བཞི་པ། འཕན་ཡུལ་གྱི་རྩེད་མོའི་རིགས་དང་། ལྔ་པ། དུས་ཆེན་ཁག་གི་སྐོར་ངོ་སྤྲོད།

བཞི་པ། འཕན་ཡུལ་གྱི་རྩེད་མོའི་རིགས་དང་། ལྔ་པ། དུས་ཆེན་ཁག་གི་སྐོར་ངོ་སྤྲོད།

བཞི་པ། རྩེད་མོའི་རིགས།

༡༽ བྱིས་པའི་རོལ་རྩེད།

བྱིས་པ་ཆུང་ངུའི་དུས་སུ་རྩེད་མོ་རྩེ་ཚུལ་དེ་བོད་མི་སྤྱི་མཚུངས་ལྟར། ཨ་ཅུག་དང་། ཨབ་བསྟོར། ཐེད་པེད། ཨ་ཀ་རྟིང་ཀ ཨ་མ་མེ་སློང་། ཨ་ཁུ་སྤྱང་ཀི སྦེ་ག་འགྲན་པ། གབ་རེས་ཡིབ་རེས། དཔྱང་ཐག་རྩེད་མོ། སི་སི་སི་མ་སོགས་རྩེ་བཞིན་ཡོད།

༢༽ རྒན་པའི་རོལ་རྩེད།

སྦག་ཆེན། ཤོ། རྡོ་སྒོར། ཐག་འཐེན། སྦེ་ག་འགྲན་པ། རྟ་རྒྱུག མདའ་རྩེད། རྡོ་འགྱོག རྒྱུག་ཤར། ཚིག་རྒྱག བཅས་ཡོད།

ལྔ་པ། དུས་ཆེན་ཁག

ཡུལ་ལུང་སོ་སོའི་ཆོས་སྲིད་རིག་གནས་དང་བཅས་པའི་དུས་ཆེན་འདྲ་མིན་གང་མང་ཞིག་ཡོད་ཅིང་། འཕན་ཡུལ་དུའང་ཆོས་ཕྱོགས་དང་སྤྲོ་སྐྱིད། དབྱར་སྐྱིད་སོགས་མདོར་ན་ལོ་འཁོར་མའི་ནང་ཆེ་ཆུང་ལ་མ་ལྟོས་པའི་དུས་ཆེན་འདྲ་མིན་གཏོང་སྲོལ་ཡོད་པ་ཞིག་ཡིན།

༡༽ གོར་མོ་ལྷ་རྡོ།

ལོ་ལྟར་བོད་ཟླ་ ༡ ཚེས་ ༥ ཉིན། དེང་གི་འཕན་པོ་ལྷུན་གྲུབ་རྫོང་དུ་ཡོད་པའི་དགའ་ལྡན་ཆོས་འཁོར་དགོན་དུ་གོར་མ་ལྷ་རྡོ་ཞེས་པའི་རྡོ་ནག་བྱིན་ཅན་ཞིག་མཇལ་རྒྱུ་ཡོད། དེ་ཉིན་འཕན་ཡུལ་གྱི་ཕུ་མདའ་གང་ས་ནས་འཛོམས་པའི་མི་ཚོགས་སྟོང་ཕྲག་མང་པོས་རང་རང་གི་ཁ་ཟས་ཁྱེར་ནས་རྡོ་ནག་དེའི་མཇའ་ཁ་ཐོབ་པ་བྱེད་བཞིན་ཡོད་ལ་སྐུ་གཉེར་གྱིས་ཀྱང་མི་རེ་ངོ་རེའི་མགོ་དང་སྒལ་པའི་ཐོག་ཏུ་ཐུག་ཙམ་རེ་ཞུ་བཞིན་ཡོད།

