང་པ་ཚོ་དགུ་ནི་རྐྱང་རང་དང་བྱང་མ། སྐྱེ་གཡང་། སྐྱེ་དམར། གླག་ཚང་། བར་ཡང་། བུབ་སྟོད། ཚོ་སྟོད་དང་ཆུ་ཤར་གཉིས། དར་རོག་བཅས་ཁྱོན་ཚོ་པ་དགུའོ། ཞེས་ཀྱང་བྱུང་། དེ་བཞིན་《གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར།》ལས། འབྲོང་པ་ཚོ་དགུ་ནི་འབྲོང་པ་བར་ཡངས་དང་། འབྲོང་པ་ད་རོག འབྲོང་པ་བར་མ། འབྲོང་པ་སྦུག་སྟོད། འབྲོང་པ་སྐྱེས་དམར། འབྲོང་པ་སྐྱེས་ཡང་། འབྲོང་པ་རྐྱང་རང་། འབྲོང་པ་ཆུ་ཤར། འབྲོང་པ་བྱང་མ་བཅས། ཞེས་གསལ། དེ་གསུམ་ལས། 《མངའ་རིས་ཆོས་འབྱུང་ཐུབ་བསྟན་མཛེས་རྒྱན།》ནང་། ད་རོག་གི་ཚབ་ལ་གླག་ཚང་དང་། བར་མ་ཞེས་པའི་ཚབ་ལ་ཚོ་སྟོད་ཅེས་འཁོད་འདུག་པ་མིང་གི་རྣམ་གྲངས་ཡིན་མིན་དཔྱད་དགོས་པ་འདུག
འབྲོང་པ་ཚོ་དགུའི་འཛིན་སྐྱོང་འགྲོ་སྟངས་ནི་ཚོ་དགུ་རང་ལ་སྤྱི་མི་གཅིག་དང་། ཚོ་ཆེན་སོ་སོར་རྒན་པོ་དང་། འགོ་བ། ཚོ་ཆུང་ལ་འགོ་པ་དང་། གཞན་ཡང་ཚོ་བ་ཚང་མར་དམག་དཔོན་དང་། གཉེར་པ། རྩྭ་དཔོན་སོགས་བཀོད་དགོས་པའི་གཏན་འབེབས་བྱས་འདུག དེའི་སྐབས་འབྲོང་པ་ཚོ་དགུ་ལ་མི་དུད་གྲོང་བཅས་གྲངས་སུམ་སྟོང་ལྷག་ཙམ་ཞིག་ཡོད་པར་ཤོད་སྲོལ་མཆིས་ཤིང་། སྤྱི་ཁྱབ་ཀ་པད་ནས་དེའི་འགོ་འཛིན་བྱས་འདུག འབྲོང་པ་ཚོ་དགུའི་ལྷག་མ་གཅིག་ལ་འབྲོང་པ་ལྷག་ཚང་ཞེས་བརྗོད།
འབྲོང་པ་ཚོ་དགུའི་ནང་འཆར་ཅན་གྱི་འདུ་འཛོམས་བོད་ཟླ་ ༥ ཚེས་འགོར་ལོ་ལྟར་ཚོགས་འདུ་རེ་ཚོགས་འཛོམས་ཀྱིས་ནག་རྙོག་རྩིས་རྒྱག་དང་། ཁྲལ་རིགས་རྐང་འགྲོ་ལག་འདོན་གྱི་ནང་སྙོམས་ཆ་གསེས་རྩིས་བསྡོམས། ལྷ་གསོལ་རྟ་རྒྱུག་སོགས་ཤིན་ཏུ་འདུ་འཛོམས་ཆེ་བ་འབྲོང་པ་ད་རོག་འཇགས་རྩེ་ཞེས་པའི་ས་གནས་སུ་ཚོགས། སྟོན་དུས་བོད་ཟླ་དགུ་པའི་ནང་ཀྲུ་ཀྲུ་རྫོང་དུ་མར་ཁྲལ་ལེན་པར་གཞུང་ལུག་རྒྱབ་དོད་སོགས་བསྡུ་ལེན་དང་། ནང་སྡེ་བསང་དང་། རྟ་རྒྱུག་མང་པོ་ཡོད། དཔྱིད་ཀ་བོད་ཟླ་གཉིས་པའི་ནང་སོས་དུས་ཚོགས་འཛོམས་སྐབས་རྟ་ཟམ་གཞུང་རྒྱུག་གི་རྟ་འུལ་དོས་ཁལ། རྐང་འགྲོ་ལག་འདོན་རྟ་ཟམ་སྒྲིག་ཆས་སོགས་ནང་ཁུལ་གོ་བསྡུར་འཁྲི་ཁུངས་སོ་སོའི་ཐོག་ནས་ཆད་མེད་གྲ་སྒྲིག་བྱེད་དགོས་པ་དང་། ལམ་རྒྱུག་རྟ་ཟམ་ཞལ་ངོ་ལྷོ་བྱང་གཉིས་དང་། ལེབ་གཡག་ཁལ་མ་སྒུག་མི་དང་། ལྷོ་བྱང་གཉིས་ཀྱི་ཡིག་སྐྱེལ་མི་རྟ་རང་འགྲིག་རྟ་རྒྱུག་ཕོ་ཉ་གཉིས་རྒྱུན་དུ་སྡོད་དགོས་པ་བཅས་དང་། རྟ་ཟམ་སོ་སོའི་ཁྲལ་ཁུངས་གོང་གསལ་ལྟར་རྟ་འུལ་དོས་ཁལ་དང་། དབུ་གུར། ཐབ་གུར། གདན་ཅོག་ཟངས་ཁོལ་མདོང་གསུམ། རྟ་གཡོག་ཐབ་གཡོག ཤིང་གསོག་བཅས་ཞལ་ངོ་སོ་སོའི་ཁོངས་གཏོགས་ནས་ཆད་མེད་གཙང་སྒྲིག་ཞུ་དགོས་སོ།།

 

༣ དགེ་རྒྱས་སྤྱི་ཁྱབ།

དེ་སྔའི་དགེ་རྒྱས་སྤྱི་ཁྱབ་བམ་ཚོ་བའི་ཁྱབ་ཁོངས་ནི་ཚ་ག་ཆུས་ཟེར་བ་གྲོང་མཚམས་ཚྭ་མཚོའི་འགྲམ་དུ་ཡོད་ཅིང་། དེའི་ཁོངས་བྱང་སྟོད་བྱང་སྨད་གཉིས་དང་། ཤར་མ་ལྷོ་མ་གཉིས། ཚྭ་ག་བཅས་ལྔ་ཡིན། དགེ་རྒྱས་ཚོ་པ་ནི་གོང་དུ་བརྗོད་པ་ལྟར་དུས་རབས་བཅུ་བདུན་ཙམ་ལ། ཁམས་ཀྱི་ཡུལ་ཤུལ་རྫ་སྟོད་ནས་སྟོད་མངའ་རིས་ཀྱི་གངས་མཚོ་གནས་མཇལ་ཞུས་རྗེས། མངའ་རིས་བྱང་འབྲོག་གཞུང་པའི་ཡུལ་དུ་སླེབས་སྐབས། ཁུལ་དེ་ནི་ཡངས་ཤིང་རྒྱ་ཆེ་ལ་ཚྭ་ཁུངས་ཕུན་སུམ་ཚོགས་པར་སྨོན་ནས་དེར་ཡུན་རིང་གནས་སྡོད་བྱས་ཤིང་ཁུལ་དེའི་འབྲོག་སྡེ་ཁག་ལ་བརྙས་གཙེར་ཡང་ཡང་བྱས་དབང་གིས། བྱང་འབྲོག་ཁག་གཅིག་རུ་ཐོག་ཁུལ་ལ་གནས་སྤོས་བྱེད་པ་དང་ཁག་གཅིག་གིས་བོད་གཞུང་ལ་ཞུ་གཏུག་བརྒྱབ། སྐབས་དེར་བོད་གཞུང་གིས་སྟོད་ཁུལ་ཁྲལ་ཁུངས་ཀྱི་མ་ཟིན་པས་དེར་སྲུང་སྐྱོབ་བྱ་དགོས་པ་གལ་འགངས་ཆེ་བར་བརྟེན། བཀའ་རྒྱ་ཕེབས་ནས་ཁམས་སྡེ་དགེ་རྒྱས་ཀྱིས་གཞུང་པའི་འབྲོག་སྡེ་ལ་སྲུང་སྐྱོབ་རོགས་སྐྱོར་བྱ་དགོས་པ་ལས་གནོད་བསྐྱལ་མི་ཆོག་པ་མ་ཟད། ལྕགས་རི་ལྟར་ཕྱིའི་ཇག་རྐུན་ལ་ཁ་གཏད་བཅག་སྟེ་གཞུང་པ་ནང་གི་ནོར་བུར་འཛིན་ནས་མཐའ་གཅིག་ཏུ་བསྲུང་དགོས་བཀའ་ཕབ་ཡོད་འདུག
