སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ།

སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ།

སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ།

ཉི་འབྲུག་ཕུན་ཚོགས།

 

“གླུ་གར་གྱི་རྒྱ་མཚོ་”ཞེས་སྐྱེ་བོའི་ཚོགས་ཀྱིས་རིང་ནས་བསྔགས་པའི་ཡུལ་འདི་གར་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་། སྒྱུ་རྩལ་ཁྱད་ཆོས་ཀྱིས་ཕྱུགས་པའི་གཞས་དང་། ཞབས་བྲོ་མཐའ་ཡས་པ་ཞིག་ཡོད་པ་ཡིན། མི་རིགས་གང་འདྲ་ཞིག་ཡིན་རུང་དེའི་རིག་གནས་ཀྱི་འཚོ་བ་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ལ་བསམ་ན་གླུ་གར་ནི་དར་སྔ་ཤོས་དང་། རིག་རྩལ་འཚོ་བའི་རྨང་གཞིར་གྱུར་པ་ཞིག་ཀྱང་རེད་སྙམ། གལ་ཏེ་བོད་འདིར་ལོ་ངོ་སྟོང་ཕྲག་གཉིས་གསུམ་གྱི་ནང་ཚུད་ལ་སྤྲ་སྤྲེའུ་མི་ལ་འགྱུར་བ་ཟེར་བའི་ཚན་རིག་དང་་མཐུན་པའི་བརྗོད་ཚུལ་དེ་རིགས་ཁས་མི་ལེན་པའི་སྐྱེ་བོ་རྣམས་ལ་བལྟོས་ན། བོད་ཀྱི་དམངས་ཁྲོད་གླུ་གཞས་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པ་རང་ཤུགས་སུ་འདོད་པ་སྨོས་ཅི་དགོས། ལོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་གོང་རོལ་དུ་བྱུང་ཞིང་ད་ལྟ་བེད་སྤྱོད་གཏོང་མུས་ཀྱི་བོད་ཡིག་འདི་ཉིད་དར་བ་ནས་བཟུང་བོད་ཀྱི་གནའ་བོའི་ཡིག་མཁན་དག་གིས་བྲིས་པའི་ལོ་རྒྱུས་དེབ་ཐེར་དང་། རྣམ་ཐར། སྔོན་བྱུང་གཏམ་རྒྱུད་སོགས་ལས་མཐོང་ཐུབ་པ་ཞིག་ཡིན། དཔེ་མཚོན་ཙམ་བརྗོད་ན། སྟག་རི་གཉན་གཟིགས་ཀྱི་དུས་ཟིངས་པོ་རྗེ་ཁྲི་པངས་གསུམ་གྱི་བློན་པོ་མྱང་རྩེང་སྐུ་དང་། དབའས་དབྱི་ཚབ་ཀྱིས་ཟིངས་པོ་རྗེའི་དབང་གཤེད་རྩུབ་སྤྱོད་ལ་བློ་ཡིད་མ་རང་བར་མྱང་དབའས་གནོན་གསུམ་ཁ་འཆམ་སྟེ་སྟག་རི་གཉའ་གཟིགས་ཀྱི་དྲུང་དུ་མགོ་འདོགས་པར་ཕྱིན་ནས་དབུ་སྙུང་བྲོ་གནའ་གཅོད་པའི་ཚེ་འབངས་ཀྱིས་རིག་སྟེ། “མྱི་བཟང་ནི་རྟ་བཟང་ཤིག་ཉིན་ཞིང་ནི་ཕག་ཚལ་ན། མཚན་ཞིང་ནི་ཕྱིང་བར་མཆིལ། དགྲ་འམ་ནི་ཞིང་﹙ཟུན་﹚ཅིའུ་ཞེས་དཔྱད་དོ་”﹙ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་དྲངས་﹚ཞེས་གླུ་རུ་བླངས་ནས་“མི་གཟུགས་བཟང་རྟ་གཤེད་བཟང་ཉིན་མོ་ནགས