ལོ་ཙཱའི་རྣམ་དཔྱོད་དང་། སྒྲ་བསྒྱུར་གྱི་ཁྱད་ཆོས། (9)

ལོ་ཙཱའི་རྣམ་དཔྱོད་དང་། སྒྲ་བསྒྱུར་གྱི་ཁྱད་ཆོས། (9)

ཏ༽ ལོ་ཙཱའི་རྣམ་དཔྱོད་དང་། སྒྲ་བསྒྱུར་གྱི་ཁྱད་ཆོས།

 

ལོ་ཙཱ་སློབ་གཉེར་བའི་ཆ་རྐྱེན་ལྔ་དང་། བརྟག་ཐབས་རྣམ་པ་ལྔའི་ཚད་གཞི་ཚང་བའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་རྣམས་བརྗོད་བྱའི་དོན་གྱི་གོ་རིམ་མ་ནོར་ཞིང་། ཆ་ལག་ཚང་བ་དང་། རྗོད་བྱེད་ཀྱི་ཚིག་གསལ་ཞིང་གོ་བརྡ་འཕྲོད་པའི་ནུས་པ་ཆེ་བ་མ་ཟད། བསྒྱུར་ཡིག་འགའ་ཞིག་ནི་བོད་མི་རང་གིས་རྩོམ་འབྲི་བྱས་པ་ལྟ་བུའི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་སྟབས། གནའ་རབས་རྒྱ་གར་གྱི་རིག་གནས་དང་། ནང་དོན་རིག་པའི་གསུང་རབ་གླེགས་བམ་མང་པོའི་མ་དཔེ་རྣམས་གཏོར་བཤིག་ཐེངས་གསུམ་བྱུང་བའི་རྐྱེན་གྱིས་མཐོང་རྒྱུ་མེད་པར་གྱུར་ཀྱང་། དེང་སྐབས་བོད་ཡིག་གི་ནང་ཡོད་པའི་བཀའ་བསྟན་རྣམས་བོད་ཡིག་ནས་ལེགས་སྦྱར་དང་པཱ་ལིའི་ཡི་གེར་ཕར་བསྒྱུར་བའི་ཐོག་ལ་རྒྱ་གར་ཡི་གེའི་མ་དཔེ་ངོ་མ་དང་ཁྱད་མེད་པའི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་གཅིག་གྱུར་གྱིས་ངོས་འཛིན་གནང་བཞིན་ཡོད་པ་མ་ཟད། རྒྱ་གར་སྐད་ཀྱི་དཔེ་ཆ་རྒྱ་ཡིག་དང་བོད་ཡིག་གཉིས་ཀར་ཡོད་པ་མང་པོ་ཞིག་རྒྱ་ཡིག་ཐོག་ནས་གོ་བ་ལོན་དཀའ་བ་རྣམས་བོད་ཡིག་ནང་གོ་བདེ་བ་དང་། བརྗོད་དོན་ཆ་ཚང་བ་ཡོད་པ་ཡང་རྒྱ་བོད་གཉིས་ཀའི་སྐད་ཡིག་ལ་མཁས་པའི་མཁས་དབང་མང་པོས་གསུངས་དང་གསུང་མུས་རེད།

