ཐ༽ བསྒྱུར་བྱའི་སྐད་ཡིག་དང་། བརྗོད་བྱའི་ནང་དོན། (10)

ཐ༽ བསྒྱུར་བྱའི་སྐད་ཡིག་དང་། བརྗོད་བྱའི་ནང་དོན། (10)
ཐ༽ བསྒྱུར་བྱའི་སྐད་ཡིག་དང་། བརྗོད་བྱའི་ནང་དོན།
བཀའ་ཐང་སྡེ་ལྔ་ལས[1]། ལོ་ཙཱ་ཆེ་འབྲིང་ཆུང་དང་གསུམཿ མདོ་རྒྱུད་བསྟན་བཅོས་མང་བསྒྱུར་བཿ དར་གྱི་གབ་ཙེའི་ཁྲིར་བཞུགས་པཿ ལོ་ཙཱ་མཁས་པ་བརྒྱ་རྩ་བརྒྱདཿ སཾ་སྐྲྀ་ཏ་ལྷའི་སྐདཿ བཻ་ཤ་འདྲེའི་སྐདཿ ཨ་བ་བྷ་ཏི་གནོད་སྦྱིན་གྱི་སྐདཿ ནཱ་ག་ར་ཀླུའི་སྐདཿ འབའ་དུ་ལ་མིའི་སྐདཿ ཁ་དྷོ་ལ་སྲིན་པོའི་སྐདཿ ཨ་ཧ་ར་ཨུ་རྒྱན་གྱི་སྐདཿ བྷྱེ་ཀ་ར་མི་མ་ཡིན་གྱི་སྐདཿ པྲ་ཏི་ཤ་ཟའི་སྐདཿ ཀ་ལིང་ཀའི་སྐདཿ པ་ལི་ཏྲི་ཏའི་སྐདཿ ན་ག་སི་དྷིའི་སྐདཿ ཁང་བུ་གླིང་གི་སྐདཿ ཟངས་གླིང་གི་སྐདཿ ཀ་མཱ་ལ་རུ་པའི་སྐདཿ ཝཱ་རཱ་ཎ་སིའི་སྐདཿ མ་ག་དྷའི་སྐདཿ ནཱ་ལནྡའི་སྐདཿ བེ་ཏའི་སྐདཿ སིངྒ་ལའི་སྐདཿ མ་རུ་ཙེའི་སྐདཿ ཟ་ཧོར་གྱི་སྐདཿ ཤཾ་བྷ་ལའི་སྐདཿ ཁ་ཆེའི་སྐདཿ བྲུ་ཤའི་སྐདཿ རྒྱ་གར་གྱི་སྐདཿ རྒྱ་ནག་གི་སྐདཿ བལ་པོའི་སྐདཿ ལིའི་སྐདཿ སྲིན་པོའི་སྐདཿ དེ་ལ་སོགས་པ་སྐད་རིགས་ཐམས་ཅད་བོད་དུ་བསྒྱུར་ཤེས་པཿ ཞེས་གསུངས་པ་ལྟར་སྐད་རིགས་མི་འདྲ་བ་ ༣༠ དང་། ལོ་པཎ་མཁན་སློབ་ཞལ་གྲངས་ ༡༤༢ ཙམ་གྱི་མཚན་བྱང་གསལ་བར་བཀོད་མཐར། བྱང་ཆུབ་སེམས་དཔའི་མཁན་པོ་རྣམསཿ ས་གསུམ་བཞི་པ་ཡན་ཆོད་དུཿ གསང་སྔགས་ཕྱི་པ་ནང་པ་བསྟནཿ ལོ་པཎ་རྩིས་སྨན་ཆོས་རྣམས་བསྒྱུརཿ བོད་ཁམས་བདེ་སྐྱིད་ཆོས་ལ་བཀོདཿ  ཅེས་གསུངས་པ་ལྟར་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་སྐད་ཡིག་སྣ་ཚོགས་ཀྱི་ཐོག་ཏུ་བཞུགས་པའི་བཀའ་བསྟན་གསུང་རབ་སྤྱི་དང་། གཞན་ཡང་སྨན་དང་རྩིས་སོགས་བཅུ་ཕྲག་རིག་གནས་ཀྱི་གཞུང་ལུགས་སྣ་མང་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་གནང་མཛད་ཡོད།
དེ་བཞིན་ལོ་པཎ་བཀའི་ཐང་ཡིག་ལས་[2]ཀྱང་། ཨེ་མ་ཧོ། བཻ་རོ་ཙ་ནས་སཾ་སྐྲྀ་ཏའི་སྐད་དང་ཡི་གེ་མཁྱེནཿ སྐ་བ་དཔལ་བརྩེགས་ཀྱིས་རྒྱ་ནག་གི་སྐད་དང་ཡི་གེ་མཁྱེནཿ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཨུ་རྒྱན་གྱི་སྐད་དང་ཡི་གེ་མཁྱེནཿ རྨ་རིན་ཆེན་མཆོག་གིས་རྒྱ་གར་གྱི་སྐད་དང་ཡི་གེ་མཁྱེནཿ ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་མ་རུ་རྩེའི་སྐད་དང་ཡི་གེ་མཁྱེནཿ སངས་རྒྱས་ཡེ་ཤེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེ་མཁྱེནཿ དན་ཡོན་ཏན་མཆོག་གིས་བྱཱ་ཀ་ར་ཎའི་སྐད་དང་ཡི་གེ་མཁྱེནཿ བཻ་རོ་ཙ་ནས་སྐད་རིག་མི་གཅིག་པ་སུམ་བརྒྱ་དང་ཡིག་རིགས་མི་གཅིག་པ་སུམ་བརྒྱ་མཁྱེནཿ
རྒྱ་ནག་གི་ཡི་གེ་གསེར་གྱི་སྤད་པོའི་སེར་ག་འདྲཿ སཾ་སྐྲྀ་ཏའི་ཡི་གེ་བ་ཐག་གཟིངས་པ་འདྲཿ རྒྱ་གར་གྱི་ཡི་གེ་གཟི་ཟླུམ་བསྟར་ལ་བརྒྱུས་པ་འདྲཿ ཨུ་རྒྱན་གྱི་ཡི་གེ་ཉའི་སྒལ་པ་འདྲཿ བྱཱ་ཀ་ར་ཎའི་ཡི་གེ་ངང་པ་གཟན་ན་སྙེགས་པ་འདྲཿ མ་འོངས་པའི་དུས་ན་ཡི་གེ་ནི་བླ་མའོཿ ཞེས་དང་། ལྷ་ལྕམ་མནྡ་ར་བས་ཟ་ཧོར་གྱི་སྐད་དང་ཡི་གེ་མཁྱེནཿ བལ་འབངས་ཀ་ལ་སིདྡྷིས་མུ་སྟེགས་ཀྱི་སྐད་དང་ཡི་གེ་མཁྱེནཿ བལ་མོ་ཤཱཀྱ་དེ་བས་བལ་པོའི་སྐད་དང་ཡི་གེ་མཁྱེནཿ བོད་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ནཱ་ག་རའི་སྐད་དང་ཡི་གེ་མཁྱེནཿ སྲིན་པོའི་སྐད་དང་ཡི་གེཿ མི་མ་ཡིན་གྱི་སྐད་དང་ཡི་གེ་རྣམས་ཀྱང་མཁྱེནཿ ཞེས་ཀྱང་གསལ་ལོ།།
དུང་དཀར་ཚིག་མཛོད་ཆེན་མོ་ལས[3]། བོད་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཐོན་མི་སམ་བྷོ་ཊ་ནས། ཉེ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་ ༧༠༠ ལྷག་ཙམ་བྱུང་ཞིང་། ཁོང་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆེན་པོ་ལྔ་དང་། གསང་སྔགས། སྒྲ། ཚད་མ། བཟོ། གསོ་བ་རིག་པ། སྐར་རྩིས། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་ཀྱི་གཞུང་ཧ་ཅང་པོ་ཞིག་རྒྱ་གར་དང་། རྒྱ་ནག ཁ་ཆེ། ལི་ཡུལ། ཞང་ཞུང་བཅས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་། མང་པོ་ཞིག་གི་མི་རིགས་གཞན་དག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྣམ་པ་མེད་པར་མི་རིགས་རང་ཉིད་ཀྱི་རྩོམ་པ་པོས་བརྩམས་པ་དང་ཁྱད་པར་འབྱེད་མི་ཐུབ་པའི་ཚིག་སྦྱོར་བདེ་བ་དང་། བརྗོད་དོན་ཆ་ཚང་ཞིང་། གནད་ལ་ཁེལ་བ་དེ་ལྟ་བུའི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ་དང་། དེང་སྐབས་འཛམ་གླིང་ཐོག་བོད་ཀྱི་རིག་གནས་ཞེས་གཟི་བརྗིད་ཆེ་ཞིང་། སྙན་གྲགས་ལྡན་པའི་རིག་གནས་ཀྱི་ནོར་མཛོད་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་རང་ཅག་ཕྱི་རབས་པ་རྣམས་ལ་ལེགས་སྐྱེས་སུ་འཇོག་པ་གནང་ཡོད། ཅེས་གསུངས་པ་ལྟར་སྐད་ཡིག་སྣ་ཚོགས་ཀྱི་ཐོག་ནས་ནང་བསྟན་མདོ་སྔགས་ཀྱི་གཞུང་ལུགས་དང་། བཅུ་ཕྲག་རིག་པའི་གཞུང་ལུགས་སྣ་མང་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་གནང་མཛད་ཡོད།
དེས་ན་བོད་འགྱུར་ཐོག་བཞུགས་པའི་ནང་བསྟན་ནི་འཛམ་གླིང་གཞན་ན་མེད་པའི་ནང་རིག་པའི་བང་མཛོད་ཆེན་པོ་ཞིག་ཡིན་ཏེ། མདོ་དང་སྔགས་དང་ཕྱི་ནང་ཐུན་མོང་བའི་རིག་གནས་ཆ་ཚང་བ་བོད་སྐད་དུ་བསྒྱུར་ཡོད། གཞན་དུ་མདོ་རྐྱང་པའམ་ཡང་ན་རྒྱུད་སྡེ་རེ་ཟུང་ངམ་མདོ་ཚན་རེ་སངས་རྒྱས་ཀྱི་གསུང་དུ་ཁས་ལེན་ཞིང་། གཞན་རྣམས་དོར་བར་མཛད་པའི་ནང་པའི་རྒྱལ་ཁབ་མང་དུ་མཆིས་པ་ལས་གསལ་བར་རྟོགས་ནུས་ལ། དེ་ལྟར་ལོ་ཙཱ་བའི་ཐོག་མ་ཐོན་མི་སམ་བྷོ་ཊ་ནས་ཉེ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་ ༧༠༠ ལྷག་ཙམ་བྱུང་ཞེས་གསུངས་ཀྱང་ལོ་ཙཱ་བ་རྣམས་ཀྱི་མཚན་བྱང་རེ་རེ་བཞིན་འཁོད་པ་མི་སྣང་ངོ་། །
[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་གྲངས། ༣༡༢
[2] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་གྲངས། ༣༢༧
[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ༡༩༧༣

བརྒྱུད་སྐུལ།

མཆན་སྤེལ།