༢༽ ཆོས་སྐོར།

ཟླ་དེའི་ཚེས་བཅོ་ལྔ་ནི་བདག་ཅག་སྟོན་པ་བཀའ་དྲིན་ཅན་གྱི་དུས་ཆེན་གསུམ་འཛོམས་ཁྱད་པར་ཅན་ཞིག་ཡིན་ལ་འཕན་པོའི་ནང་དུའང་དུས་ཆེན་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་ཞེས་ཕལ་ཆེར་འཕན་པོའི་ཕུ་མདའ་བར་གསུམ་གྱི་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་གཟབ་མཆོར་དང་བཅས་རྒྱབ་ཏུ་རྒྱལ་བའི་བཀའ་འགྱུར་ལ་སོགས་པའི་སྐུ་གསུང་ཐུགས་རྟེན་གདན་འདྲེན་ཞུས་ཏེ་འོང་ངའི་མཐའ་ནས་གྲོང་ཚོ་སོ་སོའི་ཞིང་ཡོད་ཚད་ལ་ཆོས་སྐོར་བྱེད་བཞིན་ཡོད། རྒྱུ་མཚན་གཙོ་བོ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། སྒོས་སུ་གངས་ཅན་ལྗོངས་སུ་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། ལུང་པར་ནད་ཡམས་དང་། སད་སེར་ཐན་སྐྱོན། དམག་འཁྲུག་མུ་གེ་སོགས་རྐྱེན་ངན་གོད་ཆག་མི་ཡོང་བའི་ཆེད་དུ་དམིགས་པ་ཞིག་རེད།

༣༽ འོང་སྐོར།

དེ་ནས་ལོ་ལྟར་བོད་ཟླ་ ༦ པའི་ཟླ་མགོ་ནས་བཟུང་ཟླ་བ་གཅིག་ལྷག་རིང་གྲོང་ཚོ་སྟོད་སྨད་བར་གསུམ་དུ་འོང་སྐོར་ཞེས་པ་གཏོང་སྲོལ་ཡོད། དེ་ཉིན་གྲོང་ཚོའི་ཐེམ་པ་རེ་ནས་རྟ་པར་གཟབ་མཆོར་སྤྲས་པའི་ཕོ་གསར་རེ་དང་ཁོང་ཚོས་རྒྱན་གྱིས་བརྒྱན་པའི་རྟ་རྒྱུགས་གཏོང་བ་དང་། མདའ་དང་མེ་མདའ་འཕེན་པ། རྟ་ཐོག་ཏུ་རྩལ་ངོམ་སྟོན་པ། ཁ་བཏགས་སྒྲུག་པ་སོགས་བྱེད། དེ་ཉིན་ལུང་པའི་ཕུ་མདའ་ཚང་མ་ནས་མི་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག ཡུལ་དེའི་མི་ཚང་སོ་སོའི་བཞུགས་མཚེར་དབུ་གུར་བསྒྲོན་རྒྱུར་དར་སྲོལ་ཤིན་ཏུ་ཆེ་བས་གུར་བརྒྱ་ཕྲག་མང་པོ་བརྒྱབ་སྟེ་སླར་ཡང་ཉིན་གསུམ་རིང་ཡུལ་མི་ཕོ་མོ་རྒན་དར་གཞོན་གསུམ་རྒྱན་གོས་གཟབ་མཆོར་སྤྲས་ནས་སྒོར་གཞས་དང་། ནང་མ་སྟོད་གཞས་སོགས་གཞས་དང་། ཞབས་བྲོ་འདྲ་མིན་འཁྲབ་སྟེ་སྤྲོ་སྐྱིད་གཏོང་སྲོལ་ཡོད།

གཞན་ཡང་ལོ་ལྟར་བོད་ཟླ་བཞི་པ་ས་ག་ཟླ་བ་དང་། དྲུག་པ་ཚེས་བཞི། ལྷ་བབས་དུས་ཆེན། དགའ་ལྡན་ལྔ་མཆོད། ངན་པ་དགུ་འཛོམས། བཟང་པོ་བཅུ་འཛོམས་སོགས་དུས་ཆེན་འདྲ་མིན་གང་མང་ཞིག་རང་རང་གི་ཡུལ་སྲོལ་དང་མཐུན་པའི་ཐོག་ནས་སྲུང་བརྩི་ཞུ་སྲོལ་ཡོད།

