བཅུ་གཉིས་པ། འཕན་པོའི་རྫོང་ཁག་ཆེན་པོ་དྲུག་ངོ་སྤྲོད།

བཅུ་གཉིས་པ།  འཕན་པོའི་རྫོང་ཁག་ཆེན་པོ་དྲུག་ངོ་སྤྲོད།

བདུན་པ། རྫོང་ཁག་ཆེན་པོ་དྲུག་ངོ་སྤྲོད།

  1. ལྷུན་གྲུབ་རྫོང་།
    དེ་སྔའི་ལྷུན་གྲུབ་རྫོང་གི་ཁྱབ་ཁོངས་ནི་བྱང་ཆག་ལའི་ལ་རྩེ་ནས། ལྷོ་གཡའ་རོང་ལུང་གཤམ་བར་དང་། ཤར་ཡུང་བ་ལུང་གཤམ་ནས། ནུབ་ལྷུན་སྡིངས་བར་ཡིན་འདུག སྒྲིག་གཞིའི་ཐད་རྫོང་དཔོན་དང་། དེའི་འོག་ལས་དྲུང་གཅིག གཙོ་དྲག་གཞུང་རྒྱུག་སེ་བ་སྒང་དང་། སྟག་ལུང་ཆོས་གཞིས་སྤྱི་ཆེན་དཔོན། ལེན་པོ་བར་གཞི་ཆུ་འཁོར། ཚེ་སྨོན་གླིང་དབུ་མ་གཞིས། གཞུང་རྒྱུག་ལྕང་སྲུང་པ་བཅས་ལྔ། བརྒྱ་ཚོ་རྒན་པོ། དམངས་གཙོའི་བཅོས་བསྒྱུར་ཟེར་བའི་སྐབས་ཀླུ་སྡིངས་པ་ངག་དབང་དངོས་གྲུབ། བཅས་ཡོད་པ་ནས་རྒྱུན་གཏན་ལས་དོན་ནི་རྩེ་ཤོད་བཀའ་ཤག་སོགས་བཀོད་རྒྱ་གཞིར་བཟུང་ལས་དོན་སྒྲུབ་རྒྱུ་དང་། རང་ཁོངས་གཞུང་སྒེར་ཆོས་གསུམ་གྱི་ཁོངས་ནས་ཁྲལ་རིགས་སྒྲུབ་རྒྱུག་གི་ཆ་བགོས་བྱ་རྒྱུ་སོགས་ཡིན། བརྒྱ་ཚོ་རྒན་པོའི་ལས་འགན་གཙོ་བོ་ནི་སྐད་གཏོང་བརྡ་རྒྱག་བྱེད་དགོས་པ་དང་། ཞོལ་པ་རྐང་བཅུ་གཉིས་ཞེས་ཐེམ་དུད་བཅུ་གཉིས་ཡོངས་ནས་རྫོང་གཡོག་རྩག་རྩིག་རྣམས་རྒྱུག་རེས་སྐུལ་རྒྱུ་སོགས་ཡིན། ཁྲལ་རིགས་ཐད་རྒྱ་ཤིང་རྔོད་གསུམ་དང་། ལམ་ཐོག་ས་ཚིགས་དཔོན་རིགས་དང་། དམག་དཔུང་། གཞུང་ཡིག་སྐྱེལ་མཁན་སོགས་གཞུང་དོན་དུ་འགྲོ་བསྐྱོད་ལ་སྡོད་གནས་དང་། རྟ་ཁལ་གཏོང་རྒྱུ་སོགས། འདམ་རྩྭ་བརྔ་བསྡུ་ལྷ་སའི་འདམ་ར་ནས་འདམ་རྩྭ་བརྔས་ཏེ་ཆིབས་ར་མདོ་སྦུག་ཏུ་བསྐྱེལ་རྒྱུ། སྐུ་སྒེར་ཆུ་ཆག་དང་། བྱང་ཐང་ཆུ་ཆག སྔོན་མ་ཡིག་སྐྱེལ་སྦྲག་པ་རྟ་བཞོན་ནས་འགྲོ་སྐབས་རྟ་ལ་སྟེར་རྒྱུའི་ཆུ་ལྡུར་དང་། ཆག་ཅེས་ཁྲལ་རྐང་ལ་ནས་སྲན་མ་ཁལ་ལྔ་རེ་ཙམ་འཁྲི་བ། ཕོ་བྲང་ཡས་མས་ཀྱི་ཐུག་རལ་ཕོ་བྲང་པོ་ཏཱ་ལའི་མདུན་ངོས་ཀྱི་ཐུག་རལ་བཟོ་བྱེད་དེ་ལྷུན་གྲུབ་ལ་འཁྲི་ཚུལ་དོད་འོས་འཚམས་ཤིིག་ཞབས་པད་དབུ་རེས་ (བཀའ་བློན་རེ་སྐོར་) སུ་འབུལ་དགོས་པ་དེ་རྩེ་རྣམ་གན་བཀར་འཇུག་ཏུ་བསྡུ་སྲོལ་ཡོད་སྐད། ཁྲལ་ཆག་ཐད་བོགས་དུད་ཅེས་བོགས་མ་ཕུལ་ནས་ཁྲལ་ཆག་བྱུང་བའི་དུད་ཚང་ཆེ་བས་འབྲུ་ཁལ་ལྔ་བཅུ་དྲུག་ཅུ་སྐོར་དང་། ཆུང་བར་བྲེ་ཁ་ཤས་ཡོད་དེ་གཞུང་རྒྱུག་ཁེ་གཙང་ལ་འཁྲི་ཞིང་། བོགས་འབུལ་ཐེམ་དུད་ལ་ཁྲལ་གཞན་འཁྲི་སྲོལ་མེད། མེ་ཤོར་སོགས་སྐྱོན་ཆ་ཐོན་རིགས་ལ་དུང་དཀར་གྱི་སྒྲ་ཐོས་སར་དུང་བརྡ་དང་། མ་ཐོས་སར་སྐད་གཏོང་བརྡ་རྒྱག་བྱེད་སྲོལ། རྫོང་ཁོངས་སུ་རྐུ་རྒྱག་སོགས་ཀྱི་གནས་ཚུལ་བྱུང་ཚེ་རྫོང་དེ་རང་ནས་ཐག་གཅོད་བྱེད་ཀྱི་ཡོད།

2) ཕོད་མདོ་རྫོང་དང་དེའི་གོ་དོན།

རྫོང་གཞིས་དེའེི་ཁྱབ་ཁོངས་སོགས། ཕོད་མདོ་གྲོང་ཚོར་”ཕུ་མདོ་”ཡང་བརྗོད་པ་དེའི་གོ་དོན་ནི་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཁུལ་དེའི་དབང་བསྒྱུར་པ་ཞང་ཕྲང་ཁ་བེར་ཆུང་ཞེས་པ་དེས་འབྲོམ་སྟོན་གྱིས་ལུང་བསྟན་པ་ལྟར་ཀླུང་ཤོད་ལུང་པའི་ཕུ་དང་། ཞང་ལུང་པ། དབུ་རུ་ལུང་པ། སྤགས་ཕུ་ལུང་པ་བཅས་ཀྱི་མདོར་མཁར་རྫོང་བསྐྲུན་ནས་གནས་སྟབས་ཕུ་མདོ་འམ། ཡུལ་དེའི་མི་རྣམས་བྱ་བ་ཐམས་ཅད་བྱེད་ཕོད་པས་ན་ཕོད་མདོ་ཞེས་བརྗོད་སྐད་དང་། ཡང་རི་བོ་ཕོད་གཡམ་གངས་ཆེན་གྱི་མདོ་རུ་ཆགས་པས་ཕོད་མདོ་བརྗོད་སྐད། ཁྱབ་ཁོངས་ནི་ཤར་ནག་ཆུའི་ས་མཚམས་ར་རིས་འཕྲེང་ (ད་ལྟ་འདམ་གཞུང་རྫོང་ཁོངས་) ནུབ་འདམ་ཀླུ་མོ་སྒང་ (ད་ལྟ་འདམ་གཞུང་རྫོང་ཁོངས་) དང་། དབུ་རུ་ལུང་གི་ལྷ་ཆུ་གྱེན་འདེད་ཀྱི་ཉ་འབྲོམ་ཆུ་མགོ་འོ་མ་ཅན་བར། ལྷོ་ངར་མདོ་ཀུན་དགའ་ར་བ་བརྒྱུད་ཐ་རྒྱས།  (དེང་སང་མལ་གྲོ་གུང་དཀར་ཁོངས་) དང་། ཆག་ལའི་ལ་རྩེའི་བྱང་རྒྱུད་ནས། བྱང་ཅོག་ཙེ་ལའི་ལ་རྩེ་བར་ཡིན། སྒྲིག་གཞིའི་ཐད་རྫོང་གཞིས་སྡོད་འོག་ལས་དྲུང་ (སྒོ་པ་ནང་པའི་ཚེ་རྡོར་དང་། གཙོ་དྲག་གི་གྲས་སུ་སྟག་ལུང་གཉེར་པ་དང་། རྭ་སྒྲེང་བླ་བྲང་གི་ཞབས་གྲས་གཅིག འབྲས་བདེ་ཡངས་སྦར་ཚག་གཞིས་གཉེར། སེར་སྔགས་སྙུག་རྫོང་གཞིས་སྡོད། འབྲས་སྤུངས་བློ་གསལ་གླིང་དཔལ་འབར་གཞིས་སྡོད། ལོ་བླ་བྲང་གི་གཞིས་སྡོད། འབྲི་གུང་བླ་བྲང་གི་ལྗང་གྲོང་གཞིས་སྡོད་བཅས་གཙོ་དྲག་བདུན་དང་། བརྒྱ་ཚོ་རྒན་པོ།  (དུས་འགྱུར་སྐབས་གཞུང་རྒྱུག་པད་གླིང་ཚང་གི་དགེ་བསྙེན།) བཅས་ཡོད། བརྒྱ་ཚོ་རྒན་པོའི་ལས་འགན་ནི་རྣམ་ཀུན་ཁྲལ་འུལ་གང་ཅི་སྐད་གཏོང་བརྡ་རྒྱག་གི་འགན་འཁུར་བྱེད་དགོས་པ་ཡིན། དེ་མིན་རྭ་སྒྲེང་བླ་བྲང་དང་། འབྲི་གུང་བླ་བྲང་། སེར་སྔགས་སྙུག་རྫོང་གཞིས་སྡོད་བཅས་ཆོས་གཞིས་ཁག་གསུམ་པོ་ནས་ལོ་རེ་སྐོར་གྱིས་བརྒྱ་ཚོ་རྒན་པོ་གཅིག་འཛུགས་དགོས་པ་དེས་གཞུང་རྒྱུག་བརྒྱ་ཚོ་རྒན་པོ་དང་མཉམ་དུ་ལས་འགན་འཁུར་དགོས་པ་དང་། གཞུང་རྒྱུག་བརྒྱ་ཚོ་རྒན་པོར་ལོ་ཚད་མེད་པར་གཞུང་རྒྱུག་ཁྲལ་པ་སྤྱི་ནས་བསྐོ་འཐེན་བྱེད་པ། སྤྱི་རྫས་བདག་གཉེར་བྱེད་དགོས་ལ་སྤྱི་མི་ཞེས་མི་གཅིག་ཡོད་པ་དེས་བརྒྱ་ཚོ་རྒན་པོར་རམ་འདེགས་བྱེད་དགོས། དུས་འགྱུར་སྐབས་སྤྱི་མི་གྲོང་སྐྱིད་ཚང་གི་ཚེ་བརྟན་གཡུལ་རྒྱལ་ཚེས་པ་དེ་ཡིན་འདུག། ཁྲལ་རིགས་ཐད་ནག་ཆུ་རྒྱུད་ནས་ཚོང་པ་ཡོང་སྐབས་རྒྱ་གར་དུ་འགྲོ་མཁན་རྣམས་ཕོད་མདོར་གན་རྒྱ་བཞག་ནས་ཐོངས་འཛིན་དོད་ཞོ་གསུམ་དང་། བལ་དང་རྔ་མ་བཏང་ཆོག་པའི་ཤོ་ཁྲལ་འཛིན་དོད་དངུལ་སྲང་ལྔ་བཅུ་ཐམ་པ་རེ་བསྡུས་ཏེ་རྫོང་ནས་གཞུང་རྩིས་ཞུ་དགོས། ཕོད་མདོ་གཙང་པོར་ཀོ་གྲུ་གཏོང་མཁན་ཀོ་པ་འཛུགས་དགོས་པ་དེའི་ཀོ་གླའི་ཕྱེད་འབབ་རྫོང་དང་། ཕྱེད་འབབ་མི་སེར་ལ་འབབ་ཀྱི་ཡོད། ཀོ་པ་འཛུགས་སྟངས་ནི་དེ་ཁུལ་གྱི་མི་སེར་འཁྱེར་ཞན་མིན་པ་གཉིས་ལ་ཀོ་བ་བྱེད་དུ་ཅུག་ཐོག་ལམ་སྟེང་འགྲུལ་སྲུང་མིི་རེ་འཛུགས་སྲོལ། རྫོང་སྐྱོང་ས་ཞིང་གི་གཡོག་བྱེད་དང་། རྟ་ཐབ་ལག་གཡོག་སོགས་རྒྱུག་མཁན་མི་དྲུག་ཙམ་ལ་ཁྲལ་རྟེན་ས་ཞིང་ཕྲན་བུ་ཡོད། གཞུང་རྒྱུག་ཁྲལ་པ་རྣམས་ཁྲལ་གྱི་རྐང་ལེན་ཡིན་སྟབས་ཕྱི་ཁྲལ་འཁྲི་ཆ་ཆེ་བ་ཡོད། འོན་ཀྱང་ཕོད་མདོ་རྫོང་འོག་ཏུ་རྫོང་གཞིས་གཞན་ལྟར་གྱི་རྒྱ་ཤིང་རྔོད་གསུམ་གྱི་འཁྲི་ཆ་རྒྱུག་མི་དགོས་པའི་བཀའ་གཏན་ཁག་གསུམ་ཙམ་ཡོད་སྐད། རྒྱུན་གཏན་རྟ་ཁལ་མི་གསུམ་གྱི་ཁྲལ་འུལ་རྒྱུག་ཕྱོགས་ནི་རྫོང་སྐྱེལ་ཡིན་ན་བྱང་དུ་ནག་ཆུ་དང་། ལྷོར་ལྷུན་གྲུབ་བར་སྐྱེལ་རྒྱུ། ས་ཚིགས་ཡིན་ན་བྱང་དུ་སང་གཞུང་དང་། ལྷོར་ལྷུན་གྲུབ། ནུབ་བྱང་དུ་སྦས་ཚང་ (འདམ་གཞུང་རྫོང་ཁོངས།) ཤར་ལྷོར་ཐ་རྒྱས།  (མལ་གྲོ་གུང་དཀར་ཁོངས་) བར་བཅས་སུ་སྐྱེལ་དགོས། གཞན་ཡང་རྩེ་ཤོད་བཀོད་རྒྱ་སོགས་གཞུང་ཡིག་རྣམས་ཕོད་མདོ་ནས་བྱང་དུ་ལ་གཉིས་རྟ་ཟམ་སེམས་དཔའི་སྒང་བར་དང་། ལྷོར་ལྷུན་གྲུབ་ས་ཚིགས་བར་སྐྱེལ་རྒྱུ། རྟ་ཟམ་ (ཡིག་སྐྱེལ།) མི་གསུམ་ཡོད། དེ་ནི་འབྲི་གུང་བླ་བྲང་དང་། ཕོད་མདོ་གཞུང་རྒྱུག སྙུག་རུམ་གཞིས་སྡོད་བཅས་ནས་མི་རྟ་ཆ་ཚང་རེ་འཛུགས་དགོས་པ་དེ་རྣམས་ཀྱིས་བཀོད་རྒྱ་སོགས་གཞུང་ཡིག་སྐྱེལ་ལེན་བྱ་རྒྱུར་འཁོར་རེས་སྒུག་སྡོད་བྱ་རྒྱུའི་ཐོག་དུས་རྒྱུན་རྫོང་གི་རྟ་རའི་ནང་ལས་ཤག་ཡོད་པར་བསྡད་དེ་རྟ་གཡོག་སོགས་རྒྱུག་དགོས་ལ་ལུས་ཐོག་ཉེས་ཆད་གཅོད་དགོས་བྱུང་ན་མི་གསུམ་པོ་དེས་རྟ་ལྕག་གཞུ་མཁན་བྱེད་དགོས། ཁྲལ་འཕར་ནི་དཔོན་རིགས་དང་། དམག་སྒར་ཁག་སོགས་གཞུང་དོན་དུ་འགྲོ་འོང་སྐབས་རྟ་འུལ་བརྒྱ་ལོན་པ་དང། ཁལ་མ་ལྔ་བརྒྱ་ལོན་ན་འཕན་སྟག་རྫོང་འགོ་དྲུག་མཉམ་དུ་འཐུ་དགོས་པ་ཡིན། གཞན་ཡང་ཞོལ་པ་ལས་ཁུངས་སུ་སོལ་རྒྱག་ (སོལ་བའི་ཁྲལ།) ཅེས་ཞོལ་པ་ལས་ཁུངས་ཀྱི་ནང་གཟན་གཅིག་ནས་ཁྲལ་བསྡུས་པ་རྣམས་ལྷུན་གྲུབ་བར་སྐྱེལ་དགོས། དམག་ཁྲལ་ནི་ཁ་དང་གྲ་བཞི་དམག་མི་གཉིས་དང་། བཅུ་གཉིས་དྲུག་སྣའི་དམག་མི་གཉིས་འཁྲི་སྲོལ། ལོ་ལྟར་ལོ་གསར་སྐབས་གཞུང་རྒྱུག་ཁྲལ་པ་ཐེམ་དུད་རེ་ནས་མི་རེ་རྫོང་དཔོན་ལ་ལོ་མཇལ་ཁ་བཏགས་འབུལ་བར་འགྲོ་དགོས་པར་རྫོང་ནས་མི་ཚང་མར་ལྟོ་དུད་གསུམ་དང་། ཇ་ཆང་། ཁ་ཟས། བཅས་སྟོན་མོ་ཉིན་གསུམ་གཏོང་སྲོལ་བཅས།

