ཀོང་ཡུལ་དུ་ལོ་གསར་སྔ་གཏོང་བྱེད་སྲོལ་ཇི་ལྟར་བྱུང་ཚུལ།

ཀོང་ཡུལ་དུ་ལོ་གསར་སྔ་གཏོང་བྱེད་སྲོལ་ཇི་ལྟར་བྱུང་ཚུལ།
ཀོང་ཡུལ་དུ་ལོ་གསར་སྔ་གཏོང་བྱེད་སྲོལ་ཇི་ལྟར་བྱུང་ཚུལ།
དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན་བོད་ལྗོངས་ཀོང་པོའི་ཡུལ་དུ་བོད་ཀྱི་ལོ་གསར་སྔ་གཏོང་བྱེད་སྲོལ་བྱུང་ནས་ད་བར་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད། དེ་ཡང༌། སྔ་མོ་ཀོང་པོའི་ཡུལ་དུ་བོད་རིགས་སྤྱི་དང་འདྲ་བར་བོད་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་གཏོང་སྲོལ་ཡོད་མོད། འོན་ཀྱང་ཀོང་པོ་ཨ་རྒྱལ་རྒྱལ་པོའི་སྐབས་བདུད་རྒྱལ་ཧོར་གྱི་དམག་དཔུང་བོད་ཀྱི་བྱང་ཕྱོགས་ས་མཚམས་སུ་ལྷགས་ཡོང་བས། སྐབས་དེའི་བོད་ཀྱི་བཙན་པོས་རང་ཉིད་ཀྱི་མཛེས་སྡུག་ཡིད་འོང་གི་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་དང༌། བདུད་རྒྱལ་ཧོར་གྱི་དམག་རྣམས་མཐར་སྐྲོད་གཏོང་ཆེད་ཀོང་པོ་ཨ་རྒྱལ་རྒྱལ་པོར་བཀའ་བཏང་སྟེ། ཨ་རྒྱལ་རྒྱལ་པོས་འཕྲལ་དུ་ཨ་དར་ཀོང་དམག་རྣམས་འཁྲིད་ནས་གཡུལ་སར་བསྐྱོད་དགོས་ཞེས་གསུངས།

སྐབས་དེར་ཏག་ཏག་སྟོན་དགུན་མཚམས་ཏེ་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་ཡིན་སྟབས་ཨ་དར་རྣམས་ལོ་གསར་སྐབས་སུ་ནས་རྒན་གྱི་ཆང་དང༌། ཕག་རྒན་གྱི་ཤ གྲོ་རྒན་གྱི་མོག་མོག གཞན་ཡང་སྟར་ཁ་དང༌། ཁམ་བུ་སོགས་ལ་རོལ་རྒྱུ་དང༌། ད་དུང་དེ་བས་སྤྲོ་སྣང་འཕེལ་བ་ཞིག་ལ་བེ་རྒན་ཤིང་གིས་བཏང་བའི་མེ་ཕུང་ལ་མཐའ་བསྐོར་ནས་དགའ་བའི་བྲོ་འཁྲབ་པ་དང༌། སྐྱིད་པའི་གླུ་ལེན་པ། སྙན་པའི་གཏམ་ཤོད་པ་སོགས་དགའ་བདེའི་དཔལ་ལ་རོལ་རྒྱུར་སེམས་འཕྲེང་ནས་གཡུལ་སར་འགྲོ་འདོད་དེ་ཙམ་མ་བྱུང་བས་ཨ་དར་རྒན་གཞོན་མེད་པ་ཡིད་བློང་བློང་པོར་གནས། ཨ་རྒྱལ་རྒྱལ་པོ་སྤྱང་གྲུང་ལྡན་ལ་བློ་གྲོས་གཤོགས་ཆེ་བ་ཞིག་ཡིན་པས། ཨ་དར་ཚོའི་སེམས་གཏིང་གི་འདོད་ཚུལ་རྣམས་མཁྱེན་ཅིང་གཟིགས་ནས་སྐད་གསང་མཐོན་པོས། ཨ་དར་ཚོ། གཡུལ་སར་མ་ཕྱིན་ན་མི་འགྲིགས་ལ་ལོ་གསར་མ་བཏང་ནའང་མི་ཡོང༌། གཡུལ་སར་མ་ཕྱིན་ན་བདུད་དམག་གིས་ང་ཚོར་ལོ་གསར་གཏོང་དུ་འཇུག་མི་སྲིད་ལ། ལོ་གསར་མ་བཏང་ན་ང་ཚོར་གཡུལ་འགྱེད་པའི་སྙིང་སྟོབས་དང་སྤོབས་པ་འཕེལ་མི་ཐུབ། དེར་བརྟེན་ང་ཚོ་ཀོང་ཡུལ་གྱི་མི་རྣམས་བོད་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་གསར་སྔ་གཏོང་བྱེད་དགོས་པའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ཁྱེད་མངའ་འབངས་རྣམས་ཤ་མར་ཇ་ཆང་སོགས་ཟས་ཀྱི་ལོངས་སྤྱོད་ལ་རོལ་ལ། བྲོ་གར་གླུ་གཞས་སོགས་དགའ་སྤྲོའི་བྱ་བ་ལ་རོལ་ཅིག དེ་ནས་ང་ཚོས་ཨ་དར་རྣམས་གཡུལ་སར་ཆས་ཏེ་བདུད་དམག་ཚར་གཅོད་པར་བྱའོ་ཞེས་བརྗོད། དེ་ནས་ཨ་དར་རྣམས་དགའ་སྤྲོའི་ངང་ལོ་གསར་སྔ་གཏོང་བྱས་པས་ཨ་དར་རྣམས་དམག་རྒྱག་པའི་སྙིང་སྟོབས་དང་སྤོབས་པ་ཆེས་ཆེར་འཕེལ་བ་ལས་དམག་ལ་རྒྱལ་ཁ་ཐོབ་པར་བརྟེན། དེ་ནས་བཟུང་། གཡུལ་རྒྱལ་ལོ་གསར་ཞེས་གཡུལ་རྒྱལ་དྲན་གསོའི་ཆེད་ཀོང་ཡུལ་དུ་ལོ་ལྟར་བོད་ཟླ་བཅུ་པའི་ནང་ལ་ལོ་གསར་གཏོང་བའི་གོམས་སྲོལ་དེ་བྱུང་བ་ཡིན་པར་གྲགས་སོ།།

བརྒྱུད་སྐུལ།

མཆན་སྤེལ།