མྱང་ཡུལ་སྟོད་སྨད་བར་གསུམ།
རྩོམ་པ་པོ། དག་སྨྱོན།
གནད་ཚིག མྱང་། རུས་རྒྱུད། གཞིས་ཀ་རྩེ།
མྱང་ཡུལ་སྟོད་སྨད་བར་གསུམ་ཞེས་པ་ནི་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སའི་ལྷོ་ནུབ་མཚམས་སུ་ཆགས་ཡོད་ཅིང་། སྣོད་བཅུད་ཕུན་སུམ་ཚོགས་ཤིང་དགེ་བཅུ་ཚང་ལ་ཉམས་དགའ་བའི་ཡུལ་འདིར་ཡིག་ཚང་ཁག་ཏུ་མྱང་ཡུལ་སྟོད་སྨད་བར་གསུམ་ཞེས་འབོད་པའི་སྲོལ་ཡོད་ཅིང་། ཁུངས་ནི་ཕལ་ཆེ་བས་ཇོ་ནང་རྗེ་བཙུན་ཏཱ་ར་ན་ཐའི་གསུང་གིས་ཞལ་འཕེན་པར་མཛད་ཅིང་། ཡུལ་འདི་ལ་དུས་རབས་རབས་བརྒྱད་པའི་ནང་དུ་སློབ་དཔོན་པད་མ་འབྱུང་གནས་དང་རྗེ་འབངས་ཉེར་ལྔས་ས་གཞི་བྱིན་གྱིས་བརླབས་པར་མཛད་ཅིང་། ཐོག་མར་ལྷ་ཡི་དབང་པོ་འཆི་མེད་བདུད་རྩིའི་རོ་མཆོག་ཤེལ་གྱི་བུམ་པ་གང་སློབ་དཔོན་ལ་ཕུལ་ནས་དེའི་རོ་མྱང་དུ་གསོལ་ཞེས་ཞུས་པས་སློབ་དཔོན་པད་མས་བདུད་རྩི་བུམ་པ་གང་པོ་ཟད་མི་ཤེས་པར་བྱིན་གྱིས་བརླབས་ཏེ་འཁོར་སློབ་ཉེར་ལྔ་ལ་ལྷའི་བདུད་རྩིའི་རོ་མྱང་བར་བྱའོ་ཞེས་གསུངས་པ་དང་། རྗེ་འབངས་ཉེར་ལྔས་བདུད་རྩིའི་རོ་མྱངས་པས་(མྱང་)ཞེས་བྱའོ།། དེ་རྗེས་སློབ་དཔོན་གྱིས་ཡུལ་དེའི་ཕུ་རུ་བརྗིད་ཉམས་འགྱིང་ངེར་ཆགས་པའི་སྲིད་པའི་མགུར་ལྷ་བཅུ་གསུམ་གྱི་ཡ་གྱལ་གནོད་སྦྱིན་གང་བ་བཟང་པོ་བསྟི་བའི་གནས་མཆོག་ཉམས་དགའི་ས་འཛིན་དཀར་པོ་དེའི་རྩེ་མོར་བུམ་པའི་ནང་གི་བདུད་རྩི་བླུགས་པས་གངས་རི་དེ་ལས་བདུད་རྩིའི་རྒྱུན་བབས་ཏེ་བཞུར་བས་ཆུ་ལ་(མྱང་ཆུ་)དང་། ཆུ་དེ་རྒྱུག་ཁུལ་ལ་(མྱང་གསེར་གཞུང་རིང་མོ།)ཆུ་དེ་ལ་བརྟེན་ནས་འཚོ་བའི་གང་ཟག་གི་(རུས་ཀྱང་མྱང་)ཞེས་པ་ཐོགས་སོ།།
