ས་དགའ་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

ས་དགའ་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

 གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

༡ རྫོང་གཞིས་འགྲོ་སྟངས།

ས་དགའ་རྫོང་ནི་དབུས་གཞུང་གི་རིམ་པ་དྲུག་པའི་རྫོང་འགོ་འབྲིང་གྲས་ཤིག་ཡིན་པས། གཞུང་འཛིན་རྫོང་ཤར་ནུབ་གཉིས་སུ་རྫོང་སྡོད་སེར་སྐྱ་གཉིས་ཀྱིས་དབུ་འཁྲིད་པའི་འཛིན་སྐྱོང་ལམ་ལུགས་ལྡན་ཞིང་། དེའི་གཤམ་འོག་ཏུ་རྫོང་གཞན་ལྟར་ལས་དྲུང་དང་། ཕྱག་མཛོད། ཁང་གཉེར། འགོ་བ། རྒན་པོ་སོགས་གོ་གནས་རིམ་གྲས་ལས་ཀྱི་སྣེ་མོར་གཏོགས་པ་དག་གིས་ཁྲལ་བསྡུ་ཁྲིམས་གནོན་གྱི་ལས་འཁུར་འཛིན་པ་ཡིན། རྫོང་སྡོད་སྐྱ་སེར་གཉིས་དང་ཆོས་གཞིས་ཁག་གི་མཁན་ཕྱག་སོགས་ལས་སྣེ་རྣམས་ལོ་གསུམ་རེ་ནས་བརྗེ་ལེན་བྱེད་མོད། དེ་མིན་གཞུང་ཞབས་རྣམས་མེས་མི་རྒྱུད་ནས་ལས་གནས་འཛིན་སྲོལ་མཆིས་ཤིང་། དེ་རྣམས་ལ་ཁྲལ་བསྡུའི་བཟའ་སྒོ་དང་ས་རིས་མི་སེར་ཅུང་ཙམ་ལས་གཞུང་གི་གླ་ཕོགས་ཐོབ་ཐང་གཞན་གང་ཡང་མེད།

སྤྱིར་ས་དགའ་རྫོང་འོག་ཏུ་སེར་སྐྱ་དཔོན་ཁག་བཅུ་གསུམ་ཙམ་མཆིས་ཤིང་། དེ་དག་ལས་སྐྲ་བདུན་བུ་ཁྲལ་པ་དང་། སྟོད་འབའ་ཕན་ས་གསུམ། འབྲོང་པ་རི་ལ་བ། ལེགས་རྩེ། འབྲོང་པ་ཆོས་འཁོར་བ། སྐྱངས་རང་ཚོ་ཆེན།[1] འབ་ཆེན་ཁྲང་སྒོ། ཀྲེ་བ་ཡ་ཆུ། ཀྲེ་བ་སྐྱིད་སྦུག  དར་རྒྱས་གླིང་མཆོད་གཞིས། སྒར་ཤོག  རུ་སྐྱོག  གཞུང་རུ་ནི་གཞུང་རུ་བཀར་ཁང་བཅས་སེར་སྨད་གྲྭ་ཚང་གི་མཆོད་གཞིས་དང་། ཟང་ཟང་དཔོན། རག་ཁ་སྟོད། བླ་བྲང་སྐྱ་སྐྱ་དང་བླ་བྲང་མ་གཞིས་ཞེས་བཀྲས་ལྷུན་བླ་བྲང་གི་མཆོད་གཞིས།[2] བཅས་གོང་དུ་བྱུང་བ་བཞིན་རྫོང་དེར་གཞུང་བླ་གཉིས་ཀས་ས་རིས་དབང་ཐང་བདག་ཐོབ་ལྡན་ལ། སྒེར་བཤད་སྒྲ་པས་མངའ་ཞབས་ཤེ་ཁང་བཅས་རང་ཁོངས་ས་རིས་ཁག་ཏུ་འཛིན་སྐྱོང་མཁན་ཕྱག་གཞིས་སྡོད་བསྐོ་གཏོང་གིས་ཁྲལ་བསྡུ་ཁྲིམས་གནོན་བྱེད་སྲོལ་མཆིས།

