ལོ་ཙཱ་བའི་དབྱེ་བ་དང་། སོ་སོའི་མཛད་འགན། (8)

ལོ་ཙཱ་བའི་དབྱེ་བ་དང་། སོ་སོའི་མཛད་འགན། (8)

ཉ༽ ལོ་ཙཱ་བའི་དབྱེ་བ་དང་། སོ་སོའི་མཛད་འགན།

 

ལོ་ཙཱ་བ་ལ་དབྱེ་ན། ཞུས་ཆེན་གྱི་ལོ་ཙཱ་བ་དང་། བར་ཞུས་ཀྱི་ལོ་ཙཱ་བ། མཆན་བུའི་ལོ་ཙཱ་བ་སྟེ་ལོ་ཆུང་དང་གསུམ་ཡོད་ཅིང་། དུང་དཀར་ཚིག་མཛོད་ཆེན་མོ་[1]ལས། ལོ་ཙཱ་བ་ཆེན་པོ་དང་། མཆན་བུའི་ལོ་ཙཱ་བ་སྟེ་ལོ་ཆུང་གཉིས་ཡོད། ལོ་ཙཱ་བ་ཆེན་པོ་ནི་མི་རིགས་གཞན་གྱི་སྐད་ཡིག་ནས་རང་མི་རིགས་ཀྱི་སྐད་ཡིག་ཐོག་བསྒྱུར་ཐུབ་པ་མ་ཟད། གཞན་གྱིས་བསྒྱུར་བའི་ཡི་གེར་འགྱུར་བཅོས་དང་ཞུས་དག་མཛད་ཐུབ་པ་ཞིག་ཡིན། ཞེས་གསུངས། བོད་ཀྱི་ལོ་པཎ་གྱི་ཐོག་མ་ནི་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཡིན་ཅིང་། དེ་ནས་དུས་རབས་བརྒྱད་པའི་འགོར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་དབང་བཟུང་རིང་བསམ་ཡས་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་རྗེས་གླིང་བཅུ་གཉིས་ཀྱི་ནང་ཚན་སྒྲ་བསྒྱུར་རྒྱ་གར་གླིང་དུ་ཡིག་བསྒྱུར་ཁང་གསར་འཛུགས་གནང་ཐོག ཤེས་རིག་གསལ་ཞིང་སྨྲ་བརྗོད་བདེ་བའི་བོད་ཕྲུག་ ༡༠༨ བསྡུས་ནས་ལོ་ཙཱ་བ་གསོ་སྐྱོང་གནང་སྟེ། དེ་ནས་ཐོན་པ་རྣམས་ལ་མཁྱེན་ཡོན་གྱི་གནས་ཚད་རིམ་པ་གསུམ་དུ་ཕྱེ་ནས་བསྒྱུར་ཞུས་ཀྱི་ལས་བགོས་མཛད་པ་སྟེ། ༡༽ ཞུས་ཆེན་གྱི་ལོ་ཙཱ་བ། ༢༽ བར་ཞུས་ཀྱི་ལོ་ཙཱ་བ། ༣༽ མཆན་བུའི་ལོ་ཙཱ་བ་བཅས་ཡིན།

དང་པོ། ཞུས་ཆེན་གྱི་ལོ་ཙཱ་བ་ནི། ལོ་ཙཱ་བ་གཞན་དག་གིས་ཡིག་བསྒྱུར་བྱས་ཟིན་པའི་མ་ཡིག་ལ་ཚིག་དང་དོན་གཉིས་ཀའི་ཐད་ནས་ཞུས་དག་མཐའ་མ་དེ་གནང་ནས་འགྲེམས་སྤེལ་བྱེད་ཆོག་པའི་གཏན་འབེབས་མཛད་མཁན་ཡིན། ཁྲི་སྲོང་སྐབས་ལོ་ཙཱ་བ་ ༡༠༨ གསོ་སྐྱོང་གནང་བའི་ནང་ནས་ཞུས་ཆེན་གྱི་ལོ་ཙཱ་བའི་མཚན་གནས་ཡོད་པ། ༡ ལྕེ་ཛྙ་ན་སི་དྷི་དང་། ༢ བྲང་ཏི་ཛ་ཡ་རཀྵི་ཏ། ༣ པ་གོར་བཻ་རོ་ཙ་ཎ། ༤ གཉགས་ཛྙ་ན་ཀུ་མ་ར། ༥ འཁོན་ཀླུའི་དབང་པོ། ༦ རྨ་རིན་ཆེན་མཆོག ༧ ཁ་ཆེ་ཨ་ནནྟ། ༨ སྐ་བ་དཔལ་བརྩེགས། ༩ ཅོག་རོ་ཀླུའི་རྒྱལ་མཚན། ༡༠ ཞང་ཡེ་ཤེས་སྡེ། ༡༡ དབས་འཇམ་དཔལ་གོ་ཆ། ༡༢ རཏྣ་ཨིནྡྲ་ཤཱི་ལ། ༡༣ སྣ་ནམ་རྡོ་བདུད་འཇོམས། ༡༤ ངན་ལམ་རྒྱལ་བ་མཆོག་དབྱངས། ༡༥ ཉང་ཏིང་འཛིན་བཟང་པོའི་བར་ཞུས་ཆེན་འཕེར་བའི་ལོ་ཙཱ་བ་ ༡༥ བྱུང་བ་ཉང་ཆོས་འབྱུང་དང་། ཀློང་ཆེན་ཆོས་འབྱུང་། བཀའ་འགྱུར་དཀར་ཆག བསྟན་འགྱུར་དཀར་ཆག་བཅས་སུ་གསལ་ལོ།།