༤༽ ལོ་གསར།

ལྷག་པར་དུ་བོད་རྒྱལ་ཡོངས་ཀྱི་དུས་ཆེན་ཆེ་ཤོས་ནི་ལོ་གསར་ཡིན་ཞིང་། འཕན་ཡུལ་གྱི་ལོ་གསར་སྐོར་ནས་མདོར་ཙམ་བཤད་ན། དེ་ཡང་འཕན་ཡུལ་གྱི་ཁྱིམ་ཚང་སོ་སོས་ལོ་གསར་གྱི་གྲ་སྒྲིག་ནི་ཟླ་བ་མང་པོའི་གོང་ནས་བྱེད་སྲོལ་ཡོད་པ་དང་། ལོ་གསར་དངོས་གཞིའི་དུས་ཚོད་ནི་བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔ་བར་ཡིན་ཞིང་། དཔེ་མཚོན་འགའ་ཞིག་ཞུས་ན། ལོ་གསར་མ་ཚེས་གོང་གི་ཉིན་མ་མང་པོའི་གོང་ནས་གཞས་ཞབས་བྲོ་དང་། མཁོ་ཆས་ཉོ་སྒྲུབ། མེ་ཤིང་དང་གསང་གསོལ་གྱི་གྲ་སྒྲིག ཁ་ཟས་སྣ་མང་གི་གྲ་སྒྲིག་སོགས་བྱེད་སྲོལ་ཡོད་ལ་རང་རང་གི་མཐུན་མོང་མ་ཡིན་པའི་གཟབ་མཆོར་གྲ་སྒྲིག་ལེགས་པོ་བྱེད་ཀྱི་ཡོད། འཕན་ཡུལ་ནི་མཆོད་ཆང་ལ་དགའ་བའི་ལུང་པ་ཞིག་ཡིན་ཞིང་། དེ་ཡང་ལུང་པ་འདིའི་ཐོན་ཁུངས་གཙོ་བོ་འབྲུ་རིགས་ཡིན་པས་རེད། མཆོད་ཆང་ནི་ལོ་ཆང་དང་ཟླ་ཆང་སོགས་ཡོད། ལོ་གསར་གྱི་ཉི་ཤུ་དགུའི་དགོང་མོ་ཁྱིམ་ཚང་སོ་སོའི་ནང་དགུ་ཐུག་ཟེར་ནས་རྫས་དགུ་ཚང་བའི་ཐུག་པ་བསྐོལ་བ་དང་། དེའི་རྫས་རེ་རེ་ལ་རང་རང་གི་མ་འོངས་པའི་མདུན་ལམ་དང་། གཤིས་ལུགས་སོགས་ཀྱི་རྟགས་སྟོན་པར་ངོས་འཛིན་བྱེད། དཔེར་ན་ཤོག་བུ་ལྟ་བུ་ཁེལ་ན་མི་རང་ཚུགས་མེད་པ་དང་གཞན་གྱིས་གང་བཤད་རྗེས་སུ་འགྲོ་བར་ངོས་འཛིན་བྱེད། དེ་བཞིན་གནམ་གང་ཉིན་གྱི་ཞོགས་པ་ནས་ཁྱིམ་ཚང་སོ་སོའི་ཐོག་ཁའི་སྟེང་དུ་དར་མཚོན་སྣ་ལྔ་དང་རླུང་རྟ་སོགས་ཀྱི་དར་ཅོག་བཙུགས་ནས་བལྟས་པ་ཙམ་གྱིས་ལུང་པ་ཚང་མ་ཁྲ་ཆིལ་ལེར་ཡོད། ལོ་གསར་ཚེས་གཅིག་གི་ཞོགས་པ་ནམ་མ་ལངས་གོང་ནས་ཡར་ལངས་ཏེ་ཆང་བསྐོལ་འཐུང་བ་དང་ཁ་ཟས་ཟ་བ། ད་དུང་ལུག་མགོ་ཟ་བ་ནི་རྒྱུན་གཏན་གྱི་ལུགས་སྲོལ་ཞིག་ཡིན། དེ་ནས་ཕྱེ་མར་མཆོད་པ་དང་བཀྲ་ཤིས་ཀྱི་ཁ་དབྱངས་ལེན་པ། རང་རང་གི་ཁྱིམ་ཚང་ཉེ་འཁོར་དུ་བསང་ཧ་ཅང་མང་བོ་ཕུལ་ནས་ལུང་པ་ཚང་མ་དུ་ཞགས་ཀྱིས་ཁེངས་འགྲོ་ཡི་ཡོད། ལོ་གསར་ཚེས་གཅིག་ནས་གསུམ་བར་ཕན་ཚུན་ལ་འགྲོ་འོང་མི་བྱེད་ཅིང་། ལོ་གསར་ཚེས་གསུམ་ནས་བཅོ་ལྔ་དང་། ལུང་པ་འགའ་ཞིག་ལ་ཚེས་བརྒྱད་བར་ཕན་ཚུན་མགྲོན་པོར་འགྲོ་རེས་བྱེད་པ་དང་། གྲོང་ཚོ་སོ་སོའི་ཉེ་བ་རྣམས་ཕན་ཚུན་མགྲོན་དུ་བོས་ནས་སྟོན་མོར་རོལ་བ་དང་། མཆོད་ཆང་མཆོད་པ། གླུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་བྱེད་སྲོལ་ཡོད། ལོ་གསར་ཚེས་གསུམ་ཉིན་བྱིས་པ་ལོ་བཅུ་གསུམ་ཡན་གྱིས་རང་རང་གི་ཡུལ་ལྷའི་ལྷ་ཁང་དང་ལ་ཚུགས་ཡོད་ས་ཚང་མར་བསང་གསོལ་བྱེད་དུ་འགྲོ་བ་དང་། ཚེས་བརྒྱད་ཉིན་ཐོ་འཛུགས་པ་ཟེར་ནས་མི་ཚང་རེའི་ཕོ་གཞོན་མོ་གཞོན་རེ་བཏང་ནས་རང་རང་ལུང་པའི་སྐྱེས་ལྷ་དང་ཡུལ་ལྷ་སོགས་གནས་སའི་རི་མགོར་དར་ལྕོག་འཛུགས་སུ་འགྲོ་སྲོལ་ཡོད།