དེ་བཞིན་ས་དགའ་རྫོང་གི་མངའ་ཞབས་སེར་སྐྱ་དཔོན་ཁག་བཅུ་གསུམ་གྱི་ཁྱབ་ཁོངས་གཞུང་ལམ་རྟ་ཟམ་བདུན་དང་། བར་ཚུགས་ཚ་ཞག་བཞིའི་འཁྲི་ཁུངས་བཅས་ཀྱི་ཡུལ་སྡེ་ཁག་གི་མིང་ནི། དང་པོ། ཀྲ་རུམ་བུ་ཕྲུ་བ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་པའི་ཡང་འདུལ་གྱི་གཙུག་ལག་ཁང་སྐྲ་བདུན་གྱི་དགོན་པ་རྩེ་རྣམ་སྣང་དཀར་པོ་འབྱུང་བ་རླུང་གི་ཁ་གནོན་བྱིན་ཅན་དེ་ཡང་དེར་ཡོད། གཉིས། འབྲོང་པ་ཆོས་འཁོར། གསུམ། སྟོད་སྦ་ཕན་གསུམ་རྣམ་ལྷ་དགོན་པ།(ས་སྐྱ།) བཞི། རི་ལ། ལྔ། ལེགས་རྩེ།  བླ་བྲང་བ་ཆོས་རྫོང་ངོ་།། དེ་ནས་སྙུད་གུད་རྟ་ཟམ་གྱི་འཁྲི་ཁུངས་ནི། སྤྲེ་བ་སྡེ་གསར་དང་འབྲོང་པ་སྐྱང་རང་ངོ་།། དེ་ནས་ས་དགའ་རྫོང་གི་རྟ་ཟམ་གྱི་འཁྲི་ཁུངས་སྤྲེ་བ་བྱང་མ། སྤྲེ་བ་སྐྱེ་ཕུག འགྲོ་མགོན་ཀུན་འགྲུབ་ཤེས་རབ་ཀྱི་ཕྱག་བཏབ་པའི་དར་རྒྱས་དགོན་པ་དང་ཡུལ། ཕུར་བྲག་དགོན་པ་དང་ཡུལ། ལབ་གཞུང་པ་བཅས་སོ། དེ་ནས་སྲེ་མོ་ཞུད་རྟ་ཟམ་གྱི་ཁྲལ་ཁུངས། སྤྲེ་བ་སྟོད་མ་དང་ཨུག་ཤུད་གཉིས་སོ།། རག་སྒ་ཁྲ་བཟང་གི་རྟ་ཟམ་གྱི་ཁྲལ་ཁུངས། ཕན་སྤྱི་སྨད་པ་དང་གེས་ཚེ་གཉིས་སོ།། དེ་ནས་གྱེད་རྡོ་རྟ་ཟམ་གྱི་འཁྲི་ཁུངས། ཟང་ཟང་རག་སྟོད། གཱ་ཞི། སྤ་ཚལ། ནེ་རིང་། འོ་མ་ཕུག་གི་དགོན། ལ་སྟོད་བཅས་སོ།། དེ་ནས་ཟང་ཟང་རྟ་ཟམ་གྱི་ཁྲལ་ཁུངས། སྔ་སྨད། སྔ་སྟོད། བར་ཀོག  བྱང་སྨད། བྱང་སྟོད་ལྷ་བྲག་དགོན་པ་བཅས་སོ།།

སྐྲ་བདུན་དང་སྙུད་གུད་བར་གྱི་ཚ་ཞག་གཅིག་གི་འཁྲི་ཁུངས། འབྲོང་པ་ལྷག་ཚང་ཡིན། སྙུད་གུད་དང་ས་ཀ་བར་གྱི་ཚ་ཞག་གཅིག་གི་འཁྲི་ཁུངས། ལྷ་ལུད་ཡུལ་སྡེ་ཡིན། ས་ཀ་དང་སྲི་མོ་ཞུད་བར་གྱི་ཚ་ཞག་གཅིག་གི་འཁྲི་ཁུངས་ཨུག་ཤུད་ཡིན། རག་ཀ་ཁྲ་ཟང་དང་གྱེད་རྡོ་བར་གྱི་ཚ་ཞག་གཅིག་གི་འཁྲི་ཁུངས། རུ་ཆེན་ཡུལ་སྡེ་ཡིན། གྱེད་རྡོ་དང་ཟང་ཟང་བར་གྱི་ཚ་ཞག་གཅིག་གི་འཁྲི་ཁུངས། ལྷ་ཉ་དང་ཟང་སྨད་གཉིས་ཡིན། སྟོད་མ་ཡུལ་ལ་མོའི་མན་ཆད་ཤར་ཟང་ཟང་ཀ་ལ་ཡན་ཆད་ཀྱི་ས་དགའ་མངའ་ཁྱབ་ཀྱི་ཡུལ་སྡེ་ཆགས་ཡུལ་རྟ་ཟམ་གཞུང་རྒྱུགས་ཀྱི་མིང་དུ་བཀོད་པའོ།།[3] ཞེས་གསུངས།

 