དེ་ལྟར་མཁས་པ་ཕལ་ཆེ་བས་གླང་པོའི་རྨིག་རྗེས་ལ་བསྙེགས་པ་བཞིན་བདུད་རྩིའི་རོ་མྱངས་པས་མྱང་དང་ཆུ་ལ་མྱང་ཆུ། ཡུལ་ལ་མྱང་སྟོད་སྨད། རུས་ཀྱང་མྱང་ཡིན་ཞེས་བདེན་བདེན་འདྲ་རླུང་ལྟར་གྲགས་སོ། འོན་ཏེ་དཔྱད་དུ་བྱ་བ་འདི་ལྟར་་ཡོད་དེ་དུས་རབས་བརྒྱད་པ་ནས་བཟུང་ཡུལ་འདི་ལ་མྱང་ཡུལ་ཞེས་ཐོགས་པ་དང་རུས་མྱང་གི་མི་འབྱུང་བའི་དུས་ཀྱང་དེ་དང་དེའི་སྐབས་སུའོ་ཞེ་ན། འོ་ན་བོད་ལ་རུས་རྒྱུད་ཚོ་པའི་སྤྱི་ཚོགས་ཀྱི་སྐབས་ཏེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་(༡)ཀྱི་དུས་སུའང་་ཡུལ་དེའི་ཁུལ་ལ་མྱང་རོ་ཕྱེད་དཀར་དང་ཉང་རོ་ཤམ་པོ་གཉིས་ཀ་བྱུང་མྱོང་བ་ཡིག་ཚང་རྙིང་མ་དག་ལ་གསལ་བས་དེའི་ཚིག་ཟུར་ཀྱི་མྱང་དང་ཉང་གཉིས་ལོ་ངོ་ཉིས་སྟོང་སུམ་བརྒྱའི་གོང་ནས་བྱུང་མྱོང་བ་ལྟ་བུར་སྣང་བས་ཇི་ལྟར་འགྲེལ།
གཞན་ཡང་རུས་མྱང་ཞེས་པ་བདུད་རྩིའི་རོ་མྱང་བའི་འབྱུང་ཁུངས་དང་འབྲེལ་ན་དེའི་གོང་དུ་རུས་མྱང་ཞེས་པ་མེད་པར་སྨྲ་དགོས་རྒྱུ་ལ་འདི་ནི་མི་འཐད་དེ་དུས་རབས་བརྒྱད་པའི་ཡར་སྔོན་ན་རུས་མྱང་གི་མཚན་ཅན་མི་མང་དུ་ཡོད་པ་ནི་ཏུན་ཧོང་གཏེར་ཡིག་ལས། མྱང་ཙེ་སྐུ་དང་དེའི་བུ་མྱང་ཞང་སྣང་ལྟ་བུའང་ཡོད་ཅིང་ཡིག་ཚང་ཁག་ཏུ་མྱང་དང་ཉང་གཉིས་སྐབས་འགར་སྤྱོད་ཚུལ་འདྲེས་པ་ལྟ་བུའང་སྣང་ངོ་།།
དཔེར་ན། ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་། ཉང་སྟོད་རྒྱལ་རྩེ་ལྟ་བུ་བྲིས་པ་མང་ལ་ད་དུང་ཉང་གི་རུས་རྒྱུད་མཆེད་ཚུལ་ལས་ལྷོ་ཁར་ཉང་པོ་ཞེས་པའི་ས་མིང་ཡོད་ལ་ལྷ་སར་ཉང་བྲན་ཞེས་པའི་ས་མིང་ཡང་ཡོད་དོ།། འོ་ན་རྒྱལ་ཕྲན་སིལ་མའི་སྐབས་ཀྱི་ཉང་ཡུལ་ནི་ཀོང་པོ་མ་ཡིན་ནམ་ཞེ་ན། དེ་ལ་བབ་གསལ་ཞུ་རྒྱུ་འདི་ཡོད་དེ། ཉང་རོ་ཤམ་པོ་མཁར་ནི་དེང་མྱང་སྟོད་རྒྱལ་རྩེ་རྩེ་ཆེན་ཁུལ་དུ་ཡིན་པ་དང་ཉང་ཡུལ་རྣམ་གསུམ་ནི་དེང་ཀོང་པོ་རྒྱ་མདའ་དང་ཉིང་ཁྲིའི་ཁུལ་དུ་ཡིན་པས་འདི་གཉིས་མ་བསྲེ་བར་བྱའོ།།