་ཚལ་གྱི་ཕགལ་ན་ཡིབ། མཚན་མོ་ཕོ་བྲང་འཕྱིང་བར་འགྲོ། དེ་དགྲ་ཡིན་ནམ་གཉེན་ཅི་ཡིན་མི་ཤེས་”སྨྲས་པ་ལྟ་བུ་དང་། ཁྲི་སྲོང་ལྡེའུ་བཙན་གྱིས་དུས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་ཟིན་པའི་དགའ་སྟོན་སྐབས་སུ་བཙན་པོ་བློན་འབངས་དང་བཅས་པས་གླུ་རེ་བླངས་པ་སྟེ། ཁྲི་སྲོང་ལྡེའུ་བཙན་གྱིས་མགུར་གླུ་བླངས་པར་“ང་ཡི་དབུ་རྩེ་རིགས་གསུམ་འདི་བཞེངས་པ་མི་འདྲ་སྐྱེས་པ་འདྲ་སྟེ་ང་རེ་དགའ་”ཞེས་སོགས་དགའ་གླུ་བཅུ་གསུམ་བཞེས་པ་དང་། དེ་བཞིན་འབངས་མི་ཚོས་གླུ་བླངས་པ་ནི་“ཤར་པོས་སྟག་རི་དགུ་བརྩེགས་བླངས། ཤར་མོས་གྲོང་ཟེར་རིང་མོ་བླངས་”པ་སོགས་ལོ་རྒྱུས་ཀྱི་ཡིག་ཆར་གསལ་བ་དང་། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་གཞས་ཚིག་འགའ་ཞིག་དུས་ཕྱིས་ཀྱང་འཕྱོངས་རྒྱས་རྫོང་ཁོངས་དམངས་ཁྲོད་བྲོ་གཞས་ཀྱི་ནང་ལ་གཏོང་སྲོལ་ཡོད་པ་སོགས་ལས་བོད་ཀྱི་དམངས་ཁྲོད་གླུ་གཞས་དུས་ཡུན་རིང་པོའི་ལོ་རྒྱུས་ཡོད་པ་མཚོན་པ་རེད། གཞན་ཡང་“ཟློས་གར་”ཞེས་པ་ཡུལ་འདིའི་བཅུ་ཕྲག་རིག་པའི་གནས་ཀྱི་གྲས་འདི་ལ་མཚོན་ན་རིང་མོ་ཉིད་ནས་རིགས་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད། སྔོན་བྱོན་མཁས་པ་དག་གིས་བརྩམས་པའི་ཟློས་གར་སྐོར་གྱི་གཞུང་ལུགས་ཇི་སྙེད་པ་ཞིག་ཡོད་པའི་ནང་ཚན་ད་ལྟ་མཐོང་རྒྱུ་ཡོད་པའི་གྲས་ནས་ཁྱབ་གདལ་དུ་གནས་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《རོལ་མོའི་བསྟན་བཅོས་》དེ་ཡིན། བོད་ཀྱི་ཟློས་གར་ལ་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པར་མ་ཟད། དེའི་ཐད་ཀྱི་རིགས་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཀྱང་ཡོད་པ་ནི་དོན་དངོས་ཐོག་ནས་ར་སྤྲོད་འཕེར་བ་ཞིག་ཡིན་ནོ།
ད་ལྟ་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་གྲས་སྟོད་གཞས་དང་། ནང་མའི་གཞས་ཀྱི་འབྱུང་ཁུངས་དང་། དེ་དག་དབུས་གཙང་ས་ཁུལ་དུ་དར་ཁྱབ་ཇི་ལྟར་བྱུང་བའི་སྐོར་གཙོ་བོར་བྱས་པའི་རང་གི་ངོས་འཛིན་མདོར་བསྡུས་ཙམ་ཞིག་གླེང་བར།
 དང་པོ། སྟོད་གཞས་ཀྱི་འབྱུང་ཁུངས་དང་། དེ་དབུས་གཙང་གི་ཁུལ་དུ་ཇི་ལྟར་དར་བའི་སྐོར།