3) ཟ་ལྷ་རྫོང་དང་དེའི་གོ་དོན། ཁྱབ་ཁོངས་བཅས།

ཟ་ལྷ་ཞེས་པ་ནི་ཟ་དམ་དང་། ལྷ་ཁང་གཉིས་ཀྱི་བསྡུས་མིང་ཡིན་ཞིང་ཟ་དམ་ཞེས་པ་ཟ་དང་། དམ་པ་ཟེར་བའི་ཡུལ་མིང་གཉིས་བསྡུས་ནས་འབོད་པ་དང་། ལོ་རྒྱུས་རེ་འགར་”འཕན་ཡུལ་ཟས་མོ་སྒང་”ཡང་ཟེར། ལྷ་ཁང་ནི་རྒྱལ་ལུག་ལྷས་ལྷ་ཁང་གི་མཐའ་སྐོར་དུ་ཆགས་པའི་གྲོང་ཚོའི་མིང་ཡིན། ཁྱབ་ཁོངས་ཐད་ཤར་ཁུ་རའི་རིའི་སྣེ་ཟུར་གྲོང་ཚོ་ནས་ཐད་དྲངས་བྱང་ཁ་གཞིས་ཀྱི་མདུན་སྐེ་བརྟན་རི་ཆུང་མན་དང་། ནུབ་ཁ་རག་ (དེང་སང་སྟོད་ལུང་བདེ་ཆེན་རྫོང་ཁོངས་) བར། ལྷོ་སྐམ་ལའི་ལ་རྩེའི་བྱང་ངོས་ཀྱི་རི་རྒྱུད་ནས་བྱང་རྒྱལ་པོ་བླ་རིའི་རྒྱབ་ཀྱི་རི་རྒྱུད་བར་ཡིན། སྒྲིག་གཞི། རྫོང་གཞིས་སྡོད་དང། དེ་འོག་གཙོ་དྲག་མི་བཞི་ཡོད་པ་ནས་གཅིག་གིས་བརྒྱ་མཚོ་རྒན་པོའི་འགན་འཁུར་བྱེད་ཅིང་། དུས་འགྱུར་སྐབས་གྲུབ་བརྒྱའི་ཤར་ཕྱོགས་ (ཁྱིམ་ཚང་གི་མིང་།) པཱ་ལགས་ཀྱིས་བརྒྱ་ཚོ་རྒན་པོ་བྱེད་བཞིན་པ་དང་། སྦ་ཤོད་རྒུ་ཤར་ཟླ་བས་ལས་དྲུང་བྱེད་བཞིན་ཡོད། ཁྲལ་རིགས་ཐད། འཕན་སྟག་རྫོང་འགོ་དྲུག་སྦྲེལ་གྱི་ཁྲལ་རིགས་སྒྲུབ་ཆག་རྫོང་འགོ་གཞན་དང་སྤྱི་མཚུངས། དེ་མིན་ནང་ཁྲལ་གཞིས་གཡོག་སོགས་རྒྱུག་དགོས།

 