ནང་པའི་ཆོས་དང་རིག་གནས་ལ་ཞིབ་འཇུག་གནང་མཁན་ཕྱི་རྒྱལ་གྱི་མཁས་པ་མང་པོས་བོད་ཡིག་དང་བོད་སྐད་སློབ་སྦྱོང་བྱེད་པའི་རྒྱུ་མཚན་གཙོ་བོ་ཡང་དེར་ཐུག་ཡོད། དེར་མ་ཟད་ནང་པའི་ཆོས་དང་རིག་གནས་ལྔ་ལ་སོགས་པའི་དཔེ་ཆ་མང་པོ་ཞིག་ཡོད་པའི་ནང་ནས་འགའ་ཞིག་རྒྱ་ཡིག་དང་། འགའ་ཞིག་རྒྱ་གར་སྐད་དུ་ཡོད་པ་རྣམས་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་ནས་ང་ཚོས་སོ་སོའི་མི་རིགས་རང་གི་སྐད་ཀྱི་ཐོག་ནས་ལྟ་ཀློག་བྱས་ཏེ་གོ་དོན་རྟོགས་ཐུབ་པ་བྱུང་བ་ཡང་ལོ་ཙཱ་བ་ཁོང་རྣམས་ཀྱི་བོད་ཀྱི་སྐད་ཡིག་གི་ཡིག་སྒྱུར་ཐད་ལ་སྟབས་བདེའི་སླ་བཅོས་དང་འོལ་ཚོད་ཙམ་མ་ཡིན་པའི་མི་རིགས་གཞན་དག་གི་སྐད་ཡིག་གཉིས་ཀའི་ཚིག་དོན་ཆ་ཚང་བར་མཁྱེན་རྟོགས་གནང་རྗེས་བསྒྱུར་བ་ཞིག་ཡིན་པའི་རྟགས་མཚན་གསལ་པོ་ཞིག་རེད། དཔེར་ན། སྔོན་བྱོན་རྒྱའི་ལོ་ཙཱ་བ་རྣམས་ཀྱིས། བུདྡྷཱ་དང་། དྷརྨ། སངྒ་སོགས་བརྗོད་དོན་ཕལ་མོ་ཆེ་སྒྲ་བསྒྱུར་གཙོ་བོར་མཛད་ཡོད་པ་དང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཐོག་མ་ནས་བུདྡྷཱ་ལ་སངས་རྒྱས་དང་། དྷརྨ་ལ་ཆོས། སངྒ་དགེ་འདུན་སོགས་དོན་བསྒྱུར་གཙོ་བཟུང་མཛད་དེ་བོད་མི་རང་ཉིད་ཀྱི་སྐད་ཡིག་གི་ཐོག་ནས་ནང་དོན་གོ་རྒྱུ་ཡོད་པ་ཞིག་བསྒྱུར་ཡོད།

ལྷག་པར་བོད་ཡིག་ཏུ་བསྒྱུར་བའི་བཀའ་བསྟན་རྣམས་ནི་སྤུས་ཚད་དང་། གྲངས་འབོར་གང་གི་ཆ་ནས་འགྲན་ཟླ་དང་བྲལ་བ་ཞིག་ཆགས་ཡོད་པར་བརྟེན་བོད་ཀྱི་ཡིག་སྒྱུར་དེ་ཡང་ཡུན་རིང་གི་ལོ་རྒྱུས་ལྡན་པ་དང་། སྒྲ་སྒྱུར་ལོ་པཎ་གླིང་དང་སྒྲ་སྒྱུར་རིགས་པའི་གཞུང་ལུགས་བྱུང་སྔ་ཞིང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བྱོན་མང་བ། བསྒྱུར་བྱའི་ནང་དོན་ཕུན་སུམ་ཚོགས་ཤིང་ཆ་ལག་ཚང་བ། བཀའ་བསྟན་དང་བཅུ་ཕྲག་རིག་གནས་གཞུང་གི་སྒྱུར་ཡིག་མང་བ། བསྒྱུར་ཆོས་ཀྱི་གྲངས་འབོར་ཆེ་བ། སྒྲ་བསྒྱུར་གྱི་ཆུ་ཚད་མཐོ་ལ་སྒྱུར་བའི་སྤུས་ལ་ལེགས་པ་བོད་ཀྱི་ས་ཁྱོན་དང་། དུས་ཡུན། མི་འབོར་སོགས་ཕྱོགས་གང་ས་ནས་གཤིབ་བསྡུར་གྱིས་དཔྱད་ཞིབ་བྱས་ཀྱང་ཐུན་མིན་གྱི་ཁྱད་ཆོས་དུ་མ་ལྡན་ཡོད་པས། བསྟན་པ་སྔ་དར་གྱི་སྐབས་སུ་བོད་ཀྱི་ཡིག་སྒྱུར་བྱ་གཞག་དར་སྤེལ་གྱི་རྩེ་མོར་སོན་ཞིང་། དོ་ཟླ་བྲལ་བའི་ལག་རྗེས་ངོམ་ཆོག་པ་ཞིག་བྱུང་བ་ནི། སྔོན་བྱོན་མེས་པོ་གོང་མ་རྣམས་ཀྱི་གཞན་དྲིང་མི་འཇོག་པའི་སྐུ་དྲིན་ཡིན་པ་གོར་མ་ཆག