༢ ཁྲལ་འུལ་ཁྲིམས་གནོན།

ས་དགའ་རྫོང་ནི་འབྲོག་ལས་རྐྱང་པའི་ཁུལ་ཞིག་ཡིན་པས་ཞིང་ལས་ཐོན་སྐྱེད་ཀྱི་གཞིས་ཀའི་ལམ་ལུགས་མེད། ས་དགའ་རྫོང་ལ་གཞུང་བླ་གཉིས་སུ་གཏོགས་པའི་སེར་སྐྱ་དཔོན་ཁག་བཅུ་གསུམ། ཡང་ན་སེར་སྐྱ་དགོན་ཁག་བཅུ་གསུམ་གྱི་ཁྱབ་ཁོངས་འབྲོག་ལས་ཐོན་སྐྱེད་དང་། ས་ཚིགས་སྐྱེལ་འདྲེན་སོགས་ཕྱི་ནང་གི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་སྣ་ཚོགས་ཤིག་འཁྲི་སྒྲུབ་བྱེད་དགོས། དེ་ཡང་། ཁྲལ་གྱི་རྣམ་གྲངས་ཤ་མར་ཚྭ་གསུམ། བལ་ཁུལ་རྔ་གསུམ། ར་ལུག་དངུལ་གསུམ་སོགས་རྩྭ་རའི་རྒྱ་ཁྱོན་དང་ཕྱུགས་ཟོག་གི་ལེབ་གྲངས་གཞིར་བཟུང་འཁྲི་བ་ཡིན། དེ་ལས་ནང་ཁྲལ་རྫོང་དང་རང་ཁོངས་གཞིས་ཀར་ཕུལ་བ་ཕུད། ཕྱི་ཁྲལ་དུ་དབུས་གཞུང་གི་གསེར་དཔོན་དང་སྒར་དཔོན། ཚྭ་ཞོ་བཅས་ལའང་གསེར་ཁྲལ་དང་ཚྭ་ཁྲལ་གཙོས་པའི་ཚོང་ཁྲལ་གྱི་རིགས་འབུལ་ལམ་མཆིས། དེ་མིན་རྐང་འགྲོའི་ཁྲལ་འདོན་དུ་ས་དགའ་རྫོང་ལ་གཞུང་ལམ་རྟ་ཟམ་བདུན་དང་། བར་ཚུགས་ཚ་ཞག་ལྔའི་འཁྲི་ཁུངས་ཡོད་པར། ཕྱི་ནང་གཞུང་འབྲེལ་ལམ་ཡིག་ལྡན་པ་དག་ལ་ས་ཚིགས་བཞིན་དོས་སྐྱེལ་དང་། དཔོན་ཁག་ཨ་དྲུང་སོགས་ལ་དབུ་གུར། གདན་ལྕོག  རྟ་གཡོག  ཐབ་གཡོག  ཤིང་མེ་ཆུ་སོགས་ཉེར་མཁོའི་ཡོ་བྱད་རྣམས་འཐུས་ཚང་ཞུ་དགོས།

དེ་དང་ཕྱོགས་མཚུངས་རྫོང་དེའི་ཆོས་གཞིས་སྒེར་ཁག་རྣམས་ཀྱི་ཁྲལ་སྒྲུབ་འཁྲི་ཁུངས་ཀྱང་། དཔེར་ན། བླ་བྲང་སྐྱ་སྐྱས་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་གྲྭ་ཚང་ཉམས་གསོའི་ཆེད་རྒྱབ་དོད་དང་། ཤེ་མར་ཕྱུར་བ་སོགས་འབུལ་དགོས་པ་དང་། དེ་བཞིན་གཞུང་རུའི་དཀར་ཆུའི་བབས་མར་ཕྱུར་དང་། སྤུ་བལ་གྱི་རིན་འབབ་རྒྱབ་དོད་བཅས་གཞུང་རུ་བཀར་ཁང་ཞེས་སེར་སྨད་གྲྭ་ཚང་ལ་ལོ་ལྟར་འབུལ་དགོས་པ་དང་། སྐྲ་བདུན་རྩྭ་ཚོ་ལྔས་གཞུང་ལམ་རྟ་ཟམ་གྱི་ཁྲལ་འགྲོ་ཁྲིམས་རྒྱུག་གི་རྟ་འུལ་དོས་རྐང་འགྲོ་ལག་འདོན་རྟ་ཟམ་ཞལ་ངོ་སྒྲིག་ཁང་དང་། གཞན་ཡང་དབུ་གུར། གདན་ལྕོག རྟ་གཡོག  ཐབ་གཡོག  ཤིང་གསོག་བཅས་ཆ་ཚང་ཞབས་ཞུ་དགོས་པར་མ་ཟད། དཔྱིད་དུས་ཡར་ལམ་གཞུང་ཚོང་དང་། བོ་དོང་ཁྲལ་བསྡུ་བ། བསམ་ཡས་དཀར་མེ་ཁང་གི་ཁྲལ་བསྡུ། གསེར་དཔོན། སྒར་དཔོན། མངའ་རིས་རྫོང་བཞི་དཔོན་དྲུག གཞན་ཡང་ཨ་དྲུང་རྟ་ཤད་བཅས་ཀྱི་ཡར་ལམ་འགྲུལ་གསུམ་རྟ་ཟམ། བར་དུ་དེ་དག་ཚང་མ་དུས་ནམ་བྱུང་ལ་སྐྱེལ་འདྲེན་དང་། མར་ལམ་སྟོན་དུས་རྒྱ་ཉི་མ་ཚོང་ར་ནས་ཚོང་ཟོག་སྣ་ཚོགས་ཁྱེར་ཏེ་ཡོང་བར་གོང་གསལ་ཁྲལ་འུལ་དག་གྲ་སྒྲིག་ཨང་གསར་སྒྲུབ་འཇལ་ཞུ་དགོས།