དེ་ནས་བཟུང་དགེ་རྒྱས་ཕྱིའི་ལྕགས་རི་དང་གཞུང་པ་ནང་གི་ནོར་བུ་ཞེས། ཁམས་སྡེ་དང་འབྲོག་སྡེ་གཉིས་གཅིག་ལ་གཅིག་རྟེན་གྱིས་འཆམ་མཐུན་དུ་གནས་སོ།། ཕྱིས་སུ་ཚ་གསར་དུད་དགུའི་རྨང་གཞིའི་ཐོག་ཁམས་ནང་ཆེན་དང་། སྟེང་ཆེན། སྦྲ་ཆེན། རྨར་རྩ་སྐོར་ཆད་བཅས་ནས་ཁམས་རིགས་མང་པོ་འབྱོར་ནས་རྒྱ་སྐྱེད་བྱུང་སྟེ། བྱང་སྟོད་དང་། བྱང་སྨད། ཤར་མ། བར་ཚོ། ལྷོ་མ་བཅས་ཚོ་པ་ལྔ་ཆགས་པ་དང་། དེ་ཚོའི་སྐད་ལུགས་དང་ཆ་ལུགས་ཐམས་ཅད་ཁམས་ལུགས་གཅིག་མཚུངས་ཡིན། དགེ་རྒྱས་ཚོ་པ་རེ་ལ་འགོ་དཔོན་སྤྱི་ཁྱབ་རེ་དང་། དེའི་འོག་འགོ་པ། དེའི་འོག་དྲུང་ཡིག་དང་རྩིས་པ། དེའི་འོག་བཅུ་དཔོན་དང་དམག་དཔོན་བཅས་ཡོད། འགོ་བའི་ལས་འགན་སྤྱི་ཁྱབ་ཀྱི་བཀའ་ལེགས་གྲུབ་དང་། དམག་དཔོན་བཞི་ལ་འདོན་རྟ་པ་ཉི་ཤུ་རྩ་ལྔ་ཡོད་པ་དག་གིས་ཕྱིའི་ཇག་རྐུན་ལ་ཁ་གཏད་གཅོག་ཅིང་དགྲ་ངན་ཚར་གཅོད་བྱ་རྒྱུ་དང་། དགེ་རྒྱས་འགོ་པའི་ལས་འགན་གཞན་ཞིག་ནི་ཚྭ་ཁ་གཞིས་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༥༩ ལོ་ནས་ཚྭ་ཁ་ཆུས་ལ་མིང་བསྒྱུར་དང་། སྔར་གྱི་བར་མཚོ་ཚོ་པ་གནས་ས་དེ་གཞུང་པ་ཆུས་ཀྱི་ཁོངས་སུ་བཅུག་པ་དང་། ལྷོ་མ་གཉིས་སུ་བགོས་ནས་གཅིག་གཞུང་པ་ཆུས་དང་གཞན་དེ་ གཅིག་ཡག་ར་ཆུས་ཀྱི་ཁོངས་སུ་བཅུག དེ་ལ་མི་རྣམས་ཀྱིས་གཞུང་པ་ལྷོ་མ་དང་ཡག་ར་ལྷོ་མ་ཞེས་འབོད་ཀྱི་ཡོད། དེ་མིན་ཚོ་པ་ཁག་གསུམ་ཡོད་པ་དེ་ཆུས་གཅིག་ཏུ་བསྡུས་ནས་ཤང་ཁག་གསུམ་ལ་བགོས། མཉམ་ལས་ཅན་དུ་བསྒྱུར་འགོ་ཚུགས་པའི་རྗེས་བྱང་སྨད་ཤང་དེ་ཐོན་སྐྱེད་རུ་ཁག་བཞི་ལ་ཕྱེ་བ་བཅས་བྱུང་འདུག

 

