ས་དགའ་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས། བོད་ཀྱི་ཆབ་སྲིད་འཕོ་འགྱུར་དང་ས་དགའ་རྫོང་སྐོར།

ས་དགའ་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས། བོད་ཀྱི་ཆབ་སྲིད་འཕོ་འགྱུར་དང་ས་དགའ་རྫོང་སྐོར།

ས་བཅད་བཅུ་པ། ས་དགའ་རྫོང་།

ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།

དང་པོ། ས་དགའ་རྫོང་གི་མིང་ཐོགས་ཚུལ།

རྫོང་དེར་ས་དགའ་ཞེས་མིང་དུ་བསྙད་པའི་སྒྲ་དོན་གྱི་བཤད་པ་ཇི་ཡིན་སྐོར་ལ། ལོ་རྒྱུས་ཡིག་ཚགས་ཁག་ཏུ་དེ་སྔ་ཕན་གསལ་བར་མ་རྙེད་ཀྱང་། ཡུལ་དེའི་དམངས་ཁྲོད་ཤོད་རྒྱུན་དུ་འདི་ལྟར་གྲགས་ཏེ། ཡུལ་དེ་ནི་མི་རྣམས་རབ་ཏུ་དགའ་བའི་ས་ཞིག་ཡིན་པས་ས་དགའ་ཞེས་འབོད་སྲོལ་བྱུང་བར་ཡོངས་སུ་གྲགས། དོན་དུའང་རྫོང་དེ་ནི་ས་མ་འབྲོག་གི་ཡུལ་དཀར་ཆུ་འབྲུ་རིགས་ཐོན་ཁུངས་ཕུན་སུམ་ཚོགས་ལ། གངས་རི་དང་། གཙང་པོ། མཚོ། མཚེའུ། རྩྭ་ཐང་། རྩྭ་ར། གཅན་གཟན། འདབ་ཆགས་སོགས་སྣོད་བཅུད་ཀྱི་བཀོད་པ་ལྟ་ན་སྡུག་པས་དེ་ལྟར་མིང་དོན་མཚུངས་པ་ཞིག་ཡིན།

གཉིས་པ། ས་དགའ་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིན་ ༢༣ ལེ་དབར་ ༡༦༡༠[1] སར་ཡོད་པའི་ས་དགའ་རྫོང་ནི། བོད་ནུབ་ཕྱོགས་མཐོ་སྒང་རི་ཁུལ་ཁོངས་སུ་གཏོགས་ཤིང་། གངས་ཏི་སེ་རི་བོའི་ལྷོ་དང་ཡར་ཀླུང་གཙང་པོའི་སྟོད་རྒྱུད། གོ་ལའི་བྱང་གི་འཕྲེད་ཐིག་ ༢༨༚ ༨’ 〜 ༣༠༚ ༠’ དང་། ཤར་གྱི་གཞུང་ཐིག་ ༨༤༚ ༡’ 〜 ༨༦༚ ༤’ བར་གནས། རྫོང་དེའི་ས་བབ་བྱང་ནས་ཤར་དུ་འཁྱོག་ཅིང་བྱང་དུ་གངས་ཏི་སེ་རི་བོ་དང་། ལྷོ་རུ་ཧི་མ་ལ་ཡ་རི་བོ། དབུས་སུ་བྱང་ལ་རི་བོ་བཅས་ཀྱིས་བཅུར་ནས་གནས། རྫོང་ཡོངས་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊལ་ ༤༦༠༠ ཡོད་ཅིང་། མཐོ་ཤོས་རྒྱ་མཚོའི་ངོས་ནས་མི་ཊལ་ ༧༠༩༥ དང་དམའ་ཤོས་རྒྱ་མཚོའི་ངོས་ནས་མི་ཊལ་༤༣༠༠ ཡིན། རྫོང་ཁྱོན་ཡོངས་ཀྱི་གནམ་གཤིས་མཐོ་སྒང་བར་གྲང་ཁུལ་ཕྱེད་ཐན་པའི་གནམ་གཤིས་ཁུལ་དུ་གཏོགས།[2]

