བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་རྫོང་ཁག་གི་གཞི་རྩའི་ངོ་སྤྲོད་སྙིང་བསྡུས།
-
གོང་དཀར་རྫོང་།
-
གྲ་ནང་རྫོང་།
-
སྣེ་གདོང་རྫོང་།
-
འཕྱོངས་རྒྱས་རྫོང་།
-
ཟངས་རི་རྫོང་།
-
ཆུ་གསུམ་རྫོང་།
-
རྒྱ་ཚྭ་རྫོང་།
-
ལྷུན་རྩེ་རྫོང་།
-
མཚོ་སྣ་རྫོང་།
-
མཚོ་སྨད་རྫོང་།
-
ལྷོ་བྲག་རྫོང་།
-
སྣ་མཁར་རྩེ་རྫོང་བཅས་ད་ལྟའི་འཆར་ལྷོ་ཁ་ས་ཁུལ་ལ་རྫོང་ཁག་བཅུ་གཉིས་ཡོད་པ་ལས།
གོང་དཀར་རྫོང་།
- “གོང་དཀར་”ཞེས་པ་ནི་སྔོན་སྣེ་གདོང་རྒྱལ་པོའི་ཕོ་བྲང་གོང་རི་དཀར་པོ་ལ་གོང་དཀར་ཞེས་འབོད་པའི་སྔོན་གྱི་གོང་དཀར་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་ད་ལྟའང་གོང་དཀར་རྫོང་ཞེས་ཟེར། ད་ལྟའི་གོང་དཀར་རྫོང་གི་གནས་ཡུལ་ནི་སྐྱིད་གཤོངས་རྭ་སྨད་ཅེས་པར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ ༢༢༨༨ དང་། ས་ཞིང་མུའུ་ཁྲི་ ༧.༨ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༢༨༢ མི་འབོར་ཁྲི་ ༤.༤ ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༧༥༠ ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།
གྲ་ནང་རྫོང་།
- “གྲ་ནང་”ཞེས་པ་ནི་ཤིང་གྲ་མ་སྐྱེས་པའི་ཡུལ་ལུང་གཙོ་ཕལ་དུ་ཕྱེས་པ་ཕྱི་ནང་དུ་འབོད་པའི་དོན་དང་། ད་ལྟའི་རྫོང་གི་གནས་ཡུལ་ནི་གྲ་ཐང་དགོན་དང་ཉེ་བར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ ༢༡༦༣ དང་། ས་ཞིང་མུའུ་ཁྲི་ ༦.༧ ཙམ། མི་འབོར་ཁྲི་ ༣.༥ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༦༨༠ ཡིས་མཐོ་བའི་ས་བབས་བཅས་སོགས་ཡིན།
སྣེ་གདོང་རྫོང་།
- སྣེ་གདོང་ཞེས་པ་ནི་རི་གླང་ཆེན་ཉལ་བ་ལྟ་བུའི་སྣ་སྟེང་དུ་རྫོང་དེ་ཆགས་སྟབས་སྣེ་གདོང་ཞེས་སྔོན་གྱི་སྣེ་གདོང་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་སྣེ་གདོང་རྫོང་ཞེས་དང་། ད་ལྟའི་སྣེ་གདོང་རྫོང་ཆགས་ཡུལ་ཡང་སྔོན་སྣེ་གདོང་རྫོང་ཆགས་ཤུལ་གྱི་རི་གཤམ་དུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ ༢༢༡༣ དང་། ས་ཞིང་མུའུ་ཁྲི་ ༦.༥ རྩ་ཐང་མུའུ་ཁྲི་ ༡༨.༢ ལྕང་གླིང་རྒྱ་ཁྱོན་མུའུ་ཁྲི་ ༣༨ མི་འབོར་ཁྲི་ ༤.༨ ས་བབས་དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༥༢༢ དང་། མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༥༠༠༠ ཙམ་གྱིས་མཐོ་བའི་རི་བོ་ ༡༡ དང་། ཆེས་མཐོ་ཤོས་ཡར་ལྷ་ཤམ་པོ་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༦༦༤༧ གྱིས་མཐོ་བའི་གངས་རི་ཡིན་ལ་ཡར་ཀླུངས་ཆུ་བོའི་འབྱུང་རྩའང་ཡིན། “ཡར་ཀླུངས་”ཞེས་པ་ནི་ཡར་ལྷ་ཤམ་པོའི་ཀླུངས་ཐང་དུ་ཆགས་པའི་ཡུལ་ལ་ཡར་ཀླུངས་ཞེས་ཡོངས་གྲགས་དང་། ཡང་གསུང་སྲོལ་གཞན་ལ། མུ་གེ་གནམ་ལ་ཡར་བས་ཡར་དང་། འབྲུ་རིགས་ས་ལ་བཏབ་པའི་ལུང་པ་“ཡར་ལུང་”ཞེས་ཀྱང་ཟེར།