༤ གཞུང་པ་མ་ཚན།

གཞུང་པ་ནི་སྔར་མངའ་རིས་བྱང་ཐང་ཁུལ་གྱི་བྱང་པའི་འབྲོག་སྡེ་ཆེ་གྲས་ཤིག་སྟེ། བསེ་འཁོར་ཚོ་པའི་ནུབ་ཕྱོགས་སུ་ཡོད་པ་ཡིན། དེར་གཞུང་པའི་རྡོ་རིང་ངམ་མོན་ཐོ་ཞེས་པའི་གནའ་ཤུལ་གྱི་རིགས་དང་མོན་ཞིང་དང་མོན་མཁར་རིགས་ཀྱང་ཧ་ཅང་མང་པོ་ཞིག་མཐོང་རྒྱུ་ཡོད་ཅེས་གསལ། དེ་ཡང་གཞུང་པ་ཞེས་མིང་ཡང་ཁུལ་དེར་གནས་པའི་འབྲོག་དུད་རྣམས་ཡངས་ཤིང་རྒྱ་ཆེ་བའི་གཤོང་སའི་གཞུང་ལ་འཚོ་གནས་བྱེད་པས་ཐོགས་པར་འདོད། ཡུལ་དེའི་སྐད་དང་ལུགས་སྲོལ་གོམས་གཤིས་སོགས་ལ་བསེ་འཁོར་དང་འདྲ་བར་དམིགས་བསལ་ཁྱད་ཆོས་ལྡན་ལ། དུས་རབས་ ༡༧ པ་ནས་བཟུང་གཞུང་གི་ཁྲལ་རྐང་འཛིན་མཁན་ཨ་མའི་གྲས་ཡིན་པས་གཞུང་པ་མ་ཟིན་ཞེས་བརྗོད་ཅིང་། ཕྱིས་སུ་ཡིག་ཚགས་ནང་ལ་གཞུང་པ་མ་མཚན་ནམ་མ་ཚན་ཞེས་བྲིས་པའང་འདུག ཡང་གཞུང་པ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་སྤྱིར་གཞུང་པ་མ་ཚན་ཞེས་པའི་མིང་ནི། གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་རྒྱུག་གི་ཁྲལ་པ་རྙིང་ཤོས་ཤིག་ཡིན། སྐེར་ལེབ་སྒུར་གསུམ་གྱི་གཞུང་ཁྲལ་ཨ་མ་འཛིན་པ་དང་། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་གསོལ་ཅོག་གི་བཞེས་སྒོ་གསེར་ཞོ་ལྔ་བཅུ་ཐམ་པ་རེ་གཞུང་གསེར་དཔོན་ལ་ལོ་ལྟར་ཕུལ་བའི་༸གོང་ས་ལྔ་པ་ཆེན་པོའི་མཚན་རྟགས་ཡོད་པ་ན་གཞུང་པ་མ་ཚན་ཞེས་གྲགས། ཞེས་གསུངས།
སྔ་དུས་གཞུང་པ་ཚོ་དགུ་ནི་བྲ་ཚོ་དང་། རྒྱལ་རྒྱུད། མེ་ཤང་། རྭ་པ། ཁྱུང་ལྷོ། ཁྱུང་བྱང་། བཟང་རྒྱུད། རྣམ་རྭ། བྲང་ལྗོངས་བཅས་དགུ་ཡོད་འདུག་རུང་། ལ་སིང་དམག་གིས་བྲ་ཚོ་དང་། རྒྱལ་རྒྱུད། མེ་ཤང་། རྭ་པ་བཅས་རྩ་སྟོང་གིས་གཞུང་ཚོ་ལྔར་ཐུག་ལ། ཕྱིས་ལྔ་པོ་དེ་དག་ཀྱང་རིམ་པས་འཐོར་བས་ཕྱི་ལོ་ ༡༩༥༩ ལོའི་གོང་གཞུང་པ་མ་ཚན་ཞེས་ཚོ་པ་གཅིག་ཙམ་ལས་ལྷག་མེད། ཡང་གུ་གེ་ཚེ་རིང་རྒྱལ་པོས་ཚོ་པ་དགུ་ཡོད་པ་ནི་བསེ་ལེ་ཕུག་དང་། ཕྱུག་ཚང་། འབྲི་བྱི་སོགས་ཡིན་ཞེས་དང་། ཚོ་པ་དེ་དག་གི་འགོ་འཛིན་མཐོ་ཤོས་ནི་སྤྱི་ཁྱབ་(དེ་དབང་ཐང་ཆེ་ཙམ་ཡོད་ཀྱང་མགོ་ལ་ཏོག་དང་རྟ་ལ་དོམ་མེད།)དང་དེའི་འོག་ལ་འགོ་པ། དམག་དཔོན། བཅུ་དཔོན་བཅས་གོ་གནས་རིམ་བཞིན་འགན་ཁུར་གྱི་ལམ་ལུགས་ལྡན་པར་གསུངས་འདུག དེ་མིན་གཞུང་པ་མ་ཚན་ཚོ་པའི་སྒྲིག་གཞི་ནི་གཞུང་པ་ཚོ་པ་གཅིག་ལ་སྤྱི་ཁྱབ་གཅིག་དང་། འགོ་པ་བཞི། དྲུང་ཡིག་གཅིག དམག་དཔོན་གཅིག གཉེར་པ་གཉིས། ཚོ་དཔོན་གཅིག་བཅས་གྲུབ། གཞུང་པའི་མི་སེར་གྱིས་ཁྲལ་རིགས་འཇལ་ཁུངས་གཙོ་བོ་ནི་མཐོ་གླིང་དགོན་དང་། བོད་གཞུང་། མངའ་རིས་སྒར་དཔོན་བཅས་ལ་འཁྲི་སྒྲུབ་བྱེད་དགོས། དེའི་སྐོར་རྒྱས་པ་གཟིགས་འདོད་ན་ཕྱི་ལོ་ ༢༠༡༦ ལོར་གཞུང་པ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་《གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར།》 ནང་ཞིབ་གཟིགས་འཚལ།

 

༥ བསེ་ལེ་ཕུག་དང་། ཡག་ར། བྱང་པ། ཁམས་སྡེ། འབྲོག་སྡེ།

བསེ་ལེ་ཕུག་ནི་སྟོད་མངའ་རིས་ཁུལ་གྱི་འབྲོག་སྡེ་རྙིང་གྲས་ཤིག་སྟེ། དེར་གནས་སྡོད་བྱེད་པའི་འབྲོག་དུད་མང་ཆེ་བའི་རུས་མིང་བསེ་ཡིན་ཅིང་། ཡུལ་དེར་ཕུག་པ་ཆེ་ཆུང་སྣ་ཚོགས་ཤིག་ཡོད་པས་མིང་དེ་ལྟར་བྱུང་། གཞན་ཡང་། ཡུལ་མི་རྒན་རབས་ཁག་གཅིག་གིས་བརྗོད་པ་ལྟར་ན། གནའ་སྔ་མོའི་དུས་སུ་ཡུལ་དེར་བསེ་རུ་ཞེས་པའི་དུད་འགྲོ་གཟུགས་སྟོབས་ཤིན་ཏུ་ཆེ་བ་དུ་མ་ཡོད་ཅིང་། དེའི་སྣ་རུ་ཧ་ཅང་མཁྲེགས་ཤིང་ལེགས་པས་གང་སར་ས་དོང་དྲུས་པའམ་ཨི་ཁུང་ཕུག་ནས་སྡོད་ཀྱི་ཡོད་སྟབས་ཡུལ་དེར་བསེ་ལེགས་ཕུག་ཅེས་ཐོགས། ཕྱིས་སུ་ཡུལ་སྐད་ལྟར་བྲིས་པས