དེས་ན། ཁོ་བོའི་འདོད་པ་ལྟར་ན་མྱང་ཞེས་པ་འདི་བོད་ཀྱི་ཁྱབ་རྒྱ་ཆེ་བའི་རུས་རྙིང་པ་ཞིག་གི་མིང་དང་རུས་རྒྱུད་དེའི་མི་རྣམས་འཚོ་འདོད་བྱ་སའི་ཡུལ་ལ་མྱང་ཡུལ་དང་ཆུ་ལ་མྱང་ཆུ་ཞེས་ཐོགས་པར་སེམས་ཤིང་།གནའ་དུས་ཆུ་དེ་ལ་བརྟེན་ནས་འཚོ་བའི་སྐྱེ་བོ་ཐམས་ཅད་ལ་རུས་མྱང་ཐོགས་པར་མི་འདོད་ལ་ཇོ་ནང་རྗེ་བཙུན་ཏཱ་ར་ན་ཐས་ཀྱང་། མྱང་སྟོད་ནི་རུས་འདྲེ་དང་ཁྱུང་གིས་འཛིན། མྱང་བར་ནི་བཙད་པོ་འ་ཞས་འཛིན། མྱང་སྨད་ནི་དཔྱལ་དང་ལྕེ་ཡིས་འཛིན། ཞེས་མྱང་སྟོད་སྨད་བར་གསུམ་ལ་ཁྱབ་ཆེ་བའི་རུས་རྒྱུད་མཆེད་ཚུལ་མྱང་ཆོས་འབྱུང་ལས་འདི་ལྟར་གསུངས་སོ།།
ཞོར་དུ་མྱང་སྨད་གཞིས་ཀ་རྩེ་ཞེས་པའི་མིང་དེར་འགྲེལ་བཤད་མདོ་ཙམ་བྱ་སྟེ། དུས་རབས་བཅོ་ལྔ་པའི་མཚམས་སུ་ཕག་གྲུའི་སྲིད་དབང་ཚུགས་པའི་དུས་སྐབས་སུ་དབུས་གཙང་ཁུལ་དུ་རྫོང་ཆེན་བཅུ་གསུམ་ཙམ་བརྩིགས་པའི་ཡ་གྱལ་གཞི༵ས་ཀ༵་བསམ་གྲུབ་རྩེ༵་ཡུལ་དེར་ཆགས་པས་མཁར་རྫོང་དེའི་མིང་བསྡུས་ནས་གཞིས་ཀ་རྩེ་ཞེས་ཐོགས་པར་འདོད་དོ།།
མཁར་བསམ་གྲུབ་རྩེ་འདི་ཆགས་སར་སྔར་མིང་རྙིང་པར་མྱང་སྨད་ཉི་མ་གདོང་ཟེར་ཞིང་གཙང་པ་སྡེ་སྲིད་ཀྱི་སྐབས་སྲིད་འཛིན་གྱི་ལྟེ་གནས་ལྟ་བུ་ཞིག་ཏུ་གྱུར་ཏེ་རྒྱས་སྐྲུན་བྱས་པར་མངོན་པ་ལས་ཐོག་མར་ཕག་གྲུའི་སྲིད་དབང་དུས་སྐབས་སུ་བྱུང་ཞེས་མཁས་པ་རྣམས་ལ་གྲགས་སོ།།
མཆན་བུ། རྒྱལ་ཕྲལ་སིལ་མ་བཅུ་གཉིས་ཀྱི་ཡུལ་ནི། ༡ མཆིམས་ཡུལ་གྲུ་ཤུལ། ༢ ཞང་ཞུང་། ༣ མྱང་རོ་ཕྱེད་དཀར། ༤གནུབས་ཡུལ་གླིང་དགུ། ༥ཉང་རོ་ཤམ་པོ། ༦ཀྱི་རི་ལྗང་སྔོན། ༧ངམ་ཤོད་ཁྲ་སྣ། ༨འོལ་ཕུ་སྤང་མཁར། ༩སྲིབས་ཡུལ་རལ་གོང་། ༡༠ཀོང་ཡུལ་བྲེ་སྣ། ༡༡ཉང་ཡུལ་རྣམ་གསུམ།༡༢དྭགས་ཡུལ་གྲུ་བཞི། ཞེས་མྱང་སྨད་ཡུལ་དུ་ཉིན་གཅིག་གི་ལྗོངས་རྒྱུའི་ཟིན་བྲིས་དང་འབྲེལ་དཔྱད་གཞིའི་དཔེ་དེབ་གཅིག་ཀྱང་མེད་པས་དེ་ཙམ་ཞིག་དཔྱད་པའི་གླེང་སློང་ཆེད་དུ་གཙང་ལྗོངས་བཀྲ་ཤིས་ལྷུན་པོའི་ཉེ་འགྲམ་གངས་རྒྱན་མགྲོན་ཁང་བྱ་བ་ནས་ངལ་གསོ་ཞོར་མགྱོགས་བྲིས་སུ་ཐལ་ལོ།།