གསུམ་པ། འཕན་ཡུལ་གྱི་གླུ་གར།
ཡུལ་ལུང་གང་དང་གང་ཡིན་རུང་རང་རང་གི་ཐུན་མོང་མ་ཡིན་པའི་གླུ་དང་གར་གྱི་རིགས་མི་འདྲ་བ་གང་མང་ཞིག་ཡོད་ངེས་པ་དང་། ལྷག་པར་དུ་སྤྱི་ཚོགས་འཚོ་བའི་དགོས་མཁོ་དང་མཐུན་པའི་སྒོ་ནས་རང་རང་གི་ཡུལ་ལུང་འཚོ་བ་མཚོན་པའི་གླུ་གཞས་གང་མང་ཞིག་ཡོད། དེ་ཡང་གླུ་གཞས་ལ་འབྲོག་གཞས་དང་ལས་གཞས། གཞས་ཆེན་དང་སྒོར་གཞས་སོགས་གཞས་རིགས་སྣ་མང་ཡོད། དཔེར་ན་ཞིང་ལས་བྱེད་པའི་སྐབས་ཀྱི་ངལ་རྩོལ་བརྩོན་སེམས་མཚོན་པའི་གླུ་གཞས་དང་། རི་ལུང་ནགས་ཚལ་སོགས་ལ་རྫི་བོར་འགྲོ་སྐབས་ཀྱི་གླུ་གཞས། གཞན་ཡང་ཆང་ས་དང་དུས་སྟོན་སྐབས་ཀྱི་རྟེན་འབྲེལ་མཚོན་པའི་གླུ་གཞས་སོགས་ཡོད། དེ་མཚུངས་འཕན་པོའི་ཡུལ་དུ་ཡང་སྣ་མང་ཕུན་སུམ་ཚོགས་པའི་གླུ་གར་ཇི་སྙེད་ཅིག་ཡོད། ཡུལ་འཕན་པོའི་ངལ་རྩོལ་བརྩོན་སེམས་མཚོན་པའི་གླུ་གཞས་འགའ་ཞིག་དཔེ་མཚོན་དུ་བཀོད་ན། འཕན་པོའི་ཡུལ་གྱི་ཞིང་ལས་ངལ་རྩོལ་ནི་ངེས་པར་དུ་སྒོ་ཕྱུགས་ལ་བརྟེན་དགོས་པ་དང་། སྒོ་ཕྱུགས་སེམས་ཅན་ལ་བྱམས་སྐྱོང་ཧ་ཅང་ཡག་པོ་གནང་གི་ཡོད། ངལ་རྩོལ་བ་ཚོས་སྒོ་ཕྱུགས་ལ་བཅངས་པའི་བརྩེ་སེམས་མཚོན་པའི་དམངས་གཞས། མཛོ་ཕོ་རོལ་གྱི་གསེབ་ལ། །སྐྱོ་གླུ་ལེན་པ་མ་གནང་། །ཨོ་ལོས་སྤང་སྟོད་ཕྱོགས་ལ། །རྩྭ་ཁ་གང་བཟང་ཞུས་ཆོག །ཟེར་བ་ལྟ་བུ་དང་། འཕན་པོ་བས་ནམ་རྒྱུན་ལས་དོན་གང་ཞིག་ངལ་བ་ཇི་ཙམ་ཆེ་རུང་སྙན་པའི་གླུ་དབྱངས་ལེན་ཞིང་ངལ་རྩོལ་ལ་འཇུག་པར་བྱེད་ཅིང་། རྒྱུན་དུ། ལས་ཀ་གླུ་དང་གཅམ་ན། །དཀའ་ལས་ཡོང་བསམ་མི་འདུག ། །ཅེས་ངལ་རྩོལ་གྱི་དཀའ་སྡུག་ཅི་ཙམ་ཆེ་རུང་ཞུམ་པ་མེད་པའི་སྙིང་སྟོབས་དང་། ངལ་བ་དང་དུ་ལེན་པའི་སྙིང་སྟོབས་མཚོན་ཕྱིར་གླུ་གཞས་གང་མང་ཞིག་ཡོད། ཡང་དུས་ཆེན་ཁག་གི་སྐབས་སུ་འཁྲབ་གཞས་དང་གཏོང་གཞས་འདྲ་མིན་གང་མང་ཞིག་ཡོད་ཅིང་། དཔེ་མཚོན་འགའ་ཞིག་ཞུས་ན། “འཇང་ལ་ཕྲ་མོས་མ་ཕྱིན་ཕྲ་མོས་ཕྱིན། །འཇང་ལ་ཕྲ་མོས་ལུང་པའི་ཕུ་ལ་ཕྱིན། །འཇང་ལ་ཕྲ་མོས་ལུང་པའི་ཕུ་ལ་ཕྱིན། །དེ་འདྲའི་ལུང་པའི་ཤིང་སྣ་འཛོམས་ལུགས་ཀྱིས། །ཕོ་བྲང་ཀ་བཞི་གདུང་བརྒྱད་བཞེངས་དགོས་བསམ། །ཕོ་བྲང་ཀ་བཞི་གདུང་བརྒྱད་བཞེངས་ནས་ཡོད། །ཕོ་བྲང་ཚོམ་ཆེན་དཀར་ཞལ་མཐིལ་ཤེད་ན། །དགུང་བཞུགས་བླ་དཔོན་ཉི་ཟླ་ཟུང་གིས་མཛེས། །འཇང་ལ་ཕྲ་མོས་མ་ཕྱིན་ཕྲ་མོས་ཕྱིན། །འཇང་ལ་ཕྲ་མོས་ལུང་པའི་མདའ་ལ་པྱིན། །དེ་འདྲའི་ལུང་པའི་ཆུ་སྣའི་འཛོམས་ལུགས་ཀྱིས། །ལོ་ཡག་ལྗང་པའི་རྩ་བ་འཛུགས་དགོས་བསམ། །ལོ་ཡག་ལྗང་པའི་རྩ་བ་ཚུགས་ནས་ཡོད། །དཀར་མོ་ནས་ཀྱི་རྩིག་པ་རི་ལས་མཐོ། །རྒྱལ་ཁམས་སྐྱ་རྒྱལ་ལོངས་སྤྱོད་མངའ་ཐང་རྒྱས། ། འཇང་ལ་ཕྲ་མོས་མ་ཕྱིན་ཕྲ་མོས་ཕྱིན། །འཇང་ལ་ཕྲ་མོས་ལུང་པའི་བར་ལ་ཕྱིན། །དེ་འདྲའི་ལུང་པའི་མི་སྣ་འཛོམས་ལུགས་ཀྱིས། །གླུ་གར་གཞས་ཀྱི་སྒོ་མོ་འབྱེད་དགོས་བསམ། །གླུ་གར་གཞས་ཀྱི་སྒོ་མོ་ཕྱེ་ནས་ཡོད། །ཇ་ཆང་འདོད་རྒུ་འཛོམས་པའི་ཚོམས་ཆེན་འདིར། །གླུ་གར་གཞས་ཀྱི་སྒོ་མོ་ཕྱེ་ནས་ཡོད། །གནའ་དེང་སྦྲེལ་མའི་གསུང་གཞས་སྙན་འགྱུར་ལྡན། ། སྙན་འགྱུར་ཉམས་དགའི་བསྐྱོད་པ་ཅི་ཡང་རྩེན། །རྒན་གཞོན་ལ་ལས་རྣམ་ཐར་དབྱངས་སུ་གྱེར། །གཞས་མ་གཏམ་གྱིས་དོ་ར་བཞད་ཆས་གང་། །ཇ་ཆང་འདོད་རྒུ་འཛོམས་པའི་ཚོམས་ཆེན་འདིར། །ནང་མ་བསྟོད་གཞས་རོལ་མོའི་སྙན་འགྱུར་རྫོགས། །བཞུགས་གྲལ་མཐའ་དབུས་མི་ཚོགས་སྐུ་ཁམས་བཟང་། །འདོད་ཡོན་མངའ་ཐང་སྤྲོ་བཟང་གཟི་བྱིན་འབར། །བཀྲ་ཤིས། ལོ་ལེགས། གཡང་ལ་ཆགས་པ་ཤོག