དེ་བཞིན་སྙུད་གུང་རྟ་ཟམ་གྱི་འཁྲི་ཁུངས་ནི་འབྲོང་པ་ཚོ་དགུའི་ནང་གསལ་སྐྱངས་རང་ཚོ་ཆེན་དང་། ཀྲེ་པ་སྡེ་གསར་གཉིས་མཉམ་རུབ་ཀྱིས་འུལ་དོས་ཁལ་ཡར་མར་གཉིས་དང་། མར་ལམ་ས་དགའ་རྫོང་བར་སྐྱེལ་དགོས། ས་དགའ་རྫོང་ཁོངས་ཀྱི་ཞོལ་པ་གྲོང་མི་དང་། ཆོས་རྫོང་། རུ་སྐྱོག ཀྲེ་པ་ལྷོ་བྱང་བཅས། དར་རྒྱས་གླིང་གི་མཆོད་གཞིས་དང་ཕུར་བྲག་དགོན་གྱི་མཆོད་གཞིས་སུ་གཏོགས་པ་སོགས་ཡིན།[4] གཞན་ཡང་། སྒེར་པ་ལྟ་བུར་མཚོན་ན་བཤད་སྒྲའི་འཛིན་ཁོངས་ས་དགའ་ཤེ་ཁང་ལ་འཆི་མེད་ཤེ་འབྲི་ ༤༥༠ སྐོར་དང་།[5] བྱ་སྦུག་ཤེ་ཁང་ལ་སྤྲོད་རྩ་འཆི་མེད་གནག་ཕྱུགས་ ༢༠༠ སྐོར་དང་ལུག་ ༤༠༠༠ སྐོར།[6] སོགས་སྒྲུབ་པ་ཡིན།

 

༣ ཡན་སྟེང་ཚྭ་ཤོ།

རྫོང་དེར་གཏོགས་པའི་ཡན་སྟེང་ཚྭ་ཤོ་ནི་རྩེ་དྲུང་གི་ཕོགས་ཐོབ་ཁོངས་ཡིན་འདུག་ལ།[7] དེ་སྔ་ངམ་རིང་རྫོང་ཁོངས་ཡིན་པར་སྣང་། གང་ལྟར་ཡན་མཆོད་སྟེང་དཀར་ནི་དེ་སྔ་སྲོལ་རྒྱུན་ཞིང་འབྲོག་བརྗེ་ཚོང་བྱེད་སའི་ཁྲོམ་ར་ཡིན་ཅིང་། དེར་ཉོ་ཚོང་འཐབ་ལེན་བྱེད་པར་བྱང་ཕྱོགས་འབྲོང་པ། མཚོ་ཆེན། སྒེར་རྩེ་སོགས་དང་། ལྷོ་ཕྱོགས་སྐྱིད་གྲོང་། གཉའ་ལམ། དིང་རི་སོགས་ས་གནས་ཀྱི་ཞིང་པ། དེ་བཞིན་ཕྱི་ཕྱོགས་ནས་བལ་ཡུལ་གྱི་ཚོང་པ་སོགས་འདུས་ཆེར་འཛོམས་སྲོལ་མཆིས། ས་དགའ་རྫོང་གི་ཕྱིར་ཚོང་(བལ་ཡུལ་)ཚོང་འབྲེལ་གཙོ་བོ་མཐའ་མཚམས་ཀྱི་ཚོང་འབྲེལ་ཆུང་ཙག་ཡིན་ཅིང་། ཕྱིར་ཚོང་ཚོང་རྫས་སུ་ལུག་གི་བལ་དང་རའི་ཁུལ། ལུག་གསོན་པོ། མ་བཅོས་ཚྭ་སོགས་ཚོང་སྒྱུར་བྱེད། བྱ་དུར་དགོན་སྒེར་པ་ཡིན་པ་དང་དེའི་འོག་ཞིང་འབྲོག་ཐེམ་དུད་སུམ་ཅུ་ཙམ་ཡོད་པ་དག་གི་ས་བདག་སེ་ར་སྨད་པ་ཡིན། ནུབ་དགོན་རྙིང་མ་ཡིན་མོད་ཀྱང་ཁྲལ་འུལ་བཀྲས་ལྷུན་བླ་བྲང་གི་མངའ་ཁོངས་ཡིན་པ་བཅས་སོ།།