4) མཁར་རྩེ་རྫོང་དང་དེའི་གོ་དོན། ཁྱབ་ཁོངས་སོོགས།

མཁར་རྩེ་བྱ་བའི་མིང་ནི། མཁར་རྩེ་དང་། དཔལ་ལྡན་རྩེ། ཆོས་འཁོར་རྩེ་བཅས་རི་ཆུང་གསུམ་ཡོད་པ་ལས་མཁར་རྩེ་རི་བོའི་སྟེང་རྫོང་མཁར་ཆགས་པས་རི་མིང་རྫོང་ལ་ཐོགས་པ་ཡིན། ཁྱབ་ཁོངས་ཤར་སྒེར་བསོད་ནམས་སྒང་པའི་གཞིས་ནས་ནུབ་ཟ་ལྷ་གཞིས་འོག་བར་དང་། བྱང་ཆུ་ཁ་བྱང་གྲོང་ཚོ་ནས་ལྷོ་སྒོ་མོ་ནང་བར་ཡིན། སྒྲིག་གཞི། རྫོང་ (གཞིས།) སྡོད་ཀུན་བདེ་གླིང་གི་ཞབས་སྡོད་པ་མི་གཅིག་གི་འོག་སྐད་གཏོང་བརྡ་རྒྱག་པ་རྒྱལ་པོ་ནང་པ་ (ཁྱིམ་ཚང་ཞིག) མི་རྒྱུད་གཏན་འཇགས་དང་། ཐུག་འདེད་ཅེས་ཁྱིམ་ཚང་བཞི་པོས་ཉིན་མཚན་གང་དུ་སྐད་གཏོང་བརྡ་རྒྱག་བྱ་དགོས་བྱུང་ཚེ་ལམ་སེང་འགྲོ་དགོས་པར་ཁྱིམ་ཚང་བཞི་པོ་དེར་ཁྲལ་རྟེན་ས་ཞིང་སོན་ཁལ་བཅོ་ལྔ་རེའི་ས་ཡོད་འདུག ཁྲིམས་གཏུགས་ཀྱི་གྱོད་གཞི་ཆེ་ཆུང་ཚང་མ་རང་ཁོངས་ནས་ཐག་གཅོད་བྱེད་པ་དང་། འཕན་སྟག་རྫོང་འགོ་དྲུག་སྦྲེལ་གྱི་ཁྲལ་རིགས་ཐེ་རྒྱུ་ཕུད། དེ་མིན་ནང་ཁྲལ་ཀུན་བདེ་གླིང་གི་གཞིས་ཀའི་འུ་ལག་དང་། དོས་སྐྱེལ་མ་གཏོགས་ཕྱིའི་གཞུང་ཁྲལ་རྒྱུག་དགོས་ཀྱི་མེད།

5) གླང་ཐང་རྫོང་དང་དེའི་གོ་དོན། ཁྱབ་ཁོང་བཅས།

གླང་ཐང་ལ། གླང་རི་ཐང་ཞེས་ཡིག་རྙིང་དུ་གསལ་ཞིང་། འཕན་ཡུལ་གྱི་རྫོང་གཞིས་ལྔའི་ནང་ནས་ཁྱབ་ཁོངས་ཆུང་ཤོས་ཡིན། ཁྱབ་ཁོངས་ནི། ལྷོ་སྒོ་ལའི་རི་རྒྱུད་ཀྱི་བྱང་ངོས་དང་། ཤར་མཁར་རྩེའི་ས་ཁོངས། ནུབ་བྱང་གཉིས་ཟ་ལྷའི་ཁོངས་དང་འབྲེལ་ཡོད། སྒྲིག་གཞི། རྫོང་ (གཞིས།) སྡོད་འོག་ལས་དྲུང་དང་། རྒན་པོ་སོགས་ཡོད་པའི་ཞིབ་ཕྲའི་སྒྲིག་གཞི་དང་། ཁྲལ་རིགས་སྐོར་འདྲི་ཡུལ་མ་རྙེད་ཀྱང་། ཁྲལ་རིགས་ཐད་འཕན་པོ་སྒོ་ལ་བརྒྱུད་ནས་འགྲོ་མཁན་ལ་ས་ཚིགས་རྟ་ཁལ་དོས་སྐྱེལ་སོགས་འཕན་སྟག་རྫོང་འགོ་དྲུག་སྦྲེལ་གྱི་ཐེ་ཆ་སྤྱི་འགྲེ་ཡིན།


འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།