སྟོད་མངའ་རིས་ས་ཁུལ་ནི་གནའ་བོའི་དུས་ནས་གླུ་གར་སོགས་རིག་རྩལ་བྱ་བ་ཅུང་དར་ཁྱབ་ཆེ་བའི་ས་ཞིག་ཡིན་པའི་ཐོག་བོད་ཀྱི་བཙན་པོའི་གདུང་རྒྱུད་﹙མངའ་རིས་ཆོས་རྒྱལ་﹚ཀྱིས་ཁུལ་དེར་མངའ་དབང་བསྒྱུར་པ་ནས་བཟུང་དུས་སྐབས་ཤིག་རིང་རིག་གནས་སྤྱི་དང་། བྱེ་བྲག་གླུ་གར་གྱི་རིག་རྩལ་བྱེད་སྒོ་དར་སྲོལ་ཆེན་པོ་བྱུང་བར་གྲགས། ཕྱིས་སྡེ་པ་གཙང་པ་མི་ཐོག་གཉིས་པ་མཐུ་སྟོབས་རྣམ་རྒྱལ་གྱི་དུས་སྐབས་ལ་སྟོད་མངའ་རིས་ཁུལ་ནས་གར་མཁན་ཁྱེད་མགུ་དོན་གྲུབ་དང་། དགའ་གཡུ་ནི། ཇོ་བཟང་སོགས་ཆེད་འབོད་ཀྱིས་གླུ་གར་འཁྲབ་གཏོང་བྱེད་དུ་བཅུག་ཅིང་། མངའ་རིས་ཁུལ་གྱི་ཁྱད་ཆོས་དང་བསྟུན་པའི་“གར་རོལ་”ཞེས་པ་སྲོལ་འགོ་གཏོད་དུ་བཅུག་པ་རེད། དེ་རྗེས་རིག་རྩལ་གླུ་གར་སོགས་ཀྱི་ཐད་ལའང་དོ་སྣང་ཆེན་པོ་གནང་མཁན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྟོད་ཁུལ་ནས་རོལ་མོ་མཁས་པ་གུ་ཏི་དང་། རོལ་མོར་བྱང་ཆུབ་གུ་ཏིའི་བུ་བཀྲ་ཤིས་དང་། ཚེ་བརྟན་པ་སོགས་སྐོང་འགུགས་གནང་བ་ལྟར་ཁོང་རྣམ་པས་རོལ་མོའི་སྒྲ་གདངས་དང་བསྟུན་པའི་ལུས་ཀྱི་རྣམ་འགྱུར་ཉེར་གཅིག་བྱ་བ་དང་འབྲེལ་གར་རོལ་བ་གཞོན་ནུ་མང་པོ་གསོ་སྐྱོང་བྱས་ཏེ། གར་དང་། མདོ་དར་མ། སུར་སྣ། ཏམ་བུ་ར་﹙སྒྲ་སྙན་ལ་ཟེར་﹚སོགས་འབུད་རྡུང་དཀྲོལ་བའི་རོལ་མོ་གཏོང་ལུགས་མི་འདྲ་བ་མང་པོ་བསླབས། དུས་མཚུངས་བྱ་སྒོ་བློ་བཟང་དབང་ཕྱུག་དང་། ཁང་འོག་དངོས་འགྲུབ་ཅན་གྱི་ཡི་གེ་དང་། ཚིག་གི་ཕན་པ་བསྒྲུབས་ཏེ་རབ་བྱུང་བཅུ་གཉིས་པའི་ས་འབྲུག་ལོ་སྟེ་སྤྱི་ལོ་༡༦༨༨ལོར་གླུ་གར་གྱི་རྩ་ཚིག་རྣམས་གཏན་ལ་ཕབ་པར་མ་ཟད། སྒྲ་སྙན་གྱི་རྒྱུད་ཐེབས་དང་བཅས་པ་ཡང་རི་མོའི་ལམ་དུ་བཀོད། གར་དཔོན་གུ་ཏི་ཅན་གྱི་གར་ཕྲུག་མང་པོ་གསོ་སྐྱོང་དང་འབྲེལ་གར་དང་། མདོ་དར་མ། སུར་སྣ། ཏམ་བུར་སོགས་རོལ་མོ་གཏོང་ལུགས་སྦྱོང་བརྡར་བྱས་ནས། “གར་པ་”ཞེས་ཟློས་གར་ཚོགས་པ་ཆུང་ཆུང་ཞིག་བཙུགས་པ་ནས་བཟུང་དེ་སྔའི་བོད་ས་གནས་སྲིད་གཞུང་གི་མཛད་སྒོར་གྲགས་པའི་དུས་སྟོན་ཁག་ལ་གར་འཁྲབ་ཀྱི་བྱེད་སྒོ་སྤེལ་བའི་སྲོལ་ཡང་བྱུང་བར་མ་ཟད། ཚོགས་མཆོད་སེར་སྦྲེང་གི་དུས་ཆེན་སྐབས་ལ་བོད་ཟླ་གཉིས་པའི་ནང་ལྷ་ས་ཞོལ་ནས་ཁང་ཡང་སྟེང་དང་། ར་ཆེ་སོགས་ལ་མང་ཚོགས་ཀྱི་ཁྲོད་དུ་འཁྲབ་སྟོན་ཡང་བྱེད། དུས་དེ་ནས་དབུས་གཙང་ཡུལ་གྲུ་སྤྱི་དང་། ལྷག་པར་ལྷ་སའི་ཡུལ་མིའི་ཁྲོད་དུ་སྟོད་མངའ་རིས་ཁུལ་གྱི་གླུ་གཞས་ཏེ་བསྡུས་མིང་ལ། “སྟོད་གཞས”ཞེས་པ་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་འདུག