 

༤ ཟང་ཟང་དཔོན།

སྤྱིར་ཟང་ཟང་(སྔ་དུས་ལ་སྟོད་བྱང་པའི་མངའ་ཁོངས་ཡིན་པ་ལྟར་དེང་ངམ་རིང་རྫོང་ཀྱི་མངའ་ཁོངས་སུ་བཅུག་ཡོད།)གི་ས་ཁུལ་དེ་བཞིན་གཙང་སྟོད་ཀྱི་མངའ་ཁོངས་ཡིན་པ་ནི། 《ལྡེའུ་ཆོས་འབྱུང་》ལས། དབུས་གཙང་རུ་བཞིའི་ཚན་བཅུ་གསུང་སྐབས། གཡས་རུའི་ཡུལ་དཔོན་ཚན་བཅུ་དྲུག་ལ། བྱང་ཕུག་ལ་ཡུལ་དཔོན་གཅིག། ཟང་ཟང་ལ་ཚན་གཅིག[8] ཅེས་སོགས་བྱུང་ལ། དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་སྒྱུར་སྐབས་སུ་ཡང་། གཙང་གི་ཁྲི་སྐོར་དྲུག་གི་ཡ་གྱལ་ལ་སྟོད་བྱང་གི་ཁྲི་སྐོར་གྱི་མངའ་ཁོངས་སུ་གཏོགས་པ་ནི།《དེབ་ཐེར་དམར་པོ་》ལས། ཏི་ཤྲི་གྲགས་པ་འོད་ཟེར་ལ་རྒྱལ་པོའི་ལུང་གིས་སྐྱར་སྐྱ་ནས་འཇད་ཡན་གྱི་ལ་སྟོད་བྱང་གི་ཡུལ་ལྗོངས་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལོན་པས་མངའ་ཐང་ཆེ།[9] ཞེས་བྱུང་མོད། གཞུང་ས་དགའ་ལྡན་ཕོ་བྲང་པའི་སྐབས་སུ་སྐྱ་སྐྱ་རྫོང་གི་ཁོངས་སུ་བཞག་པར་སྣང་།

སྔ་དུས་ཟང་ཟང་དཔོན་ཞེས་གྲགས་པ་ཆེ་ཙམ་ཞིག་བྱུང་མྱོང་ཞིང་། དཔོན་སྦྲ་སྟོད་སྨད་གཉིས་ཀྱི་གཟིམས་ཁང་ས་ཆའི་སྐོར་ལ། ཞལ་ངོ་ཨ་རྣམ་ཀྱིས་ཟང་ཟང་དགའ་མགུ་ཞེས་དགའ་བ་དང་མགུ་བ་དང་ལྡན་པའི་དགའ་མགུ་ཡིན། རྔ་རྒྱུ་ལུ་མ་གསང་ཁང་ཆུ་མིག་དེར་ཀླུ་རིགས་ཐམས་ཅད་ཀྱི་ཕོ་བྲང་ཞེས་ཉ་ལྕོང་དཀར་པོ། དམར་པོ། སེར་པོ། སྔོན་པོ། ལྗང་མ་སོགས་ཚོས་གཞི་སྣ་ཚོགས་མིག་གིས་མངོན་སུམ་སྣང་དུ་ཡོད། བར་ས་བདག་བཟང་བ་དེ་ལྟར་ལགས། སྨད་ས་བཅུད་རྩི་ཐོག་བཟང་བ་དེ། སྒོ་ཟོག་རྟ་གནག་ར་ལུག་སོགས་སྤུས་ཁ་ལེགས་པ་དང་ཐོན་སྐྱེད་མར་ཕྱུར་བལ་སོགས་སྤུས་ལེགས་ཁར་བཟང་མར་ཞེས། ལྷ་ས་ཡན་སྔར་ནས་སྐད་གྲགས་ཀྱི་གོང་ཚད་ཀྱང་གཞན་ལས་མཐོ་ཞེས་ཡུལ་དེའི་སྣོད་བཅུད་ཀྱི་ཆེ་བ་བསྟན་ཡོད།

བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐབས་ཟངས་ཟངས་དཔོན་གྱི་ཕྱི་རྫོང་ནི། སྐོར་གསུམ་སྤྱི་ཁྱབ་ཀྱི་མངའ་ཁོངས་དང་། ནང་རྫོང་ས་དགའ་རྫོང་ཁོངས་འོག་རིམ་བཞིའི་ལས་གནས་ཐོག་ཟང་ཟང་འདུ་ཁོངས་ཚོ་བ་དྲུག་གིས་སྤྱི་ཁྱབ་པའི་ས་རིས་ཡིན། ཡུལ་དེའི་ཁྲལ་རིགས་ཀྱི་འཁྲི་ཁུངས་ས་དགའ་རྫོང་འོག་ཏུ་ཀྲེ་ཕན་ཟང་གསུམ་ས་ཡི་འཚོ་ཞེས་ས་རྒྱ་ཤིན་ཏུ་ཆེ་ལ། ཁྲལ་སྒྲུབ་གཙོ་བོ་བཀྲས་ལྷུན་བླ་བྲང་རྒྱལ་མཚན་མཐོན་པོར་འཇལ་དགོས་ཤིང་། དེ་མིན་ཡུལ་སྡེ་གཞན་དག་ལ་རྩྭ་ཟ་བཙོང་རིན་ཀྱང་མི་ཉུང་བ་ལེན་རྒྱུ་ཡོད་པས་ལག་འདོན་གྱི་འཁྲི་སྒྲུབ་མང་བ་ཙམ་དུ་མ་ཟད། རྐང་འདོན་ལ་མཚོན་ནའང་རྟ་ཟམ་རྫོང་སྐྱེལ་ཁག་གཉིས་སུ་འཁྲི་སྒྲུབ་བྱེད་དགོས་པ་ནི། གཞུང་སའི་བཀའ་སྙན་འབུལ་སྐྱེལ་དང་ལམ་བཟུང་ཁག་ནས་དཔྱ་གླ་ཞུ་སྒྲུབ་གཉིས་ཏེ། སྟོད་ཚྭ་རྫོང་བཅུ་གཉིས་དང་གཞུང་ཚོང་གསར་རྙིང་། གཞུང་རུ་ཤེ་དཔོན་སྟོད་སྨད་གཉིས། འབྲོང་པ་སྤྱི་ཁྱབ། ཧེ་མི་ལོ་ཕྱག ལ་འབྲུག་གཉིས་ནས་འཆར་འཕར་ཇི་ཡོད། གདན་ས་གསུམ་གྱིས་དགོན་ལག་མཁན་པོ་འཕོ་ལེན། གོར་ཁ་ནག་ཚང་འདས་པ། ས་རྫོང་ཤར་ནུབ་རྫོང་གཡོག་ཤེད་མོ་གཡག་པ། རྫི་བོ་སོགས་རྐང་འགྲོ་འུ་ལག་གི་སྒྲུབ་འཇལ་འཐུས་ཚང་ཞུ་དགོས་ཞིང་། རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཀྱི་རྩིས་ཁྲ་ཁག་ཟླ་དྲུག་སོང་ཁྲ་བཀོད་དེ་འགོ་དཔོན་ལ་རྩིས་ཁམས་གཙང་ཞུ་ལམ་ཡོད་པ་རྣམས། རྫོང་འགོ་སྔ་ཕྱི་འཕོ་ལེན་སྐབས་མཚམས་སུ་སྒོ་ཁྲ་ཐེམ་བཤེར་ཞེས་དབུས་ས་ལྷན་འཛོམས་ཀྱིས་རྩིས་ཁྲ་ཞིབ་ཚགས་འགོད་སྲོལ་ཡོད་པར་བཤད།[10]