གཉིས་པ། བར་ཞུས་ཀྱི་ལོ་ཙཱ་བ་ནི། ལོ་ཙཱ་བ་གཞན་དག་གིས་ཐེངས་དང་པོར་བསྒྱུར་ཟིན་པའི་མ་ཡིག་ཁག་ལ་ཞུས་དག་ཐེངས་གཉིས་པ་གཏོང་མཁན་ཡིན།

གསུམ་པ། མཆན་བུའི་ལོ་ཙཱ་བ་ནི། གོང་རིམ་ལོ་ཙཱ་བའི་འགོ་ཁྲིད་ནས་ལས་བགོས་གནང་བའི་མ་ཡིག་ནས་བོད་སྐད་ཐོག་ཐེངས་པོར་སྒྱུར་མཁན་གྱི་ལོ་ཙཱ་བ་ཡིན་ཅིང་། མཚན་གཞན་ལ་ལོ་ཆུང་ཡང་ཟེར། དཔེར་ན། ལོ་ཆུང་གྲགས་འབྱོར་ཤེས་རབ་བཞིན་ནོ། །ལོ་ཙཱ་བ་ལས[2]། སྤྱིར་ལོ་ཙཱ་བའི་ལས་དོན་ལ་ནང་གསེས་ཡིག་སྒྱུར་དང་། ངག་སྒྱུར་གཉིས་ཡོད་ཅིང་། ཡིག་སྒྱུར་གྱི་ནང་དུ་ད་དུང་དོན་སྒྱུར་དང་། ཐད་སྒྱུར་(ཐད་ལོག་སྒྱུར།) སྒྲ་སྒྱུར། གཟུགས་སྒྱུར་(གྲངས་སྒྱུར་) བཅས་བཞི་དབྱེ་འབྱེད་བྱེད་ཆོག་ཅེས་གསལ།

མདོར་ན། ལོ་ཙཱ་བའི་རིམ་པ་གསུམ་སོ་སོའི་ལས་ཀའི་གོ་རིམ་དང་། ལས་འགན་ནི། ཞུས་ཆེན་གྱི་ལོ་ཙཱ་བས་གཤམ་འོག་ལ་བསྒྱུར་བྱའི་གཞུང་གི་ལས་བགོས་གནང་བ་ལྟར་མཆན་བུ་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་རྗེས་བར་ཞུས་ལོ་ཙཱ་བ་ལ་ཕུལ། བར་ཞུས་ལོ་ཙཱ་བས་ལེགས་བཅོས་དང་ཞིབ་བཤེར་གྲུབ་རྗེས་ཞུས་ཆེན་གྱི་ལོ་ཙཱ་བ་ལ་ཕུལ་ནས་ཞུས་ཆེན་ཞེས་མཐའ་མའི་ཞུས་དག་གནང་ནས་གཏན་འཁེལ་མཛད་དགོས་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསལ་ལ། སྔར་བོད་ཀྱི་ལོ་པཎ་རྣམ་པས་བཀའ་བསྟན་གསུང་རབ་རི་བོའི་གཏོས་དང་མཉམ་པ་ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་སྐབས་འཕགས་བོད་ལོ་པཎ་རྣམ་གཉིས་སྟན་ཐོག་གཅིག་ཏུ་བཞུགས་ཏེ་གོ་བསྡུར་ཞིབ་ལྷུག་མཛད་པ་དང་། ཡིག་སྒྱུར་གྱི་ལམ་ལུགས་གཞིར་བཟུང་ལོ་ཙཱ་བ་ཆེ་འབྲིང་ཆུང་གསུམ་གྱིས་བསྒྱུར་ཞུས་དག་བཅོས་རིམ་པར་བརྒྱུད་ནས་ཡིག་སྒྱུར་གནང་ཞིང་། མཐར་ཡོངས་སུ་གྲུབ་རྗེས་ཞུས་ཆེན་གྱིས་ཞུ་དག་གནང་སྟེ་པར་སྐྲུན་གནང་ལམ་ཡོད་སྟབས། སྒྲ་སྒྱུར་གནང་བ་རྣམས་ནང་དོན་རིག་པའི་དོན་དང་མི་འགལ་ཞིང་། བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་ལ། གོ་བདེ་ལ་སྙན་ཆ་ལྡན་པ་མ་ཟད། ཆད་ལྷག་ནོར་གསུམ་གྱི་ཉེས་སྐྱོན་དང་བྲལ་བ་མིག་དཔེ་འོས་པ་འདི་ལྟར་བྱུང་བ་ཡིན།

[1] དུང་དཀར་ཚིག་མཛོད་ཆེན་མོ། དེབ་གཟུགས་ཤོག་གྲངས། ༡༩༧༣

[2] ལོ་ཙཱ་བ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཞོན་ནུ་རུ་ཁག ༢༠༡༥ ཤོག་གྲངས། ༦༩

བརྒྱུད་སྐུལ།

མཆན་སྤེལ།