ཡིག་སྒྱུར་གྱི་རྣམ་གཞག་དང་། ལོ་ཙཱའི་བྱུང་འཕེལ། (1))

ཡིག་སྒྱུར་གྱི་རྣམ་གཞག་དང་། ལོ་ཙཱའི་བྱུང་འཕེལ། (1))

ཡིག་སྒྱུར་གྱི་བྱུང་འཕེལ་དང་། ལོ་ཙཱའི་རྣམ་གཞག

 

ཀ༽ ལོ་ཙཱ་བའི་གོ་དོན་དང་། ལོ་ཙཱ་བའི་ཐ་སྙད།

 

༄༅། །ལོ་ཙཱ་བ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དང་། དེའི་གོ་དོན་བོད་སྐད་དུ་བསྒྱུར་ན་འཇིག་རྟེན་མིག་ཅེས་བྱ་ཞིང་། མཚན་གྱི་རྣམ་གྲངས་ལ་སྐད་གཉིས་སྨྲ་བ་ཞེས་ཀྱང་བརྗོད། གོ་དོན་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་[1]ཀྱིས། མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཤེས་ཡོན་རྣམས་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ཚིག་དོན་ཆ་ཚང་བར་བརྡ་སྤྲོད་མཛད་པ་ལ་བརྟེན་ནས། བློ་གྲོས་ཀྱི་མིག་གསར་པ་སྦྱིན་པར་མཛད་མཁན་ཡིན་པའི་ཆ་ནས་ཆེ་བསྟོད་ཀྱི་ཐོག་ནས་བསྔགས་བརྗོད་ཞུས་པའི་མཚན་ཡིན་ཅིང་། དེ་ནི་དོན་དངོས་དང་ཡོངས་སུ་འཚམས་པའི་འབོད་སྟངས་ཤིག་ཡིན། ཞེས་དང་། རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་རྣམས་རང་ཉིད་ཀྱིས་དཔྱིས་ཕྱིན་པ་ཐུགས་སུ་ཆུད་པའི་སྒོ་ནས་རང་སྐད་དུ་སྒྱུར་བར་བྱེད་པའི་བཀའ་དྲིན་ཅན་གྱི་བོད་ཀྱི་སྒྱུར་བྱེད་རྣམས་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ།།

དེ་ཡང་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་ལོ་ཙཱ་བས་མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་རྣམས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་བསྒྱུར་བ་དེས་རང་གི་མི་རིགས་ཀྱི་རིག་གནས་སྔར་ལས་ལྷག་པར་གོང་འཕེལ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་པ་དང་། མི་རྣམས་ཀྱིས་མཐོང་རྒྱ་ཆེ་རུ་འགྲོ་བའི་མིག་གཉིས་དང་འདྲ་བའི་དབང་གིས་མིང་དེ་ལྟར་བཏགས་པ་ཡིན[2]

ཡང་ན་བློ་གྲོས་ཀྱི་མིག་གསར་པ་སྦྱིན་པ་པོ་ཡིན་པས་ན་འཇིག་རྟེན་མིག་ཅེས་སམ། འཛམ་གླིང་དུ་ལྟ་བའི་མིག་དང་མཚུངས་པས་འཇིག་རྟེན་གྱི་མིག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་རབ་ཏུ་འཐོར་བའི་ཐོག་ནས་མཚན་ཐོགས་པ་ཡིན། དེ་ཡང་སྤྱིར་བཏང་འཇིག་རྟེན་མིག་ཅེས་པ་ཉི་མ་དང་། སངས་རྒྱས་ལའང་འཇུག་པས། ཉི་མས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་མུན་པ་སེལ་ཞིང་། སངས་རྒྱས་ཀྱིས་ནང་བཅུད་ཀྱི་སེམས་ཅན་གྱི་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བ་ལྟར། ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཉི་མ་དང་སངས་རྒྱས་ཀྱི་བྱེད་ལས་མཚུངས་པར་ཕྱི་ནང་གི་མུན་པ་སེལ་བས་ན་འཇིག་རྟེན་གྱི་མིག་ཅེས་བྱའོ།།

བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱིས་ཐོག་མར་དམ་པའི་ཆོས་ཀྱི་དབུ་བརྙེས། བར་དུ་སྲོལ་བཟང་གསར་དུ་བཏོད། མཐར་དར་ཞིང་རྒྱས་པར་མཛད་པར་མ་ཟད། བཀའ་བསྟན་གསུང་རབ་ཀྱིས་མཚོན་སྒྲ་སྒྱུར་བྱ་གཞག་གི་གལ་ཆེའི་རང་བཞིན་ངོས་འཛིན་གནང་སྟེ་མཛད་འཕྲིན་བསྐྱངས་ཤིང་། ལོ་ཙཱ་བ་ལ་འཇིག་རྟེན་མིག་ཏུ་བསྔགས། དེ་ནི་ལོ་ཙཱ་བ་ནི་འཇིག་རྟེན་ཁམས་མཐོང་བྱེད་ཀྱི་མིག་ལྟ་བུ་རེད་ཅེས་པའི་དོན་ཡིན། མི་རིགས་ཤིག་ལ་མཚོན་ན། གལ་ཏེ་མིག་དེ་དང་བྲལ་ན། ཕྱི་རོལ་ཡུལ་གྱི་རྣམ་པར་བཀྲ་བའི་མཛེས་སྡུག་དང་། འཛད་མེད་ཕུན་སུམ་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ལྟ་ཅི། འདྲེན་བྱེད་ཡུལ་དུའང་འགྱུར་མི་ཐུབ་པས་ལོ་ཙཱ་བ་རྣམས་ལ་འཇིག་རྟེན་མིག་ཏུ་མཚན་བཟང་གསོལ་བ་ནི་དོན་ལྡན་གྱི་ཆེ་བསྟོད་ཅིག་ཏུ་གྱུར་ཡོད།

ལོ་ཙཱ་བ་ཞེས་པའི་ཐ་སྙད་འདི་ལེགས་སྦྱར་ལྷ་ཡི་སྐད་དང་། བོད་སྐད་འདྲེས་མའི་ཐ་སྙད་ཅིག་ཡིན་པར་སྣང་སྟེ། དེ་ཡང་ལོ་ནི་ལོ་ཀ་སྟེ་འཇིག་རྟེན་དང་། ཙཱ་ནི་ཙཀྵུ་ནི་མིག་སྟེ། ཡི་གེ་བསྡུས་པས་ལོ་ཙཱའམ། ལོ་ཙཱ་བ། ལོ་ཙྪ་[3]ཞེས་པར་གྱུར། ལོ་ཙཱ་བ་ཞེས་པའི་ཚིག་ཟུར་གྱི་ “བ” ཡིག་ནི་བོད་སྐད་ཀྱི་བདག་སྒྲ་ཡིན། དཔེར་ན། ཀརྨ་པ་ཞེས་པའི་ཀརྨ་ནི། ལས་དང་། འཕྲིན་ལས། བྱ་བ་བཅས་ཀྱི་དོན་ཡིན་ལ། ཚིག་ཟུར་གྱི་ “པ” ཡིག་ནི་བོད་སྐད་ཀྱི་བདག་སྒྲ་ཡིན། འོན་ཀྱང་ལོ་ཙཱ་ཞེས་པ་ལེགས་སྦྱར་གྱི་ལོ་ཀ་དང་ཙཀྵུ་གཉིས་ཀྱི་བསྡུས་ཚིག་ཡིན་ན། དེ་ལ་ལོ་ཙ་ཞེས་མི་འབྲི་བར་ལོ་ཙཱ་ཞེས་འ་ཆུང་ངམ་རིང་ཆ་བཏགས་པ་གང་ཡིན་སྙམ་ན། ལེགས་སྦྱར་སྐད་དུ། ལོ་ཀ་ཙཀྵུཿ སྟེ་ཙ་ཡིག་གི་རྗེས་སུ་ཡི་གེ་བརྩེགས་པ་ཡོད་པས་ན་ཙཱ་ཞེས་རིང་པོར་འགྱུར། ལོ་ཀ་ཙཀྵུཿ ཞེས་པའི་མིང་ཡིག་དང་པོ་དང་། ལོ་དང་སྒྲ་གཉིས་པའི་མིང་ཡིག་དང་པོ་ཙ་དང་། དེ་དག་ལ་བོད་ཀྱི་བདག་སྒྲ་པ་ཡིག་སྦྱར་བ་ན། ལོ་ཙ་པ་ཞེས་གྲུབ་ཀྱང་། དེ་ཉིད་གྱུར་ནས་ལོ་ཙཱ་བ་ཞེས་རིང་ཆ་ཅན་དུ་འགྱུར་བ་ཕྱིན་པ་ཞིག་ཡིན་ནའང་། ལོ་ཙྪ་འབྲི་དགོས་པའི་རྒྱུ་མཚན་གང་ཡིན་དཔྱད་པར་འཚལ་ལ། མདོར་ན།