ལོ་རེའི་ཆ་སྙོམས་དྲོད་ཚད་ ༠༚C ཡིན་པ་དང་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༢༚C ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༨༚C བཅས་རེད། རྒྱུན་གཏན་མཁའ་རླུང་ཉུང་ཞིང་ཉི་ཕོག་འབེལ་བ་དང་ཉིན་མཚན་དྲོད་ཁྱད་ཆེ་བ། སྐམ་ཞིང་གྲང་ལ་དྲོ་གྲང་དུས་ཚིགས་ཀྱི་ཁྱད་པར་ཙམ་མ་གཏོགས་མེད། ལོའི་ཉི་ཕོག་ཆུ་ཚོད་ ༣༠༠༠ ནས་ ༣༤༠༠ བར་ཡིན། ལོའི་སད་མེད་དུས་ཡུན་ཉིན་ ༡༠༥ ཡས་མས་དང་ལོའི་ཆར་ཆུ་འབབ་ཚད་མི་ལི་མི་ཊལ་ ༢༨༠ ཡིན་པར་གསལ། རྒྱུན་མཐོང་རང་བྱུང་གནོད་འཚེ་གངས་སྐྱོན་དང་། རླུང་སྐྱོན། ཐན་པ། སད། སེར་བ་སོགས་འབེལ།[3] དེང་གི་ས་བབ་དབྱེ་ཚུལ་ལྟར་ན་རྫོང་དེའི་ལྷོ་ཕྱོགས་བལ་ཡུལ་དང་ནང་ཁུལ་གཙང་གི་སྐྱིད་གྲོང་རྫོང་དང་འབྲེལ་ཞིང་། ཤར་ཕྱོགས་སུ་ངམ་རིང་རྫོང་། ནུབ་ངོས་སུ་འབྲོང་པ་རྫོང་། བྱང་དུ་མཚོ་ཆེན་རྫོང་བཅས་དང་ས་འབྲེལ་དུ་ཆགས་ཡོད།

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།

དང་པོ། བོད་ཀྱི་ཆབ་སྲིད་འཕོ་འགྱུར་དང་ས་དགའ་རྫོང་།

ས་དགའ་རྫོང་འདི་བཞིན་མངའ་མཛད་སྐབས་མངའ་མཛད་དང་པོ་གནོད་སྦྱིན་ནག་པོའི་ཡུལ་བཟང་ཡུལ་རྒྱན་མེད་ཅེས་པའི་ས་ཡུལ་མིན་ནམ་སྙམ་ཞིང་། དེ་ཡང་《འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རང་ཚུལ་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ།》ལས། གྲོ་ཤོད་གཞུང་འདི་བཙན་པོ་རོལ་པ་སྐྱ་བདུན་གྱི་ཕོ་བྲང་རི་རྣམས་རིམ་པར་ཡོད་པས་ས་འདི་བཙན་ཡུལ་ཟངས་ཐང་དམར་པོར་གྲགས་པ་དེའོ།།[4] ཞེས་དང་།《ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ།》ལས། བོད་ཡུལ་མཐུ་ཆེན་བཞིའི་ཡ་གྱལ་བསེ་ཡི་སྐྱེས་བུ་གནོན་སྦྱིན་གདོད་ནས་གནས་པའི་མཁར་བཙན་ཡུལ་ཟང་ཐང་དམར་པོ་དངོས་གཞི་ད་ལྟ་གྲོད་ཤོད་དུ་གྲགས་པའི་ལྗོངས།[5] ཞེས་གསུངས་འདུག་ན། ཟངས་ཐང་དམར་པོ་དང་། གནོན་སྦྱིན་གདོད་ནས་གནས། ཞེས་པ་སོགས་ལས་མངའ་མཛད་དང་པོ་གནོད་སྦྱིན་ནག་པོས་སྐྱོང་བའི་ཟངས་ཡུལ་རྒྱན་མེད་ཅེས་པ་མིན་ནམ་སྙམ་པ་ལགས་ན་བརྟག་པར་མཛོད་ཅིག་གུ།

