དང་པོ། འཕན་པོའི་ཡུལ་གྱི་བཀོད་པ་དང་། མཐོ་ཚད་དང་རྒྱ་ཁྱོན། རང་བྱུང་ཐོན་ཁུངས། ཐོན་སྐྱེད། སྐྱེ་དངོས་དང་སྲོག་ཆགས་སྐོར།

དང་པོ། འཕན་པོའི་ཡུལ་གྱི་བཀོད་པ་དང་། མཐོ་ཚད་དང་རྒྱ་ཁྱོན།  རང་བྱུང་ཐོན་ཁུངས། ཐོན་སྐྱེད། སྐྱེ་དངོས་དང་སྲོག་ཆགས་སྐོར།

དང་པོ། ཡུལ་གྱི་བཀོད་པ།

དང་པོ། ས་ཆའི་མཐོ་ཚད་དང་རྒྱ་ཁྱོན།

དབུས་འཕན་པོ་ཞེས་མིང་དུ་གྲགས་པའི་ཡུལ་ལུང་འདིའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་དབྱིན་ཁྲེ་ (༡༥༠༠) ཙམ་ལ་ཆགས་ཤིང་། ལྷུན་གྲུབ་རྫོང་ཞེས་པའི་རྫོང་གི་མངའ་འོག་ན་ཡོད་པའི་རྫོང་ཁག་དང་གྲོང་སྡེ་རྣམས་ལ་བརྗོད། དེ་ནི་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་བྱང་ཕྱོགས་ཀྱི་རྒྱང་ཐག་སྤྱི་ལེ་ (༦༥) ཙམ་གྱི་ས་ན་གནས་ཡོད་ཅིང་། དེ་ནི་འཕན་པོའི་ངས་ཆུའི་ཆུ་མགོ་ནས་ལྷ་སར་མ་ཐུག་བར་གྱི་ཡུལ་ལུང་རྣམས་འདུས་ཡོད། ཡུལ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ (༤༥༡༢) ཙམ་ཟིན་པ་དང་། ས་གཤིས་རིག་པའི་ཐོག་ནས་བཤད་ན་མཐོ་ཚད་མི་ཊར་ (༤༠༠༠) ཙམ་ཡོད་པའི་རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་འབྱུང་ཁུངས་ཤིག་ཡིན། དེའི་ཕྱིར་འཕན་པོ་ཞེས་པའི་ཡུལ་ལུང་འདི་ནི་ཧ་ཅང་རྒྱ་ཆེ་ལ་བཀོད་པ་མཛེས་སྡུག་ལྡན་པའི་ཡུལ་ལུང་ཞིག་ཡིན། དེ་ལ་འཕན་ཡུལ་ཕུ་མདའ་བར་གསུམ་ཞེས་ཡུལ་འཕན་པོའི་གཞུང་རྒྱུད་ཀྱི་ངས་ཆུ་ཞེས་པའི་ཉེ་འཁོར་དུ་ཆགས། གནའ་བོའི་དུས་སུ་འཕན་པོ་ལུང་པའི་མིང་ལ་ངས་པོ་ཟེར་བ་ཡང་ཆུ་དེའི་མིང་ཡུལ་ལ་ཆགས་པར་སྣང་། གནམ་རི་སྲོང་བཙན་སྐབས་སུ་འཕན་པོ་ཞེས་མིང་བསྒྱུར་གནང་བ་རེད་ཅེས་འབོད་སྲོལ་ཡོད། གང་ལྟར་དེང་སྐབས་འཕན་ཡུལ་ཞེས་ཡོངས་སུ་གྲགས། དེ་ཡང་འཕན་པོ་ནི་གཙོ་བོ་རྫོང་ཁག་རིམ་པ་དྲུག་གིས་གྲུབ་པར་བྱས་ཤིང་། རྫོང་ཁག་དྲུག་པོ་རེ་རེ་ལ་ཡང་ས་ཆའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད། རྫོང་ཁག་དྲུག་ནི་འཕན་པོ་ཟ་དམ་རྫོང་དང་། གླང་ཐང་རྫོང་། ལྷུན་འགྲུབ་རྫོང་། སྟག་རྩེ་རྫོང་། མཁར་རྩེ་རྫོང་། ཕོད་མདོ་རྫོང་བཅས་རྫོང་ཁག་དྲུག་ཙམ་གྱི་མངའ་ཞབས་སུ་གཞུང་སྒེར་ཆོས་གསུམ་གྱི་ཁོངས་གཏོགས་མི་སེར་གནས་ཡུལ་གཞིས་ཀ་མ་ལག་ཁག་སོགས་ས་ཆའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་དང་། ཡུལ་ལུང་དེ་དག་གི་ནང་དུ་རི་བོ་མང་ཆེ་བ་མདུན་ངོས་སྤང་རི་དང་རྒྱབ་ངོས་བྲག་རི་ཡིན་ཞིང་། ཐང་ཤིང་སོགས་ཀྱི་ནགས་ཚལ་སྟུག་པོ་དེ་འདྲ་མེད་ན་ཡང་མདུན་ངོས་ཀྱི་སྤང་རིར་མེ་ཏོག་སྣ་ཚོགས་བཞད་ཀྱི་ཡོད་ལ་འཚོ་བའི་ཐོན་ཁུངས་ཀྱང་གང་མང་ཞིག་སྤང་ལྗོངས་དང་ནགས་ཚལ་ཁུལ་ནས་ཡོང་གི་ཡོད། གཞན་ཡང་ཀླུང་ཤོད་དམ་ཕོད་མདོ་རྫོང་གི་མངའ་ཁོངས་མང་ཆེ་བར་ནགས་ཚལ་ཅུང་མང་པོ་ཡོད། མདོར་ན་འཕན་པོའི་ཡུལ་ལུང་གི་སྡེ་བ་མང་ཆེ་བ་ཆུ་མོའི་གཞུང་རྒྱུད་དུ་ཆགས་ཤིང་། ལུང་པ་སོ་སོའི་ཕུ་མདའ་ཧ་ཅང་རིང་ཞིང་མི་ཚོགས་ཀྱང་ཧ་ཅང་མང་པོ་ཡོད། ཕྱོགས་བཞིའི་སྲིད་འཛིན་ས་ཁུལ་གྱི་མཚམས་ནི་ཤར་དུ་ནག་ཆུ་ཁུལ་དང་། ཤར་ལྷོར་ལྷ་ས་གྲོང་ཁྱེར་ཁོངས་ཀྱིི་མལ་གྲོ་གུང་དཀར་རྫོང་། ལྷོར་དེང་གི་སྟག་རྩེ་རྫོང་། ནུབ་ཏུ་སྟོད་ལུང་བདེ་ཆེན་རྫོང་། བྱང་དུ་འདམ་གཞུང་རྫོང་བཅས་དང་ས་འདྲེས་ནས་ཡོད།