་བསེ་ལེ་ཕུག་ཅེས་པར་གྱུར་སྐད། དེའི་ཁྲལ་ཁུངས་ནི་འབྲུག་པ་བཀའ་བརྒྱུད་པའི་མ་དགོན་དབུས་ཕྱོགས་ལྷོ་ཁའི་གྲ་ནང་སྡིངས་པོ་ཆེར་འཁྲི་བ་ཡིན། ཞེས་དང་། ཡང་གཞུང་པ་ཚེ་རིང་ཆོས་འཕེལ་གྱིས་བསེ་ལེ་ཕུག་ནི། སྔོན་ས་དེའི་རྒྱུད་ལ་བྲག་ཕུག་རྩ་ཆེན་ཞིག་ཡོད་པ་དང་། དེའི་ནང་མཚམས་སྒྲུབ་གནང་མཁན་གྱི་བླ་མ་འཇོན་ཐང་ཅན་ཞིག་བྱུང་ཡོད་སྐད། ཁོང་གིས་དེར་དགོན་པ་ཞིག་ཕྱག་བཏབ། བླ་མ་དང་དགོན་པ་གཉིས་ལ་འབུལ་བ་འབུལ་མཁན་འབྲོག་སྡེ་ཁག་ནས་རྟ་ནོར་ལུག་གསུམ་དང་ར་བཅས་གྲངས་འབོར་མང་པོ་བྱུང་། དེའི་ཕྱུགས་ཟོག་ཉར་མཁན་གྱི་སྐོར་བ་མི་ཚང་ཁག་གཅིག་ཀྱང་བྱུང་། སྐབས་དེ་དུས་རྩྭ་ཡུལ་མེད་སྟབས་གཞུང་པ་མ་ཚན་གྱི་ས་ཁོངས་ནས་འབྲོག་ལས་སྐྱོང་བའི་ལྷས་མིག་དགུའི་ས་ཡུལ་དད་མོས་རྗེས་འབྲེལ་གྱིས་དགོན་པ་དེར་ཕུལ། འོན་ཀྱང་། སྐོར་བ་དེ་རྒྱ་སྐྱེད་ཆེན་པོ་བྱུང་ནས་དེ་ལ་བསེ་ལེ་ཕུག་སྤྱི་ཁྱབ་ཟེར་བ་གཅིག་དང་། འགོ་པ་གཉིས། དྲུང་ཡིག་གཅིག གཉེར་པ་གཉིས། དགོན་པའི་ཕྱག་མཛོད་གཅིག་བཅས་ལས་གྲུབ་པའི་ཡུལ་ཚོ་དེའི་འཛིན་སྐྱོང་བྱེད་ཀྱི་ཡོད། ཅེས་བཤད།
བསེ་ལེ་ཕུག་པས་རྩྭ་རིན་མ་དགོས་པའི་ཁྲལ་གྱི་རོགས་སྐྱོར་ལ་རྟ་ཟམ་རབ་རྡོ་དཀར་ཆུང་ཞེས་པ་དེར། དབྱར་དུས་ཀྱི་གཞུང་ཚོང་དང་། གསེར་དཔོན། ས་མདོ། བོ་དོང་ཁྲལ་བསྡུ་བ། བསམ་ཡས་དཀར་མེ་ཁང་གི་ཁྲལ་བསྡུར་གཞུང་པ་མ་ཚན་གྱིས་རྟ་གཡོག་དང་། བུད་ཤིང་སོགས་འཐུས་ཚང་སྒྲུབ་དགོས། ད་ལྟ་བསེ་ལེ་ཕུག་གི་ཡུལ་མི་དང་མདའ་འོག་ཕྱུག་ཚང་ཡུལ་མི་རྣམས་ཡག་ར་གྲོང་ཚོའི་སག་མ་ཁ་སྦྱར་ནང་དུ་གནས་སྡོད་བྱེད། ཡག་ར་ལྷོ་བྱང་བར་གསུམ་ནི་སྔོན་སེར་སྨད་གྲྭ་ཚང་གི་ཆོས་གཞིས་རེད་འདུག་ལ། རྩྭ་སའི་རིན་པ་གཞུང་པ་ལ་འབུལ་སྲོལ་མཆིས། བྱང་པ་ནི་གུ་གེ་རྒྱལ་རབས་ཀྱི་སྐབས་སྟོད་མངའ་རིས