དུས་རབས་བདུན་པའི་གོང་དུ་ཁུལ་དེ་ཞང་ཞུང་ཕུག་པའི་མངའ་འོག་ཏུ་གྱུར་ཡོད་པ་ནི།《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》ལས། ཞང་ཞུང་རྣམ་རྒྱལ་ལྷ་རྩེ། ཞེས་བྱུང་བ་དང་། དུས་རབས་བདུན་པའི་ནང་སྤུ་རྒྱལ་བཙན་པོས་བོད་ལ་དབང་ལུང་སྒྱུར་སྐབས། དབུས་གཙང་རུ་བཞི་ལས་གཡས་རུ་སྟོད་ཀྱི་མངའ་ཁོངས་སུ་གཏོགས་པ་ནི།《བཀའ་ཐང་སྡེ་ལྔ།》ལས། ཚན་བཅུའི་སྐོར་གསུངས་སྐབས། གཡས་རུའི་ཀླུངས་ལ་ཡུལ་སྡེ་བཅུ་དྲུག་ཡོད། བྱང་ཕུགས། ཏྲེ་ཤོད། ཟང་ཟང་། སྟག་སྡེ་དང་།[6] ཞེས་བྱུང་བའི་ཏྲེ་ཤོད་ནི་དེང་ས་དགའ་རྫོང་ཁོངས་སུ་ཡོད་པའི་ཀྲེ་བ་འམ་དེ་སྔ་བྱང་ཀྲེ་ཚོ་ལྔ། ཞེས་པ་དེ་ཡིན་པར་སྣང་། ཏྲེ་ནི་ཏྲེ་བ་དང་ཤོད་ཅེས་པ་ནི་རྟ་མཆོག་ཁ་འབབ་བམ་ཡར་ལུང་གཙང་པོའི་ལྷོ་བྱང་གཞུང་རྒྱུད་ལ་ཆགས་ཡོད་པས་ཤོད་ཅེས་འབོད་པར་སེམས། དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་སྒྱུར་སྐབས། ལ་སྟོད་བྱང་གི་ཁྲི་སྐོར་གྱི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་པ་ནི། དེང་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་འབྲོང་པ་རྫོང་(སྔ་དུས་ས་དགའ་རྫོང་འོག་ཡིན་པ་འདྲ།)ཁོངས་ཕན་ཕྱི་ཤང་གི་ཁོངས་སུ་ཡོད་པའི་རྣམ་ལྷ་དགོན་པ་(རྣམ་རྒྱལ་ལྷ་རྩེ་)ཞེས་པའི་དགོན་དེའི་གཙུག་ལག་ཁང་གི་རྟེན་དེབ་ནང་། ལ་སྟོད་བྱང་བརྒྱུད་ས་དགའ་ཁུལ་གྲོ་ཤོད་རྣམ་རྒྱལ་ལྷ་རྩེ།[7] ཞེས་འཁོད་པར་གསུངས་ལ།《དེབ་ཐེར་དམར་པོ་གསར་མ།》ལས་ཀྱང་། བྱང་པ་བདག་པོའི་ལུང་གིས་སྐྱ་སྐྱ་ནས་འཇད་ཡན་གྱི་ལ་སྟོད་བྱང་གི་ཡུལ་ལྗོངས་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལོན།[8] ཞེས་སོགས་བྱུང་བས་སོ།།

དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པས་བོད་ཁམས་སུ་དབང་ལུང་སྒྱུར་སྐབས། ས་དགའ་སྟོན་པ་རྫོང་ཞེས་པ་གསར་བཙུགས་གནང་བར་གསུངས་ལ།[9] སྡེ་སྲིད་གཙང་པའི་སྐབས་གྲོ་ཤོད་དུ་ཁུལ་རྣམ་རྒྱལ་ལྷ་རྩེ་རྫོང་ཞེས་པ་ཞིག་གསར་དུ་བཙུགས་ཡོད་པ་ནི།《གཙང་པའི་གདུང་རབས།》ལས། ནུབ་མི་འགྱུར་ཞིང་བལ་པོ་རྒྱ་གར་གྱི་ཁ་གནོན་རྣམ་རྒྱལ་ལྷ་རྩེ་རྫོང་བཙུགས། ཞེས་དང་། རྣམ་རྒྱལ་ལྷ་རྩེ་ཞེས་པ་ནི་གོང་ཞུས་ལྟར་བོད་གཞུང་གི་བཀའ་གཏན་ན་གྲོ་ཤོད་རྣམ་རྒྱལ་ལྷ་རྩེ། ཞེས་དེང་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་འབྲོང་པ་རྫོང་(སྔ་དུས་ས་དགའ་རྫོང་འོག)ཁོངས་ཕན་ཕྱི་ཤང་གི་ཁོངས་སུ་ཡོད་པ་རྣམ་ལྷ་དགོན་པ་ཞེས་པ་ཡིན།[10] ཞེས་འཁོད་པ་ལས་ཤེས་ནུས་པས་སོ།།

དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་སྐབས། དེ་སྔ་ཕག་གྲུའི་སྐབས་ཀྱི་ས་དགའ་སྟོན་པ་རྫོང་དེ་རང་འཇགས་ཡིན་པ་འདྲ་ཞིང་། རྫོང་ཆགས་ཡུལ་རྟ་མཆོག་ཁ་འབབ་(ཡར་ཀླུང་གཙང་པོའི་)བྱང་གི་འགྲམ་དུ་ཆགས་ཡོད། མངའ་ཞབས་སུ་སེར་སྐྱ་དགོན་ཁག་བཅུ་གསུམ་གྱི་ཁྱབ་ཁོངས་གཞུང་ལམ་རྟ་ཟམ་བདུན་དང་། བར་ཚུགས་ཚ་ཞག་ལྔའི་འཁྲི་ཁུངས་བཅས་ཡོད་པ།[11] གསུངས། རྫོང་དེར་བོད་གཞུང་དང་བཀྲས་ལྷུན་བླ་བྲང་གཉིས་ཀའི་མི་སེར་ཡོད་ཅིང་། རྫོང་ཤར་ནུབ་གཉིས་སམ་རྫོང་སྡོད་སེར་སྐྱ་གཉིས་ཀྱི་སྐྱོང་བའི་རིམ་དྲུག་རྫོང་འགོ་འབྲིང་གྲས་ཤིག་ཡིན།[12] ཞེས་བཀའ་ཤག་གི་རྒྱ་དེབ་སོགས་ཀྱི་ནང་གསལ་མོད། ཡིག་ཆ་འགར་རྫོང་དཔོན་མངག་གཏོང་ནི་འབྲས་སྤུངས་དགོན་དང་། སེ་ར་དགོན། གཙུག་ལག་ཁང་བཅས་ནས་ཐད་ཀར་འདེམས་བསྐོ་བྱེད་ཀྱི་ཡོད།[13] ཅེས་ཀྱང་འཁོད་འདུག་ན། ཆོས་གཞིས་སུ་གཏོགས་པའི་རྫོང་གཞིས་ཤིག་མིན་ནམ་སྙམ་པའང་འདུག་པས་བརྟག་པར་མཛོད།