གཞན་ཡང་ཡུལ་དེ་ནས་ལག་འདོན་ཞུ་སྒོའི་གྲས་སུ་ས་དགའ་རྫོང་འོག་སེར་སྐྱ་དཔོན་ཁག་བཅུ་གསུམ་ནང་། ཁྲལ་གྱི་འཁྲི་ཁུངས་ཆེ་ཤོས་ཟང་ཟང་ཡིན་པར་གསལ། ཡུལ་དེ་ནས་གདན་ས་འབྲས་སྤུངས་གྱི་གསོལ་དོར་ཞེས་གསོལ་མར་དམར་འདེགས་ལྷ་ཁལ་ ༢༢༢༢ སྐོར་དང་། ཆུ་ཕག་ཞུ་སྙན་འགོ་མཆན་ནང་གསལ་མར་གྱི་འབོར་གྲངས་ནས་ཕྱེད་ཆ་དངུལ་བསྒྱུར་གྱིས་མར་དངུལ་ཕྱེད་འབྲེལ་ལག་འདོན་ཆད་མེད་འབུལ་དགོས། དེ་མཚུངས་རྩེ་རྣམ་རྒྱལ་གྲྭ་ཚང་དུ་འབབ་པའི་གསེར་གདུང་བཀའ་འཁྲི་ཤེད་མར་ཞེས། མར་དམར་འདེགས་ལྷ་ཁལ་ ༡༣༥ དང་། གཟིགས་མར་ཁལ་ ༡༥ སྐོར། གྲྭ་སྣམ་རྒྱུག་འདོམ་ ༨༥ དང་། ཐུགས་དྲིལ་དཀར་ནག རྔ་མ་དཀར་ནག་ཁྲལ་ཐག ཕུལ་རྣམ་རྒྱུག་འདོམ་ ༨༥ སྐོར་བཅས་འཁྲི་སྒྲུབ་བྱེད་དགོས་པར་མ་ཟད། ཁྲལ་བསྡུའི་སྐབས་ཕེབས་བསུ་མཇལ་དར་མཇལ་ཞུ་ཤ་མར་མཐུད་གསོལ་ཇ་བཞེས་ཆས་གསོལ་ཚིགས་ནར་གཏོང་ཞུ་དགོས། དེ་མིན་ཡུལ་དེ་ནས་གོར་ཤ་ཆིངས་དངུལ་ཞེས་ལོ་ལྟར་གོར་ཊམ་ཁྱོན་ཆེ་དང་། ལོ་གནངས་འཆར་ཚྭ་རྔ་ཕད་གསུམ་བཅས་སྒྲུབ། ལོ་ལྟར་ལ་དྭགས་ཧེ་མི་ལོ་ཕྱག་འབུལ་བར་ཡོང་བའི་ས་ཁོངས་ཞག་གར་འཁེལ་ལ་སྒྲོ་ལུག་རེ་དང་། ས་མཇལ། གཞུང་རུ་ཤེ་དཔོན་ལ་ཚག་ཇ་ཚག་མར། ཨ་དྲུང་ལ་ལྟོ་དོད་བཅས་གོ་སྒྲིག་ཞུ་དགོས་པ་སོགས་ཁྲལ་གྱི་འཁྲི་སྒྲུབ་ཞུ་སྒོ་རྒྱ་ཆེར་ཡོད་པར་བཤད།[11]

ཡུལ་དེ་ནི་ཞིང་འབྲོག་གི་ཐོན་སྐྱེད་ལས་འབྲོག་ལས་གཙོ་བར་བརྟེན་ནས་འཚོ་གནས་བྱེད་པའི་ཁུལ་ཞིག་ཡིན་པས། ཁྲལ་གྱི་འཁྲི་རྟེན་གཙོ་བོ་ཡང་འབྲོག་པའི་རྟ་ནོར་ལུག་གསུམ་འབའ་ཞིག་ལ་ལྟོས་ཀྱང་། ཞིང་ལས་ཐོན་རྫས་ཀྱི་ཁྲལ་སྒྲུབ་ཀྱི་འབབ་ཀྱང་ཅུང་ཟད་མཆིས། དེས་ན་ཞིང་འབྲོག་གཉིས་ལས་འབྲོག་པའི་ཁྲལ་གྱི་འཁྲི་ཁུངས་གྲངས་འབོར་གཏན་འབེབས་བྱེད་སྟངས་ནི། འབྲོག་ས་ཁག་ཏུ་ཡོད་པའི་སེམས་ཅན་རྟ་གནག་ར་ལུག་བཅས་མགོ་གྲངས་ལེབ་རྩིས་ཀྱིས་གཏན་འབེབས་དང་། ཞིང་ཁུལ་དུ་སོན་ཁལ་ཇི་སོང་ལ་རྐང་ཞེས་ལེབ་རྐང་སོ་སོར་འཁྲི་སྲོལ་དང་འདེགས་གཤོར་གྱི་འབོར་རྩི་སྲོལ་བཅས་ས་དགའ་རྫོང་ཁྱོན་དང་གཅིག་མཚུངས་སུ་སྣང་། དེ་ཡང་། རྫོང་དེའི་འདེགས་གཤོར་འཇལ་གསུམ་གྱི་ཡོ་ཆས་འབོ་ཉག་བྲེ་སོགས་ཀྱི་ཚད་གཞི་ཡང་། བྲེ་ལྔ་ལ་འབོ་གཅིག འབོ་བཞི་ལ་ཁལ་གཅིག ལྷ་ཁལ་བཅུ་གཉིས་ལ་མོན་གཅིག ཆོས་ཁལ་བརྒྱད་ལ་མོན་གཅིག བཤེར་བཞི་བཅུ་ལ་མོན་གཅིག་བཅས་རྩི་ལམ་མཆིས།