༥༽ ཕ་བོང་ཐང་སྐོར།

ལོ་འཁོར་རེའི་ལུག་ལོ་ནམ་ཤར་དུ་ཕ་བོང་ཚོགས་གཞོང་ཞེས་པའི་ཕ་བོང་ང་རོང་ཐང་སྐོར་ཞེས་རྭ་སྒྲེང་དགོན་པའི་ནུབ་ངོས་ཀྱི་ཕོ་རོང་ཐང་དུ་སྐོར་བ་རྒྱག་སྲོལ་ཡོད། ཐང་ཆེན་དེའི་སྟེང་རྡོ་ཕ་བོང་དུ་མ་ཡོད་པའི་ནང་ནས་ཆེ་ཤོས་དེར་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཕོ་བྲང་ཡིན་པར་བརྗོད་ཅིང་གནས་སྐོར་བ་ཚོས་དེ་གར་སྐོར་བ་རྒྱག་པ་སོགས་བྱེད་ཅིང་། གཞན་ཡང་མཁའ་འགྲོའི་ཚོགས་གཞོང་དང་། བྲོ་རྭ་ཞེས་པ་སོགས་ཀྱི་ཕ་བོང་ཡོད། བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་རྭ་སྒྲེང་བླ་བྲང་ནས་མཁའ་འགྲོའི་ཚོགས་གཞོང་ཞེས་པའི་ཕ་བོང་གི་སྟེང་རྩམ་ཁལ་ལྔ་བརྒྱའི་ཚོགས་བཞེངས་ནས་མང་ཚོགས་ལ་ཚོགས་ཀྱི་བྱིན་རླབས་སྤྲོད་པ་དང་། རྭ་སྒྲེང་དགོན་པའི་བླ་གྲྭ་རྣམས་དེ་གར་ཕེབས་ནས་ཉིན་གསུམ་རིང་ཚོགས་མཆོད་སོགས་མཛད་སྲོལ་ཐོག་དགེ་འདུན་པ་ཚོས་གར་འཆམས་རྒྱག་པ་དང་། ཡུལ་མི་ཚོས་བྲོ་གཞས་འཁྲབ་གཏོང་། ལྷ་མོ་འཁྲབ་པ། རྟ་རྩལ་འགྲན་པ་སོགས་བྱེད་ཅིང་། སྐབས་དེར་ལྷ་ས་དང་། ནག་ཆུ། ལྷོ་ཁ་སོགས་ནས་མང་ཚོགས་ཁྲི་སྟོང་ཁ་ཤས་འཛོམས་པ་དང། ཐང་སྟེང་གུར་གྱིས་ཁེངས་པ་སོགས་འདུ་ལོང་ཆེ་ཞིང་། ཐང་ཆེན་དེར་སྐོར་བ་རྒྱག་སྐབས་མི་དར་མ་ཞིག་གིས་ཆུ་ཚོད་གཉིས་འགོར་གྱི་ཡོད།