ལོ་རྒྱུས་ཐོག་༸གོང་ས་སྐུ་ཕྲེང་བདུན་པའི་སྐུ་དུས་སུ་ས་དགའ་འགོ་བ་བདེ་ཡངས་རབ་འབྱམས་པ་དགེ་འདུན་ཡར་འཕེལ།[14] ཞེས་པ་དང་། ཕྱིས་རྫོང་སྡོད་གཉིས་ལས་ཕྱག་སྦྲེལ་ཡུལ་ལྷ་བ་དང་། ཕྱི་ལོ་ ༡༧༩༥ ལོར་སྐྱིད་ཤོང་པ། ཕྱི་ལོ་ ༡༧༩༧ ལོར་བྱ་ཚང་རྣམ་རྒྱལ། ཕྱི་ལོ་ ༡༧༩༨ ལོར་བདེ་བ་ཅན། ཕྱི་ལོ་ ༡༨༠༠ ལོར་ཨ་ཏི་གླིང་པ། བར་འཚོ་བ། ཕྱི་ལོ་ ༡༨༡༨ ལོར་བཀྲ་ཤིས་བདེ་ལྡན། ཕྱི་ལོ་ ༡༨༢༡ ལོར་སྟག་སྣ་བ། ཕྱི་ལོ་ ༡༨༢༤ ལོར་བྲག་འཇུན་པ། ཕྱི་ལོ་ ༡༨༣༠ ལོར་སྔོན་མོ་ལུང་པ་རྣམ་རྒྱལ་ཕུན་ཚོགས། ཕྱི་ལོ་ ༡༨༣༡ ལོར་བདེ་སྐྱིད་རབ་བརྟན། ཕྱི་ལོ་ ༡༨༣༤ ལོར་མདོང་མཁར་བ། ཕྱི་ལོ་ ༡༨༣༩ ལོར་མི་རྒྱབ་དབང་འདུས། ཕྱི་ལོ་ ༡༨༤༡ ལོར་སྡིང་བྱ་དབང་རྒྱལ། ཕྱི་ལོ་ ༡༨༥༣ ལོར་བཀྲས་གཤོང་དོན་གྲུབ་དབང་འདུས། ཕྱི་ལོ་ ༡༨༥༨ ལོར་ཉིན་མཁར་དོན་གྲུབ་གཡུལ་རྒྱལ། ཕྱི་ལོ་ ༡༨༦༡ ལོར་རྨར་ལམ་པ་ཕུན་ཚོགས་དར་རྒྱས། ཕྱི་ལོ་ ༡༨༦༥ ལོར་བཤད་ཐལ་ཚེ་རིང་དབང་ཕྱུག  ཕྱི་ལོ་ ༡༨༦༧ ལོར་ས་ལུང་རྟ་མགྲིན་དཔལ་འབྱོར། ཕྱི་ལོ་ ༡༨༧༠ ལོར་དཔལ་ལྷུན་མཁྱེན་རབ་ཚེ་འཕེལ། ཕྱི་ལོ་ ༡༩༢༢ ལོར་བར་འཚོ་འཇིགས་མེད་བསྟན་འཛིན། ཕྱི་ལོ་ ༡༩༢༧ ལོར་གསར་བྱུང་དབང་འདུས་རིན་ཆེན། ཕྱི་ལོ་ ༡༩༢༩ ལོར་རྨར་ལམ་འཇིགས་མེད་དགྲ་ལྷ། ཕྱི་ལོ་ ༡༩༣༤ ལོར་སྐྱིད་སྨད་ཚེ་རིང་དབང་འདུས། ཕྱི་ལོ་ ༡༩༣༥ ལོར་སྒོག་མཁར་ཚེ་དབང་རིག་འཛིན། ཕྱི་ལོ་ ༡༩༤༢ ལོར་ཞོལ་ཁང་བསོད་ནམས་དར་རྒྱས། ཕྱི་ལོ་ ༡༩༤༦ ལོར་ནོར་ནང་ངག་དབང་ནོར་བུ། ཕྱི་ལོ་ ༡༩༤༨ ལོར་དགའ་བདེ་རྣམ་རྒྱལ་རྡོ་རྗེ། ཕྱི་ལོ་ ༡༩༥༠ ལོར་སྨན་སྟོད་ཚེ་དབང་རྒྱལ་པོ་བཅས་དང་།[15]

