གཉིས་པ། ཡུལ་གོམས་གཤིས་ལུགས་ལས། རྒྱན་གོས་དང་ལག་རྩལ།

གཉིས་པ། ཡུལ་གོམས་གཤིས་ལུགས་ལས། རྒྱན་གོས་དང་ལག་རྩལ།

གཉིས་པ། ཡུལ་གོམས་གཤིས་ལུགས།

དང་པོ། རྒྱན་གོས།

སྤྱིར་བོད་ཁུལ་གྱི་ཡུལ་ལུང་སྤྱི་འགྲེ་ལྟར་ངེད་འཕན་ཡུལ་གྱི་ཕོ་མོ་རྒན་གཞོན་དར་གསུམ་ཚང་མས་དུས་ཆེན་སྐབས་རང་གི་འཁོས་བབ་ལ་གཞིགས་པའི་རྒྱན་ཆའི་རིགས་འདོགས་པའི་དང་འདོད་ཆེ་ཞིང་། གྱོན་ཆས་ཀྱང་ནམ་རྒྱུན་དང་དུས་ཆེན་སྐབས་ཀྱི་གཟབ་མཆོར་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། ལྷག་པར་འཕན་ཡུལ་གྱི་རྒྱན་གོས་རིགས་ལ་དར་སོ་ཆེན་པོ་ཡོད་པའི་ལུང་པ་ཞིག་ཡིན། དཔེར་ན་རྒྱན་གྱི་ཆ་ནས་ཕོ་རྣ་གཡུ་ཅན་ལ་དགྲ་ལྷ་འཁོར་ཞེས་ཟེར་ཞིང་། ཁྱོ་ག་ཡིན་ན་གསེར་དངུལ་གང་རུང་གི་རྣ་རྒྱན་ཨ་ལོང་གཡུ་ཕྲ་ཅན་དང་། རྣ་གཡུ། གཟི་དང་གཡུ་བྱུར་སོགས་ཀྱི་ཕྲ་བཏབས་པའི་ཚིགས་ཁེབས་མཛུབ་རྒྱན་བཟོ་དབྱིབས་འདྲ་མིན། གསེར་གྱི་མཛུབ་དཀྲིས་དམ་པ་དགུ་དཀྲིས། བ་སོ་དང་ཛུལ་གྱི་ལག་སྒོར་དང་། ཀྲད་ཀོར་རམ་ཤ་ཀྲད་སོགས་གྱོན་སྲོལ། བུད་མེད་རྣམས་ཀྱིས་གཡུ་བྱུར་སྤེལ་མའི་སྤ་ཕྲུག་ཆེ་ཆུང་དང་། མུ་ཏིག་ལྟག་འཛར། གསེར་དངུལ་ལས་བཟོས་པའི་གཡུ་ཕྲ་ཅན་གྱི་གྭའུ་དང་། གཡུ་བྱུར་སྤུད་ཤེལ་སྤེལ་མའི་སྐེ་ཐག་རབ་འབྲིང་མཐའ་གསུམ། ཨས་སྒོར། སྒྲོག་གདུབ། དངུལ་བཟོས་སྤ་ཁུག་ཁབ་ཤུབས། བྱུ་རུའི་ལག་དཀྲིས་སྐེ་ཕྲེང་གཟི་ཤལ་དང་། སྐེའི་གཞུ། ཕྲུལ་ཕྲུལ། གྭའུ་གསུམ་སྒྲོམ། སྡིག་ར་གློ་ཕྲེང་སོགས་རྒྱན་ཆའི་རིགས་ཀྱང་འདྲ་མིན་མང་པོ་འདོགས་སྲོལ་ཡོད་པ་མ་ཟད། གྲོང་གསེབ་བུ་མོ་རྒན་འབྲིང་གཞོན་གསུམ་ཚང་མས་གཡས་དུང་དཀར་པོ་ཞེས་ལག་གཡས་པར་དུང་སྒོར་དཀར་གཙང་རེ་གྱོན་སྲོལ་ཡང་ཡོད། དེ་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ནང་དུ་ཡོད་པའི་ཨ་སྟག་ཀླུ་མོ་དང་འདྲ་བ་ཡིན་ཟེར། ཨ་སྟག་ཀླུ་མོའི་ལག་གཡས་སུ་དུང་དཀར་པོ་ཞིག་ཡོད་པ་རྒན་རབས་པ་འགའི་ངག་རྒྱུན་དུ་གྲགས།