ཅེས་སོགས་འཕན་ཡུལ་ཕུ་མདའི་ཡུལ་མི་ཀུན་གྱིས་སྒོར་གཞས་བྱིན་ཆགས་པོ་མང་པོ་ཞེ་དྲག་གཏོང་སྲོལ་ཡོད། གཞན་ཡང་མཆོད་པ་ཡར་མཆོད་ཅེས་པའི་གཞས་ཆེན་ཡོངས་སུ་གྲགས་པ་ཞིག་ནི། མཆོད་པ་ཡར་མཆོད། མཆོད་ལ་ཡར་མཆོད་ཡར་ལ་མཆོད། །ཡར་མཆོད་ཚད་ལྡན་བླ་མར་མཆོད། །ཚད་ལྡན་བླ་མར་མ་མཆོད་ན། །དམ་ཆོས་འཁོར་ལོ་སུ་ཡིས་བསྐོར། །ཕྱི་མའི་ཡར་འདྲེན་སུ་ཡིས་གནང་། །མཆོད་པ་བར་མཆོད་བར་ལ་མཆོད། །བར་མཆོད་མགོ་འདྲེན་དཔོན་ལ་མཆོད། །མགོ་འདྲེན་དཔོན་པོར་མ་མཆོད་ན། །མགོ་འདོན་ལམ་གྲོགས་སུ་ཡིས་གནང་། །གཏམ་དང་ཡིག་རྩིས་སུ་ཡིས་སློབ། །མཆོད་པ་མར་མཆོད་མར་ལ་མཆོད། །མར་མཆོད་དྲིན་ཆེན་ཕ་མར་མཆོད། །དྲིན་ཅན་ཕ་མར་མ་མཆོད་ན། །བརྩེ་དུང་ཟབ་མོ་སུ་ཡིས་བཅངས། །མི་ཆོས་ཡ་རབས་སུ་ཡིས་སློབ། །མཆོད་པ་ཕར་མཆོད་ཕར་ལ་མཆོད། །ཕར་མཆོད་སྟག་ཤར་གཞོན་པར་མཆོད། །སྟག་ཤར་གཞོན་པར་མ་མཆོད་ན། །ཕྱི་ཡི་དགྲ་མགོ་སུ་ཡིས་གནོན། །དགྲ་མགོ་མཐུ་བོ་སུ་ཡིས་གནོན། །མཆོད་པ་ཚུར་མཆོད་ཚུར་ལ་མཆོད། །ཚུར་མཆོད་སྨན་ཆུང་བུ་མོར་མཆོད། །སྨན་ཆུང་བུ་མོར་མ་མཆོད་ན། །ནང་གི་གཉེན་ངོ་སུ་ཡིས་སྐྱོང་། །རིགས་རུས་ཆོ་འབྲང་སུ་ཡིས་སྲུང་། །མཆོད་པ་ཡང་མཆོད་ཡང་ལ་མཆོད། །ཡང་མཆོད་ཨ་མ་ཆང་མར་མཆོད། །ཨ་མ་ཆང་མར་མ་མཆོད་ན། །ཆང་དང་ཇ་ཕྲ་སུ་ཡིས་བསྣམས། །ཆང་ཞིམ་བག་གྲོ་སུ་ཡིས་གནང་། །བདེ་སྐྱིད་དཔལ་མོ་སུ་ཡིས་གནང་། ། ཡཱ། ལགས་སོ། ། ཡཱ། ལགས་སོ། །
འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།