འཕྱོངས་རྒྱས་རྫོང་།
- “འཕྱོངས་རྒྱས་”ཞེས་པ་ནི་ཡུལ་དེའི་ལྷོ་ངོས་ཀྱི་ཆུ་འགོ་ནོར་བུ་རི་ནས་སྲོང་བཙན་གྱིས་ནོར་བུ་འཕྱོངས་ཕྲུ་གང་པ་ཞིག་གཏེར་ནས་བཞེས་པས་འཕྱོངས་རྒྱས་ཞེས་པ་དེ་ལྟར་ཐོགས། ད་ལྟའི་འཕྱོངས་རྒྱས་རྫོང་གནས་ཡུལ་ནི་འཕྱོངས་རྒྱས་ཕྱིང་བ་སྟག་རྩེའི་རྫོང་ཤུལ་གྱི་འདབས་སུ་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ ༡༠༣༠ དང་། ས་ཞིང་མུའུ་ཁྲི་ ༢.༨ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༡.༣ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༠.༧ མི་འབོར་ཁྱོན་བསྙོམས་ཁྲི་ ༡.༧ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་ ༣༩༠༠ ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།
ཟངས་རི་རྫོང་།
- “ཟངས་རི་”ཞེས་པ་ནི་སྔོན་གྱི་ཟངས་རི་རྫོང་ཆགས་སའི་རི་དེ་ཟངས་ཀྱི་མདོག་ལྟར་འདྲ་བས་ཟངས་རི་ཞེས་དེའི་མིང་རང་འཇགས་སུ་བཞག་སྟབས་ད་ལྟའང་“ཟངས་རི་རྫོང་”ཞེས་ཟེར། ད་ལྟའི་རྫོང་གི་གནས་ཡུལ་ཀྱང་སྔོན་གྱི་ཟངས་རི་རྫོང་གནས་ཡུལ་དང་ཉེ་བའི་སྤྱི་ལེ་གཅིག་ཙམ་གྱི་སར་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ ༢༦༣༨ དང་། ས་ཞིང་མུའུ་ཁྲི་ ༢.༣ མི་འབོར་ཁྲི་ ༡.༤ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ལེ་ ༤༠༠༠ ཙམ་གྱིས་མཐོ་བའི་ས་བབས་ཡིན་པ་བཅས་སོ།།
ཆུ་གསུམ་རྫོང་།
- ཆུ་གསུམ་རྫོང་ཞེས་པ་ནི་དེ་ཁུལ་དུ་ཆུ་གསུམ་གྱི་འདུས་མདོ་ཡིན་པས་རྗེས་སུ་མིང་དེ་ལྟར་བྱུང་བ་ལས། སྔོན་དེ་ཁུལ་དུ་ཨེ་ལྷ་རྒྱ་རི་ཞེས་ཟེར། “ཨེ་”ནི་ཡུལ་ལུང་སྤྱིའི་མིང་དང་། “ལྷ་”ནི་ཨེ་བཙུན་བཙན་པོའི་སྲས་དགྲ་ལེགས་རྣམ་རྒྱལ་བཙན་པོའི་གདུང་རྒྱུད་ཡིན་སྟབས་མཚན་ལ་ལྷ་ཞེས་དང་། “རྒྱ་རི་”ཞེས་པ་ནི་རྩྭ་རྒྱ་བ་སྐྱེས་པའི་རི་ལ་གནས་གཞི་བཏབ་པས་རྒྱ་རི་ཞེས་སུ་གྲགས། སྔོན་ལྷ་རྒྱ་རིའི་རྫོང་ལ་ལྷ་རྒྱ་རིའི་ཕོ་བྲང་ངམ། ལྷ་ཁང་ཞེས་སོགས་ཟེར། ད་ལྟའི་ཆུ་གསུམ་རྫོང་ཞེས་པའང་།༡༩༦༥ ལོར་ལྷ་རྒྱ་རི་རྫོང་ཟེར་གྱི་ཡོད་ཀྱང་རྗེས་སུ་ཆུ་གསུམ་རྫོང་ཞེས་པར་མིང་བསྒྱུར་བྱས། ད་ལྟའི་རྫོང་གནས་ཡུལ་ཡང་ལྷ་བརྒྱ་རི་དང་ཉེ་བའི་བྲོག་ཤུར་ནང་དུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ ༡༩༦༧ དང་། ས་ཞིང་མུའུ་ཁྲི་ ༢.༤ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༢༨༥ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༡.༥ མི་འབོར་ཁྲི་ ༡.༥ ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༢༠༠ ཙམ་གྱིས་མཐོ་བའི་ས་བབས་ཡིན་པ་བཅས།
རྒྱ་ཚྭ་རྫོང་།