༦༽ ཤར་ཆེན་མོ།

ལོ་ལྟར་བོད་ཟླ་དྲུག་པའི་ཚེས་གཉིས་ནས་བཅོ་ལྔ་བར་ཤར་ར་དགོན་པར་ཤར་ཆེན་མོ་ཞེས་པའི་དུས་ཆེན་ཞིག་ཡོད། བོད་ཟླ་དྲུག་པའི་ཚེས་གཉིས་ནས་བཟུང་དགོན་པ་དེ་གའི་བཙུན་མ་ཚོས་བཀའ་འགྱུར་དག་སྒྲོག་བྱེད་ཅིང་། དེའི་རིང་དད་མཇལ་བ་མང་པོ་ཡོང་མཁན་ཡོད། ཚེས་བཅུ་བཞིའི་ཉིན་ལྷུན་གྲུབ་རྫོང་དཔོན་ངོ་མ་ཤ་ར་དགོན་པར་ཕེབས་ནས་ཉིན་གསུམ་བསྡད་དེ་ཚེས་བཅོ་ལྔའི་ཉིན་དགོན་པར་མང་ཇ་དང་། སྐུ་འགྱེད། བརྒྱ་མཆོད་བཅས་འབུལ་སྲོལ་ཡོད་འདུག དེ་ཉིན་དགོན་བདག་སྒེར་པར་གཞི་ཀའི་རང་ཁོངས་མི་སེར་ནང་ནས་བུ་མོ་ཁ་འབྲས་མཚར་བ་གཉིས་ལ་སྐྱེས་པའི་ཆས་གོས་གཡོགས་ནས་དགོན་པའི་ལྷོ་ནུབ་ངོས་ཀྱི་མཁའ་འགྲོའི་བྲོ་ར་ཞེས་པར་སྒོར་གཞས་ཀྱི་སྣེ་འཁྲིད་པར་གདན་ཞུའི་ཚུལ་གྱི་བསུ་བ་བྱས་ཏེ་སྒོར་གཞས་ཀྱི་སྒོ་ཕྱེ་ (མཁའ་འགྲོའི་བྲོ་ར་ཞེས་པ་དེར་སྐྱེས་པས་ཞབས་བྲོ་རྒྱག་མི་ཆོག་སྟབས་བུ་མོས་ཕོ་ཆས་སྤྲོས་དགོས་པ་ཡིན་) དེས་དུས་དགོན་པའི་ཉེ་འགྲམ་དུ་ལྷ་ས་དང་། ལྷོ་ཁ་སོགས་ནས་ཡོང་བའི་ཚོང་པ་མང་པོས་དེ་གར་ཅ་ལག་ཉོ་ཚོང་འཁྲུག་པའི་ཚོང་འདུས་ཤིག་ཚུགས་སྲོལ་དང་། འཕན་པོའི་སྟོད་སྨད་ནས་ཡོང་བའི་ཡུལ་མི་ཕོ་མོ་ཚོས་སྒོར་གཞས་རྒྱག་གི་ཡོད། སྐབས་དེའི་འདུ་ལོང་གི་རྣམ་པར་གཞས་ཚིག་ཏུ་ཡང་། ཤ་ར་དགོན་པས་གཡས་བྱས། །བདེ་སྐྱིད་གླིང་གའི་གཡོན་བྱས། །གཞོན་གཞོན་ཁྲུང་དམག་རྒྱག་ས། །སྐྱིད་པའི་མཁའ་འགྲོའི་རྡོ་ར། །ཞེས་སོགས་གཏོང་སྲོལ་ཡོད།

འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།