གཉིས་པ། ཡུལ་གྱི་རང་བྱུང་ཐོན་ཁུངས་དང་ཐོན་སྐྱེད།

འཕན་ཡུལ་གྱི་འཚོ་བའི་ཐོན་ཁུངས་གཙོ་བོ་ནི་ཞིང་ལས་དང་། ཕལ་ཆེར་དུས་ཁྱིམ་མང་ཆེ་བ་ས་མ་འབྲོག་ཡིན། ཇ་རྐྱང་པག་རྐྱང་བཟས་ན་སྲོག་ལ་ཉེན་ཁ་མེད་ཟེར་བའི་དཔེ་ལྟར་རྩ་བའི་འཚོ་བའི་བརྟེན་གཞི་གཙོ་བོ་ནི་རྩམ་པ་དང་། གཞན་ཡང་གྲོ་དང་སྲན་མ། རྒྱ་སྲན། པད་ཁང་། དེ་བཞིན་ཚལ་རིགས་ལ། ཞོག་ཁོག ལ་ཕུག ཉུང་མ། སྔོ་ཚལ་སོགས་འདྲ་མིན་སྐྱེས་ཀྱི་ཡོད། གཞན་ཡང་འབྲོག་ལས་ཀྱི་འཚོ་བའི་ཐོན་སྐྱེད་ནི། འོ་མ་དང་། ད་ར། མར། ཕྱུ་ར་དང་། ཕྱུ་ར་ལ་ཡང་རིག་མི་འདྲ་བ་སྐྱ་ཕྱུར་དང་། སྔོ་ཕྱུར། མངར་ཕྱུར། ཕྱུར་ཀུམ་སོགས་ཡོད། དམར་ཟས་ཀྱི་རིགས་ལ་གཡག་ཤ་དང་། ལུག་ཤ། འབྲི་ཤ ཕག་ཤ། ར་ཤ། བྱ་ཤ་སོགས་ཡོད། གོང་ཞུས་ལྟར་འཕན་པོའི་འཚོ་བའི་འཐོན་ཁུངས་གཙོ་བོ་ནི་ཞིང་ལས་ཡིན་པ་དང་། མི་ཚང་རེར་ས་གཞིང་གི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད། འཕན་ཡུལ་གྱི་རྩམ་པ་ནི་དབུས་ཁུལ་དུ་སྐད་གྲགས་གང་ཙམ་ཡོད། སྔ་མོའི་དུས་སུ་འཚོ་བའི་ཐོན་ཁུངས་ཀྱི་གྲུབ་ཆ་གཅིག་ནི་ཚོང་ལས་ཡིན་པ་དང་། འཕན་པོའི་ནང་ནས་མེ་ཤིང་དང་རྩམ་པ་སོགས་ལྷ་སར་འཚོང་དུ་འགྲོ་བ་དང་། ཨ་བོ་ཧོར་པའམ་བྱང་ནགས་ཆུ་དང་། འདམ་གཞུང་། ནགས་ཤོད་སོགས་ནས་སྟོན་མཇུག་ཏུ་ཚོང་པ་མང་པོ་སླེབས་ཀྱི་ཡོད་ཅིང་། དེ་དག་གིས་འབྲི་གཡག་དང་ལུག དེ་བཞིན་མར་དང་། ཕྱུ་ར། རྩིད་པ། བལ། ཚྭ། བུལ་སོགས་འཁྱེར་ཏེ་འཕན་པོའི་ནང་ནས་འབྲུ་དང་། བྲོ། རྩམ་པ། བྲོ་ཞིབ། སྲན་མ། ལ་ཕུག་སྐམ་པོ་སོགས་དང་དངོས་པོ་བརྗེ་ཚོང་རྒྱག་གི་ཡོད། དེ་ནི་འཕན་པོའི་འཚོ་བའི་ཐོན་ཁུངས་གཙོ་བོ་ཞིག་ཀྱང་ཆགས་ཡོད། དེ་ལྟར་འཕན་པོ་ནི་འཚོ་བའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ལྟ་ན་སྡུག་པ་ཞིག་ཡིན་པ་དང་། ཡུལ་དེའི་མི་རྣམས་ཀྱང་འཚོ་བའི་ཐོག་དཀའ་ངལ་ཡོད་པ་ཧ་ལམ་མེད། སྔ་མོའི་དུས་སུ་འཕན་པོའི་ནང་གཏེར་ཁ་སྔོག་འདོན་གྱི་བྱ་བ་མི་བྱེད་མོད། སྤྱིར་འཕན་པོ་ནི་གཏེར་དངོས་ཕུན་སུམ་ཚོགས་པའི་ཡུལ་ལུང་ཞིག་ཡིན་པ་དང་། དེང་སྐབས་གཏེར་དངོས་ཡོད་ཚད་རྒྱ་ནག་དམར་པོའི་གཞུང་གིས་སྔོག་འདོན་བྱེད་ཀྱིན་འདུག་མོད། དེའི་སྐོར་གཤམ་ནས་རྒྱས་པར་བཤད་པ་བྱ། འཕན་པོའི་ནང་གི་གཏེར་དངོས་གཙོ་བོ་ནི་ཞ་ཉེ་དང་། ཏི་ཚ། ཟངས། དངུལ། གསེར་དང་རྡོ་ཞུན་སོགས་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྲུབ་ཡོད།