་བྱང་པ་ཞེས་མངའ་རིས་བྱང་ཐང་གི་འབྲོག་རིགས་རྣམས་འཚོ་སྡོད་བྱེད་སའི་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ཡུལ་ལ་ཟེར་ཞིང་། ཕྱིས་ཁམས་སྡེ་དགེ་རྒྱས་དང་། སྒེར་རྩེ། ཡག་ར། ཨ་རུ། རྔོ་རོ་སྐོར་མཆོད་སོགས་སླེབས་ནས་འབྲོག་སྡེ་དག་རིམ་བཞིན་ནུབ་ཁུལ་དུ་ཕྱིར་འཐེན་གྱིས། རུ་ཐོག་ཁོངས་སུ་བྱོལ་བས་དེའི་ཁོངས་སུ་གཏོགས་ཤིང་། བྱང་ཚོ་ལྔ་ཡོད་པ་ནི་གཏིང་རྩེ་སྟོད་སྨད་དང་། བྱང་པ་སྟོད་སྨད། བོད་རོང་བཅས་ཡིན། དེང་དགེ་རྒྱས་རྫོང་ཁོངས་སུ་བཞག་ཡོད།
ཁམས་སྡེ་ནི་གོང་དུ་བྱུང་བ་ལྟར་དུས་རབས་བཅུ་བདུན་དང་། བཅོ་བརྒྱད། བཅུ་དགུའི་ནང་བོད་ཀྱི་ཤར་ཕྱོགས་མདོ་ཁམས་ཁུལ་གྱི་ནང་ཆེན་དང་། ནང་ཆེན་རྫ་སྟོད། སྐྱེ་རྒུ་མདོ། སྒེར་རྩེ། ཡག་ར། འབྲོང་པ། ཨ་རུ། ཧོར་ཨ་མདོ། ཧོར་སྦྲ་ཆེན། སྟེང་ཆེན་སོགས་ནས་སྟོད་ཕྱོགས་སུ་ཐོག་མ་གངས་མཚོ་གཉིས་མཇལ་དུ་ཡོང་བའི་གནས་སྐོར་བ་རྣམས་རིམ་བཞིན་ཕྱིར་མ་ལོག་པར་གཞིས་ཆགས་པ་དག་ཡིན་ཞིང་། ཁོ་ཚོའི་སྐད་ལུགས་གཙོ་ཆེ་བ་ཁམས་སྐད་དང་། རྒྱན་གོས་ཀྱང་ཁམས་ལུགས་ཀྱི་ཤན་ཤུགས་ཆེ་ལ། མི་གཤིས་ཀྱང་ཁམས་པའི་གཤིས་ཀ་ཆེ་བར་ལྡན། སྔར་གྱི་ལོ་རྒྱུས་ཐོག་འབྲོག་སྡེ་དེ་ནི་དེང་གི་དགེ་རྒྱས་རྫོང་ཆགས་ཡུལ་གྱི་དགེ་རྒྱས་ཚོ་པ་དང་འབྲེལ་བ་མེད། གང་ལགས་ཤེ་ན། གནས་དེ་ནི་འབོང་པ་སེང་སྨད་ཀྱི་གྲགས་ཅན་གནས་རི་སྣ་ཕུག་གམ་གནས་ཕུག་ཡོད་སར་ཆགས་ཡོད། སྔར་གྱི་ལོ་རྒྱུས་ལྟར་ན་དེར་འབོང་པ་སེང་སྨད་ཀྱི་འབྲོག་ས་ཁོ་ན་དང་། གནས་ཕུག་གམ་སྣ་ཕུག་སྟེ་ཕུག་པ་ཐུན་མོང་མ་ཡིན་པ་གླང་ཆེན་གྱི་སྣ་ཁུག་དབྱིབས་ཅན་གྱི་བྲག་ལྡེབས་སུ་ཡོད་གཤིས་ཡུལ་དེའི་སྤྱི་མིང་ལ་སྣ་ཕུག་གམ་གནས་ཕུག་ཅེས་འབོད་པར་གྲགས།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།