ཁྱོ་ག་དང་སྐྱེས་དམན་ཚང་མའི་གྱོན་ཆས་གཙོ་བོ་རང་ཡུལ་ནས་ཐོན་པའི་སྣམ་བུ་སྤུ་ཕྲུག་དང་། ཤད་མ། ཤད་འོག འགོ་སྣམ། དོར་མ་སྣམ་བུ་རྒྱ་ཚོས་དང་། འབུ་རས་དང་རས་ཁྲའི་སྨད་གཡོག འབུ་རས་དཀར་པོ་དང་། དཀར་ཅི་སྒོང་ཤུན། སྤྱིར་བཏང་རས་ཆ། གྲུ་རྩི། གོས་ཆེན་ལ་སོགས་པའི་སྟོད་ཐུང་དང་། འོག་འཇུག་སོགས་འདྲ་མིན་སྣ་ཚོགས་གྱོན་སྲོལ་ཡོད། བུད་མེད་རྣམས་ཆང་ས་བརྒྱབ་རྗེས་པང་གདན་ཤད་མ་དང་། སྣམ་བུ། སི་ཤན་སོགས་རྒྱུ་སྤུས་ལེགས་ཞན་སྣ་ཚོགས་རྒྱུན་དུ་གྱོན་ཞིང་། དབུས་གཙང་ཁུལ་གྱི་བུད་མེད་ཚོས་སྣམ་བུ་ཐིག་ཁྲའི་སྟེང་བརྩེགས་སོགས་གྲ་རྒྱས་ངང་གྱོན་ཞིང་། རྐང་ལྷམ་ཐད་ཁྱོ་ག་ཚོས་ཡུལ་བཟོས་ལྷམ་སྒ་ལོ་རྡོག་གཅིག་མ་དང་། རྣ་གཉིས་མ། ཟོམ་པ། ཀོར་དོ། སྤུ་མ་ཤོལ་ཙེ་དང་། ཀོ་བའི་ཤོལ་ཙེ་དང་། གཟབ་སྤྲོས་སྐབས་གྱོན་བྱེད་དབྱིན་ཟོན་ཞེས་ཀོ་བའི་འཇུ་རྟ་ཡུ་རིང་དང་། ཀོ་བ་འབུ་ལའི་ཤོལ་ཙེ་སོགས་བེད་སྤྱོད་བྱེད་པ་རེད། བུད་མེད་ཚོས་ཀྱང་གོང་གསལ་ལྷམ་སྒ་ལོ་དང་། ཟོམ་པ། ཀོར་དོ་སོགས་རྒྱུན་དུ་གྱོན་པ་དང་། གཟབ་སྤྲོས་སྐབས་ཟོམ་པ་ལྷམ་ཀོ་བརྩེགས་དང་། ཟོམ་པ་ཡུར་ཀླུང་ཁ་རིལ། ཟོམ་པ་ཐིག་གཉིས་མ་སོགས་གྱོན་སྲོལ་ཡོད། ཕྱུ་པ་སྣམ་བུ་སྤུ་ཕྲུག་དང་། སྣམ་བུ་སྤུན་གཅིག་མ་སོགས་ལེགས་ཞེར་འདྲ་མིན། གཟབ་སྤྲོས་སྐབས་ཤད་མ་དང་། ཨི་ཊ་ལིའི་ཐེར་མ། ཨ་མི་རི་ཀའི་ཐེར་མ་སོགས་ཀྱི་ཕྱུ་པ་ཕུ་ཐུང་ཡོད་མེད་དང་། དགུན་དུས་ལུག་ལྤགས་ཚ་རུར་གོས་ཆེན་དང་། ཐེར་མ། སོགས་རྒྱབ་ཤ་རབ་འབྲིང་སྣ་ཚོགས་གཡོགས་པའི་པགས་ཚགས་དྲོ་པོའི་རིགས་བཅས་ཕོ་མོ་དབྱེར་མེད་ནས་གྱོན་སྲོལ་ཡོད། མལ་གོས་ཐད་གཙོ་བོར་བཙུགས་ཕྲུག་དཀར་ནག་སྲབ་མཐུག་འདྲ་མིན་ཉལ་ཆས་ཞ་ཐུལ། སླེལ་ཕྱར་ཚོན་ཕྲ་ལེགས་ཞེར། དྲོ་ལ་འཇམ་པའི་གདིང་བ་ཚོས་ནག་སོགས་ཐོན་སྤེལ་འཐག་ལས་བྱས་ཏེ་ཚོང་བསྒྱུར་དང་རང་མཁོར་བེད་སྤྱོད་བྱེད།

གཉིས་པ། ལག་རྩལ།

ལྷ་བྲིས། ཤིང་བཟོ། རྡོ་བརྐོས། ལྷམ་བཟོ། སྣམ་འཐག པགས་བཟོ། རུམ་འཐག འཚེམ་བཟོ། འཇེམ་བཟོ། ཟངས་བརྡུང་། དངུལ་བཟོ གསེར་བཟོ། རྫ་བཟོ། སྨན་བཅོས་སོགས་ལག་ཤེས་རིགས་ཀྱང་སྣ་ཚོགས་རང་ཆས་སུ་ཡོད།

འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།