ཕྱག་སྦྲེལ་རྫོང་སྡོད་གཞན་ནི་བདེ་སྐྱིད་རབ་བརྟན་པ་བཀྲ་ཤིས་ཕུན་ཚོགས། ཕྱི་ལོ་ ༡༧༩༡ ལོར་སྤོར་གདོང་གཡུལ་རྒྱལ། ཕྱི་ལོ་ ༡༨༠༡ ལོར་བྱ་རིགས་དོན་གྲུབ་དབང་རྒྱལ། ལྕགས་ར་ཧོ་ཐོག་ཐུའི་ཚབ་རྩེ་དྲུང་འོད་འཇོ་བློ་བཟང་རབ་བརྟན། ཕྱི་ལོ་ ༡༨༢༣ ལོར་རྩེ་དྲུང་ཡེ་ཤེས་བསམ་འཕེལ། ཕྱི་ལོ་ ༡༨༢༧ ལོར་རྩེ་དྲུང་སྐལ་བཟང་ཡར་འཕེལ། ཕྱི་ལོ་ ༡༨༣༡ ལོར་རྩེ་དྲུང་རྣམ་རྒྱལ་ཆོས་འཕེལ། འདི་མི་བབས་འཁོས་འཁྱེར་ཞན་པར་བརྟེན་ནང་མོལ་གྱིས་རྩེ་དྲུང་གྲགས་པ་མཐའ་ཡས་ངོ་ཚབ་ཏུ་བཏང་། ཕྱི་ལོ་ ༡༨༣༣ ལོར་རྩེ་དྲུང་ཕུན་ཚོགས་རྣམ་རྒྱལ། ཕྱི་ལོ་ ༡༨༣༦ ལོར་རྩེ་དྲུང་བཟོད་པ་རྒྱལ་མཚོ། ཕྱི་ལོ་ ༡༨༣༧ ལོར་རྩེ་དྲུང་བློ་བཟང་དམ་ཆོས། ཕྱི་ལོ་ ༡༨༤༢ ལོར་རྩེ་དྲུང་ཕུ་ལུང་བློ་བཟང་ཆོས་ལྡན། ཕྱི་ལོ་ ༡༩༤༣ ལོར་རྩེ་དྲུང་སྤེལ་གསར་ཚུལ་ཁྲིམས་ཡེ་ཤེས། འདི་ནས་རྫོང་སྡེ་དེ་བཞིན་དེ་སྔ་སྐྱ་བོའི་འགྲོ་ཁུངས་ལ་སོང་སེར་མོ་བ་ཕྱིར་འཐེན་གྱིས་ཕྱི་ལོ་ ༡༨༤༥ ལོར་རག་རྩིབ་པ་ཕུར་བུ་དགྲ་འདུལ་བསྐོ་གཞག་གནང་འདུག ཕྱི་ལོ་ ༡༨༥༢ ལོར་སྔོན་ལུང་ཚེ་དབང་དཔལ་འབྱོར་རྡོ་རྗེ། ཕྱི་ལོ་ ༡༨༦༠ ལོར་སྙེ་ལུང་མི་འགྱུར་རྡོ་རྗེ། ཕྱི་ལོ་ ༡༨༦༡ ལོར་གུང་ཤེལ་དངོས་གྲུབ་རྡོ་རྗེ། ཕྱི་ལོ་ ༡༨༦༡ ལོར་རོང་བྲག་འགྱུར་མེད་ཚེ་དབང་། འདི་ཀློ་བོ་སྨོན་ཐང་བདེ་པ་རང་འཚམས་བཏང་སྐོར་གནས་གཅིག་ཕབ་ཚབ་ཕྱི་ལོ་ ༡༨༦༤ ལོར་སྤྱི་ལྕགས་དོན་གྲུབ་རྡོ་རྗེ། ཕྱི་ལོ་ ༡༨༦༧ ལོར་ཞོལ་ཁང་ཚེ་རིང་བསམ་གྲུབ། ཕྱི་ལོ་ ༡༨༧༠ ལོར་སྟག་སྣ་བསོད་ནམས་སྟོབས་རྒྱས། ཕྱི་ལོ་ ༡༩༢༠ ལོར་རིན་སྒང་བསོད་ནམས་རབ་བརྟན། ཕྱི་ལོ་ ༡༩༢༧ ལོར་མཁར་ལྡན་བཀྲ་ཤིས་རྡོ་རྗེ། ཕྱི་ལོ་ ༡༩༣༠ ལོར་ས་ལུང་ལྷ་དབང་རྒྱལ་པོ། ཕྱི་ལོ་ ༡༩༣༥ ལོར་ལྕེ་བདེ་བསྟན་འཛིན་སྐལ་བཟང་། ཕྱི་ལོ་ ༡༩༤༢ ལོར་རུ་ཐོག་སྐལ་བཟང་བདེ་ཆེན། ཕྱི་ལོ་ ༡༩༤༧ ལོར་སྨན་རི་རྡོ་རྗེ་རྒྱལ་པོ། ཕྱི་ལོ་ ༡༩༥༢ ལོར་ཡངས་རྩེ་བཀྲ་ཤིས་དོན་གྲུབ་བཅས་སོ། །[16]