གསུམ་པ། སྐྱེ་དངོས་དང་སྲོག་ཆགས།

འཕན་ཡུལ་གྱི་སྐྱེ་དངོས་དང་སྲོག་ཆགས་སྐོར་བཤད་ན། སྤྱིར་དབུས་གཙང་ཕྱོགས་ཀྱི་སྐྱེ་དངོས་ཕལ་ཆེར་གཅིག་མཚུངས་ཡིན་ཞིང་། འཕན་ཡུལ་དུ་གཙོ་བོ་ཤུག་པ་དང་། གླང་མ། བ་ལུ། སྟག་མ། སྤ་མ། བ་ལུ། སེ་བ། སུ་ལུ། ཚ་རུ། སྤེ་མ། མཛོ་མོ་ཤིང་། སྒྲོ་བ། སྐྱ་ཚེར། དམར་ཚེར། བ་ཐོར་མ། བ་མ། ལྕང་མ། ལྕང་ནག སུག་པ། སྦྱར་པ། སྦྱར་དཀར་སོགས་ཧ་ཅང་མང་ཞིང་། ལྷག་པར་དུ་སྤ་མ་དང་། བ་ལུ། གླང་མ། ལྕང་མ། སྦྱར་པ་སོགས་ཀྱི་ནག་ཚལ་ཧ་ཅང་སྟུག་པོ་ཡོད། རི་དྭགས་རིགས་ནི། ཤྭ་བ། རྒོ་བ་དང་། གླ་བ། རི་བོང་། གནའ་བ། རྒྱབ་ར། འཕྱི་བ་སོགས་དང་། གཅན་གཟན་རིགས་ནི། གཟིག་དང་། དྲེད། ཝ་དམར་ནག ཕ་ར། སྤྱང་ཀི། གཡི། སེ་མོང་། གྲུམ་པ། ཆུ་སྲམ། ཨོ་དཀར། སོགས་ཡོད།

འདབ་ཆགས་བྱ་རིགས་ནི། ཁུ་བྱུག་དང་། འཇོལ་མོ། བྱ་རྒོད། གོ་བོ། བྱ་གླག ཨ་གསོད་པ། ཁྲ། པེང་སྐྱུ་མ། བྱ་རོག སྐྱ་ག པུ་ཤུད། གོང་མོ། སྐྱུང་ཀ། བྱ་སྲེགས་པ། ཕུག་རོན། ཁང་བྱིའུ། འདག་བྱིའུ། ཁུག་རྟ། ཁ་ལ་ཡུག ལྕོག་ག་སོགས་བྱ་བྱེའུ་ཡི་རིགས་ཤིན་ཏུ་མང་པོ་ཡོད། དགུན་སྟོད་དུ་ངང་པ་དཀར་པོ་དང་། ཁྲུང་ཁྲུང་སྐེ་ནག་སོགས་ཁྱུ་དང་ཁྱུ་བྱས་ཏེ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། བོད་ལ་དུསའགྱུར་མ་བྱུང་གོང་བྱ་རི་དྭགས་སོགས་དེ་འདྲ་མང་པོ་ཞིག་ཡོད་ཀྱང་འཚེ་བ་བྱེད་མཁན་སུ་ཡང་མེད་སྟབས་ཡོད་ཚད་ཞི་བདེ་བག་ཕེབས་ངང་རི་ཀླུང་ཀུན་ཏུ་རྒྱུ་ཞིང་། ཁྱུ་དང་ཁྱུ་བྱས་ནས་འཕན་ཡུལ་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཁུལ་དུ་འཚོ་སྡོད་བྱེད་ཀྱིན་ཡོད། དེ་ནི་ཡུལ་མི་རྣམས་ཆོས་སེམས་ཆེ་བ་དང་། སེམས་ཅན་ལ་ལྷག་པར་བརྩེ་འདང་ཆེ་བ། གཞུང་ས་དགའ་ལྡན་ཕོ་བྲང་གི་སྐབས་སྲོག་ཆགས་གཅིག་ཀྱང་གསོད་བཟུང་བྱེད་མི་ཆོག་པའི་བཀའ་བཀོད་གནང་བ་ལྟར་རྒྱུན་སྐྱོང་བྱས་པ་ལས་བྱུང་བ་ཡིན། དེ་ཡང་དམངས་ཁྲོད་དུ། དགའ་ལྡན་ཆ་ཡངས་ནང་གི །རྣ་གཡག་ཡིན་ན་སྐྱིད་པ། །གནས་ཡུལ་རྩྭ་ཆུ་འཛོམས་པ། །ཕུགས་ལ་གནས་བཟོད་བདེ་བ། །ཞེས་སོགས་དམངས་འཁྲོད་གཞས་ཚིག་ཏུའང་རྒྱུན་སྲོལ་ལྟ་བུ་ཆགས་ཡོད།
འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།