- “རྒྱ་ཚྭ་”ཞེས་པ་ནི་སྔོན་རྒྱ་བཟས་གནས་དེར་ཚྭ་བསྣམས་ཕེབས་སྟབས་རྒྱ་ཚྭ་ཞེས་དང་། ད་ལྟའི་རྒྱ་ཚྭ་རྫོང་ནི་སྔོན་གྱི་རྒྱ་ཚྭ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་རྒྱ་ཚྭ་རྫོང་ཞེས་དྭགས་པོ་བཤད་སྒྲུབ་གླིང་ཆགས་ཡུལ་གྱི་ཉེ་འགྲམ་དུ་གནས་ཡོད་པ། རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ ༤༥༠༤ དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༢.༤ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༨༡ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༡༤ མི་འབོར་ཁྲི་ ༡.༧ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༢༠༠ ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།
ལྷུན་རྩེ་རྫོང་།
- “ལྷུན་རྩེ་”ཞེས་པ་ནི་སྔོན་ཆོས་རྒྱལ་འོད་སྲུང་གི་རྒྱུད་པ་ཆོས་རྒྱལ་བྱ་བའི་སྲས་དབུལ་རྒྱལ་གྱི་ཕོ་བྲང་སྟེ་ལྷུན་རྩེ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་ད་ལྟའི་རྫོང་ལའང་ལྷུན་རྩེ་རྫོང་ཞེས་དང་། ད་ལྟའི་རྫོང་གནས་ཡུལ་ནི་སྔོན་གྱི་ལྷུན་རྩེ་རྫོང་གནས་ཡུལ་གྱི་ཤར་བྱང་མཚམས་ཞིང་པ་ཞེས་པའི་ཡུལ་དེར་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༠༥༦༦ ཙམ་དང་། ས་ཞིང་མུའུ་ཁྲི་ ༤.༤ རྩྭ་ཐང་མུའུ་ཁྲི་ ༨༠༠ ནགས་ཚལ་མུའུ་ཁྲི་ ༣༠ མི་འབོར་ཁྲི་ ༣ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ལེ་ ༣༩༠༠ ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན་ནོ།།
མཚོ་སྣ་རྫོང་།
- “མཚོ་སྣ་”ཞེས་པ་ནི་སྔོན་གྱི་མཚོ་སྣ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་མཚོ་སྣ་རྫོང་ཞེས་དང་། མཚོ་སྣ་ཞེས་པའི་མིང་དེ་ལྟར་ཐོགས་དོན་ནི་རྫོང་དེའི་བྱང་ངོས་སུ་མཚོ་མོ་ནེ་ར་གཡུ་མཚོ་དང་། གཡག་མཚོ། ཉ་པ་མཚོ་སོགས་དང་། ལྷོ་རུ་བྱིའུ་མཚོ། སྐྱེས་ཆེན་མཚོ་སོགས་མཚེའུ་དེ་དག་གི་སྣེ་རུ་ཆགས་པས་མཚོ་སྣ་ཞེས་པའི་མིང་དེ་ལྟར་ཆགས་ཞེས་བརྗོད། ཡང་ཤོད་སྲོལ་གཞན་ཞིག་ལ། ཚོང་དཔོན་ནོར་བུ་བཟང་པོ་ཚོང་ལ་ཕེབས་སྐབས་ཞག་བཞུགས་གནང་ས་འཁེལ་སྟབས་ཚོང་སྣ་འཛོམས་པོ་ཡོད་པས་“ཚོང་སྣ་”ཞེས་པའི་མིང་གི་ཟུར་ཆགས་ཞེས་ཀྱང་ཟེར། རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༣༤༩༧༩ དང་། ས་ཞིང་མུའུ་ཁྲི་ ༢.༢༧ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༡༢༠ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༣༦.༦ མི་འབོར་ཁྲི་ ༡.༥ ས་བབས་མཐོ་ཤོས་ལ་སྤྱི་ཁྲེ་ ༧༠༠༠ དང་། དམའ་ཤོས་ལ་སྤྱི་ཁྲེ་ ༡༨ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༠༠༠ གིས་མཐོ་བའི་ས་བབས་བཅས་ཡིན།
མཚོ་སྨད་རྫོང་།