བོད་ལ་དུས་འགྱུར་བྱུང་བསྟུན་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༤ པར་ས་དགའ་རྫོང་དུ་སྒྱུར་བཅོས་གསར་འཛུགས་བྱས་མོད། ཕྱི་ལོ་ ༡༩༦༤ ལོར་ཁུལ་དེའི་ཡུལ་སྡེ་རྣམས་སྐྱིད་གྲོང་དང་། འབྲོང་པ། ངམ་རིང་བཅས་རྫོང་གསུམ་ནང་ཆ་བགོས་ཀྱི་བཅུག་འདུག ཕྱི་ལོ་ ༡༩༦༥ ལོར་སླར་ཡང་ས་དགའ་རྫོང་བསྐྱར་འཛུགས་ཀྱིས་ད་ལྟ་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཤིང་། རྫོང་སྲིད་གཞུང་སྐྱ་སྐྱར་རྟེན་གཞི་བྱས་ཡོད། ཕྱི་ལོ་ ༡༩༧༦ སྐྱ་སྐྱ་ལ་ས་དགའ་ཞེས་པའི་རྒྱ་ཡིག་གི་དག་ཆ་གཏན་འབེབས་བྱས་འདུག་ཅིང་རྫོང་འོག་ཏུ་གྲོང་ཚོ་ ༣༨ ལྷག་ཙམ་དང་།[17] དུད་ཚང་ ༢༠༢༥ ལ་མི་གྲངས་ ༡༢༦༠༠ ཡོད་པ་རྣམས། ཤང་ཞེས་པ་ ༧ དང་གྲོང་བརྡལ་གཅིག་ནང་བསྡུས་ཤིང་། ད་ལྟ་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༥༥༠༠ ཡོད་འདུག[18]

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ། 

[1]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༢༨༧།

[2]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 133.

[3]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 133.

[4].  འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རང་ཚུལ་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ། ཟླ་འོད་གཞོན་ནུ་རྩོམ་སྒྲིག་ཁང་། ཕྱི་ལོ་ ༢༠༠༧། ཤོག ༢༤༨།

[5].  ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༡༤།

[6].  གུ་རུ་ཨུ་རྒྱན་གླིང་པ། བཀའ་ཐང་སྔེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༧། ཤོག ༡༨༥།

[7].  ཞབས་ཤར་ཟླ་བ་ཚེ་རིང་། བསོད་ནམས་སྟོབས་རྒྱས། གྲོ་ཤོད་རྣམ་རྒྱལ་ལྷ་རྩེའི་བྱུང་བ་རགས་ཙམ་གླེང་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། ཕྱི་ལོ་ ༢༠༡༣། ༢། ཤོག ༣༤།

[8].  པཎ་ཆེན་བསོད་ནམས་གྲགས་པ། དེབ་ཐེར་དམར་པོ་གསར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༥༧།

[9]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 133.

[10].  ཞབས་ཤར་ཟླ་བ་ཚེ་རིང་། བསོད་ནམས་སྟོབས་རྒྱས། གྲོ་ཤོད་རྣམ་རྒྱལ་ལྷ་རྩེའི་བྱུང་བ་རགས་ཙམ་གླེང་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། ཕྱི་ལོ་ ༢༠༡༣། ༢། ཤོག ༣༤།

[11].  གཞུང་པ་ཚེ་རིང་ཆོས་འཕེལ། གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར། ཕྱི་ལོ་ ༢༠༡༦། ཤོག ༤༠༤།

[12].  བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༤༢༠།

[13]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 133.

[14].  ལྕང་སྐྱ་རོལ་བའི་རྡོ་རྗེ། དཔག་བསམ་རིན་པོ་ཆེའི་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༠། ཤོག ༩༤༩།

[15]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[16]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[17]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 133.

[18].  གཞིས་རྩེའི་ལོ་རྒྱུས་དཔྱད་གཞི་གདམས་བསྒྲིགས། འདོན་ཐེངས་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༥། ཤོག ༤༥།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།