སྤྱིར་ཞིང་འབྲོག་གི་ཡུལ་སྡེ་དེ་དག་ཚུད་པའི་རྫོང་དེའི་ཁྲིམས་གནོན་གྱི་གཞི་འཛིན་ས་ནི། གཞུང་ས་དགའ་ལྡན་ཕོ་བྲང་པས་གཏན་འབེབས་མཛད་པའི་ཞལ་ལྕེ་བཅུ་གསུམ་དབུས་བཞག་གིས་ལག་བསྟར་བྱེད། ཁྲིམས་ལུགས་ཀྱི་རྩད་ཞིབ་བྱེད་སྟངས་ལ་ཐོག་མ་གཏམ་ཐོག བར་དུ་ལུས་ཐོག་མཐའ་མ་གཟུ་དཀར་ནག་ཅེས་ཤོ་དང་རྟགས་སྒྲིལ་ཐོག་ནས་བདེན་རྫུན་འབྱེད་ཅིང་། དེ་ལས་ཀྱང་གཙིགས་ཆེར་འཛིན་ཡུལ་ཞིག་ནི་མནའ་ཐོག་ནས་དབྱེ་འབྱེད་ཀྱི་ལུགས་སྲོལ་ཡོད་པ་དེ་ཡིན། ཁྲིམས་འཛིན་གྱི་དཔྱད་ཁྲ་གཏོང་སྐབས་གྱོད་ཡ་སོ་སོར་ལྕགས་ནན་མཐར་གསུམ་བགྱིས་ཏེ། གྱོད་གཞིའི་བདེན་རྫུན་འབྱུང་རིམ་ཞུ་ཐོ་ནང་གསལ་བཀོད་དེ་དཔྱད་ཁྲ་ནང་གསལ་སྤྲོད་ལེན་སྒྲུབ་འབུལ་བྱེད་དགོས་ཀྱང་། ས་གནས་ནས་ཁྲིམས་ཐག་མ་ཆོད་ཚེ་དཔྱད་ཁྲ་དང་སྦྲགས་མཐོ་རིམ་སྤྱི་ཁྱབ་དང་གཞུང་སའི་ཁྲིམས་ཁང་རིམ་བཅར་གྱིས་ཞུ་གཏུག་གྱོད་ལེན་བྱེད་སྲོལ་མཆིས།[12]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1].  གཞུང་པ་ཚེ་རིང་ཆོས་འཕེལ། གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར། ཕྱི་ལོ་ ༢༠༡༦། ཤོག ༤༡༠།

[2].  གཞུང་པ་ཚེ་རིང་ཆོས་འཕེལ། མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༣༥།

[3]. ཟང་ཟང་ཨ་གནམ། རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ཟླ་ ༤ ཚེས་ ༢༠ ཉིན།

[4].  གཞུང་པ་ཚེ་རིང་ཆོས་འཕེལ། མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༤༡༠།

[5].  བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༦༥།

[6].  བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༦༦།

[7].  བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༩། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༡༢།

[8].  མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༧། ཤོག ༢༥༧།

[9].  པཎ་ཆེན་བསོད་ནམས་གྲགས་པ། དེབ་ཐེར་དམར་པོ་གསར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༥༧།

[10].  ཞལ་ངོ་ཨ་རྣམ། ཟངས་ཟངས་ཀྱི་ལོ་རྒྱུས། ཏི་སེའི་འོད་ཟེར། འདོན་གཉིས་པ། མངའ་རིས་རིག་གཞུང་གཅེས་སྐྱོང་ཁང་། རྡ་རམ་ས་ལ། ཕྱི་ལོ་ ༡༩༩༤། ཤོག ༢༤།

[11].  ཞལ་ངོ་ཨ་རྣམ། ཟངས་ཟངས་ཀྱི་ལོ་རྒྱུས། ཏི་སེའི་འོད་ཟེར། འདོན་གཉིས་པ། མངའ་རིས་རིག་གཞུང་གཅེས་སྐྱོང་ཁང་། རྡ་རམ་ས་ལ། ཕྱི་ལོ་ ༡༩༩༤། ཤོག ༢༤།

[12].  ཞལ་ངོ་ཨ་རྣམ། ཟངས་ཟངས་ཀྱི་ལོ་རྒྱུས། ཏི་སེའི་འོད་ཟེར། འདོན་གཉིས་པ། མངའ་རིས་རིག་གཞུང་གཅེས་སྐྱོང་ཁང་། རྡ་རམ་ས་ལ། ཕྱི་ལོ་ ༡༩༩༤། ཤོག ༢༤།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།