འོ་ན་སྐབས་དེའི་ཡིག་སྒྱུར་བྱ་བར་ཁྱད་ཆོས་གང་དག་ལྡན་ཡོད་ཅེ་ན། སྲོང་བཙན་སྒམ་པོ་ནས་ཁྲི་རལ་བར་བཙན་པོ་རིམ་བྱོན་གྱིས་ཡིག་སྒྱུར་རྩ་བར་ཐུགས་སྣང་མཐོང་ཆེན་མཛད་པས། སྒྲ་སྒྱུར་གྱི་ལོ་ཙཱ་བ་གསོ་སྐྱོང་མཛད་པ་དང་། སྒྲ་སྒྱུར་ལོ་པཎ་གླིང་གསར་འཛུགས་མཛད་པ། ལོ་ཙཱ་བའི་འཚོ་བ་དང་འགྲོ་གྲོན་ཆ་ཚང་བླ་ནས་སྦྱར་བ། རབ་བྱུང་གི་སྡེའི་སྲོལ་བཟང་བཙུགས་པ་སོགས་མི་རྒྱུ་གང་ཐད་ནས་མཐུན་རྐྱེན་སྣ་ཚོགས་བསྐྲུན་ཡོད་པ་མ་ཟད། ཡིག་སྒྱུར་གྱི་བྱ་གཞག་དངོས་ལ་ནན་ཏན་དང་ཞིབ་ཚགས་ཀྱི་གོ་རིམ་ལྡན་པ། ལོ་ཙཱ་བ་མང་དུ་འཁྲུངས་ཤིང་བསྒྱུར་ཆོས་མཐའ་ཡས་པ་བཞུགས་པ། བསྒྱུར་ཚུལ་གྱི་ཆ་ནས་བསྒྱུར་གཞུང་གཅིག་ལོ་ཙཱ་བ་གཉིས་གསུམ་དུ་མས་མཉམ་འབྲེལ་གྱིས་བསྒྱུར་བ་མང་བ། སྒྱུར་ཕྱོགས་ཀྱི་ཆ་ནས་ལེགས་སྦྱར་རང་ནས་བསྒྱུར་བ་གཙོ་བོ་ཆེ་བ། བསྒྱུར་བྱ་ལ་བདམས་གསེས་ལྡན་པའི་སྒོ་ནས་བསྒྱུར་བ་སོགས་ཀྱི་ཁྱད་ཆོས་མང་དུ་ལྡན་ཡོད། གཞན་ཡང་བསྟན་པ་སྔ་དར་སྐབས་སོ་སོའི་ཡོན་ཚད་ལྟར་དུ་ལོ་ཙཱ་བ་ལ་ལོ་ཙཱ་བ་ཆེན་མོ་དང་། བར་ཞུས་ཀྱི་ལོ་ཙཱ་བ། མཆན་བུའི་ལོ་ཙཱ་བ། ཞུ་དག་པ་ལའང་ཞུ་ཆེན་དང་ཞུ་འབྲིང་ཞེས་རིམ་པ་བཀར་བས་ཡིག་སྒྱུར་བྱ་བར་དམིགས་ཡུལ་དང་འཆར་གཞི་ཡོད་པ། གོ་རིམ་དང་སྒྲིག་ལམ་ཡོད་པ། ཞུ་བྱ་ཁག་ལས་བགོས་ཞིབ་ཕྲ་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། དུང་དཀར་རིན་པོ་ཆེས[1]། ཁོང་རྣམས་ཀྱིས་བསྒྱུར་གནང་མཛད་པའི་ནང་དོན་རིག་པས་མཚོན་པའི་རིག་གནས་ཆེ་ཆུང་བཅུ་ཕྲག་གཅིག་ཡོད་པ་དེ་དག་བོད་མི་རིགས་ཀྱི་རིག་གནས་སློབ་གསོ་མི་རིགས་ཅན་དུ་བསྒྱུར་བའི་ཐད་ལ་དཀའ་སྤྱད་འབད་བརྩོན་གནང་བར་བརྟེན། དེང་སྐབས་འཛམ་གླིང་རིག་གནས་ཀྱི་གྲལ་བསྟར་ནང་བོད་རིག་པ་ཞེས་གཟི་བརྗིད་འོད་སྟོང་ལྡན་པའི་གྲས་སུ་གྱུར་ཏེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པ་དེ་ལྟ་བུའི་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད། ཅེས་གསུངས་པ་དོན་ལ་གནས་སོ།།

[1] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ ༢༠༠༤ ཤོག་གྲངས། ༣༠༢

བརྒྱུད་སྐུལ།

མཆན་སྤེལ།