- “མཚོ་སྨད་”ཅེས་པ་ནི་གྲི་གུ་མཚོའི་སྨད་དུ་ཆགས་སྟབས་རྗེས་སུ་མིང་དེ་ལྟར་ཐོགས་པ་ལས། སྔོན་མིང་“གཏམ་ཤུལ་”ཞེས་ཟེར། གཏམ་ཤུལ་ཞེས་པ་ནི་ཡུལ་ལྷ་གཏམ་ལྷ་སྤུན་དགུ་དང་དེ་དམ་འདོགས་གནང་མཁན་ཤུལ་པོ་དཔལ་སེང་ཡིན་པས་མིང་དེ་ལྟར་བྱུང་ཞེས་དང་། ཡང་གཏམ་ལྷ་སྤུན་དགུའི་ཞོལ་དུ་ཆགས་པས་གཏམ་ཞོལ་ཞེས་ཟེར་བ་ཡིན་སོགས་ཀྱི་གསུང་སྲོལ་ཆགས། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༤༥༢༤ དང་། ས་ཞིང་མུའུ་ཁྲི་ ༡.༦ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༦༣༠ ཤིང་ནགས་རྒྱ་ཁྱོན་མུའུ་ཁྲི་ ༣.༥ མི་འབོར་ཁྲི་ ༡.༣ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༡༧༠ ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།
ལྷོ་བྲག་རྫོང་།
- “ལྷོ་བྲག་”ཅེས་པ་ནི་ཡར་ལྷ་ཤམ་བུའི་ལྷོ་ངོས་ཀྱི་བྲག་རི་ལ་ལྷོ་བྲག་ཅེས། ད་ལྟའི་ལྷོ་བྲག་རྫོང་གནས་ཡུལ་ནི་དཀར་པོ་ཞེས་སྔོན་ལྷོ་བྲག་དུ་བ་རྫོང་གི་ཞོལ་དུ་ཆགས་ཡོད། རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༤༤༢༦ དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༤༠༠ ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༣ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༢༣༠ མི་འབོར་ཁྲི་ ༡.༧ ས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ལེ་ ༧༥༣༨ དང་། དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༢༧༤༠ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༨༢༠ ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།
སྣ་མཁར་རྩེ་རྫོང་།
- “སྣ་མཁར་རྩེ་”ཞེས་པ་ནི་རི་བྱ་ཁྱུང་གི་དབྱིབས་འདྲ་བའི་མཆུ་སྟེང་ངམ་སྣ་སྟེང་དུ་ཆགས་སྟབས་མིང་དེ་ལྟར་ཐོགས། སྔོན་གྱི་སྣ་མཁར་རྩེ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་ད་ལྟའི་རྫོང་ལའང་སྣ་མཁར་རྩེ་ཞེས་འབོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༨༠༢༢ དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ ༡༠༥༤ ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༣.༦ རྩ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༦༨༠ མི་འབོར་ཁྲི་ ༣.༡ རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༦༠༠༠ བརྒལ་བའི་རི་བོ་དྲུག་ཙམ་དང་། རི་བོ་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༧༢༠༦ ཙམ་གྱིས་ས་བབས་ཡིན་པ་བཅས་སོ།།
རྩོམ་པ་པོ། ཆོས་འཕེལ་ལགས་ཀྱིས་བརྩམས་པའི་གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་ལྷོ་ཁ་ས་ཁུལ་གྱི་གནས་ཡིག་ལས་ཟུར་འདོན་ཞུས།