འཕྲལ་སྐད་བོད་དུ་བསྒྱུར་བ་ལ་ལོ་ཙཱ་ཟེར་བ་མིན། །

རྒྱལ་བའི་དགོངས་པ་ལོན་ན་ལོ་ཙཱ་ཟེར་བ་ཡིན། །

ཞེས་རྩོམ་པ་པོའི་མཚན་མ་གསལ་བའི་ཤོག་ལྷེ་བྲིས་མ་ཞིག་རྙེད་པ་ལས་འབྱུང་བ་ལྟར་རོ།།

གཞན་ཡང་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས[4]། ལོ་པཎ་ཀུན་ཞེས་པ་དམ་པའི་ཆོས་སཾ་སྐྲྀ་ཏ་ལྷའི་སྐད་ལས་བོད་སྐད་དུ་བསྒྱུར་བ་ལ་མཁས་པ་ལོ་ཙྪ་ཞེས་བྱ་སྟེ། དཔེར་ན། གོ་ཆོད་པ་ལ་མི་དེ་ལ་ལོ་ཙྪ་བ་འདུག་ཟེར་བ་དང་འདྲའོ། །པཎ་སྐད་པ་རྒྱ་གར་དུ་ན་ཙ་བོད་དུ་སྐད་དུ་བསྒྱུར་ན་ལྔ་ཞེས་པ་སྟེ། རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏའོ། །ཞེས་གསལ་ལ། རྗེ་བཙུན་ངག་དབང་ཉི་མས་མཛད་པའི་ལོ་རྒྱུས་ཐོར་བུ་ལས[5]། ལོ་ཙཱ་བ་ཞེས་པ་རྒྱ་གར་སྐད་དུ། ལོ་ཀ་ཙཀྵུ་ཞེས་པ་ཟུར་ཆག་པ་ཡིན་སྙམ། བོད་སྐད་དུ་བསྒྱུར་ན། འཇིག་རྟེན་གྱི་མིག་ཅེས་པའོ། །སྐད་སྣ་བཞིའི་ལོ་ཙཱ་གུང་མགོན་པོ་སྐྱབས་མ་གཏོགས་སྔོན་དུས་མ་བྱུང་ཟེར། ཞེས་གསལ་ལོ།།  འཕྲོས་རྗེས་མར་གཟིགས།

 

[1] དུང་དཀར་རིན་པོ་ཆེའི་གསུང་འབུམ། (ཇ) ༢༠༠༤ ཤོག་གྲངས། ༣༠༠

[2] དུང་དཀར་ཚིག་མཛོད་ཆེན་མོ། དེབ་གཟུགས་ཤོག་གྲངས། ༡༩༧༣

[3] ལོཙྪ་བ། ལོ་ཙཱ་བའི་འབྲི་སྲོལ་གཞན། ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་ན་ལོ་ཙྪ་ཞེས་བྲིས།

[4] ལྡེའུ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག ༡༨༣

[5] རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། ལོ་རྒྱུས་ཐོར་བུ། (ཆ) སྒོ་མང་དཔེ་མཛོད། ༢༠༠༣ ལོ། ཤོག་ ༦༡༧

བརྒྱུད་སྐུལ།

མཆན་སྤེལ།