 

 གཉིས་པ། ལྷ་སའི་སྟོད་གཞས་ཟེར་དགོས་པའི་རྒྱུ་མཚན་གང་ཡིན།


སྟོད་མངའ་རིས་ཁུལ་ཚུད་པའི་བོད་ལྗོངས་ས་གནས་ཁག་ལ་རིང་མོ་ཉིད་ནས་དར་ཞིང་ཁྱབ་པའི་གནས་ཆེན་དང་། རྟ་ཐུང་། འཇགས་རྒྱངས་﹙ལྗགས་བསྐྱངས་﹚རྦད། སྒོར་གནས། སྐད་ཆ། ངལ་རྩོལ་བྱེད་སྐབས་གཏོང་བའི་ལས་གཞས་སྣ་ཚོགས། མགུར་མ། ཚོགས་གླུ་སོགས་ཡོད་པར་མ་ཟད། དེ་ལ་ཡང་ཡུལ་གྲུ་སོ་སོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་འགྱུར་ཁུག་འདྲ་མིན་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པ་ལྟར། ལྷ་སའི་དམངས་ཁྲོད་དུ་ཡང་དེ་དང་འདྲ་བའི་གླུ་གར་རྣམ་གྲངས་དུ་མ་རིང་མོ་ཉིད་ནས་ཡོད། ལྷ་སར་སྟོད་གཞས་དར་ཚུལ་ལ་ཆ་མཚོན་ན་གོང་དུ་སྨོས་པ་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་སུ་གར་དཔོན་གུ་ཏི་ཅན་ནས་བརྒྱུད་དེ་ལྷ་སའི་གྲོང་མའི་ཁྲོད་དུ་སྟོད་གཞས་དར་ཁྱབ་བྱུང་ཞིང་། སྟོད་གཞས་ལྷ་སར་དར་རྗེས་དུས་ཡུན་གང་འཚམ་ཞིག་གི་རིང་ལ་སྟོད་གཞས་ཀྱི་ཐོག་མའི་སྒྲ་གདངས་ཀྱི་འགྱུར་ཁུག་གི་རྣམ་པར་བསྒྱུར་བཅོས་ཆེ་རིགས་མ་བྱུང་ན་ཡང་དུས་སྐབས་ངེས་ཅན་ཞིག་ལ་སླེབས་རྗེས་ལག་ལེན་ངོ་མའི་ཁྲོད་དུ་སྟོད་གཞས་ཀྱི་ཐོག་མའི་གདངས་འགྱུར་དེ་ལ་ཡུལ་དུས་རྗེས་འབྲངས་ཀྱིས་དམངས་ཁྲོད་གླུ་གར་མཁས་པ་རྣམས་ཀྱིས་རིམ་བཞིན་ལྷ་སའི་དམངས་ཁྲོད་གླུ་གར་གྱི་ཁྱད་ཆོས་དང་བསྟུན་པའི་བསྒྱུར་བཅོས་བྱས་པ་དང་། ལྷག་པར་དུས་རབས་ཉི་ཤུ་པའི་དུས་འགོར་དམངས་ཁྲོད་རོལ་མོ་མཁས་པ་དགེ་རྒན་རྣམ་རྒྱལ་ལགས་﹙༡༨༩༤ལོ་ནས་༡༩༤༢ལོའི་བར་﹚གྱིས་བསྒྱུར་བཅོས་དང་། གསར་གཏོད་མང་པོ་བྱས་ཡོད་པ་རེད། དེ་ཡང་གཙོ་བོ་རྟ་དབྱངས་ཀྱི་གདངས་གཤིས་དང་། འགྱུར་རྒྱན་ལ་བསྒྱུར་བཅོས་ཀྱིས་སྔར་ལས་སྙན་འཇེབས་ཆེ་བ་དང་། འཁྲུག་ཆ་དོད་པོ་ཞིག་ཏུ་བསྒྱུར་ཐུབ་པ་བྱུང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་མཛད་པའི་《རོལ་མོའི་བསྟན་བཅོས་》ལས་“དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། གཙང་པ་འཚེར་ཞིང་གསལ་བ་ཡིན། གཙེར་ཞིང་མདུན་པ་མངའ་རིས་པ། ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་”ཞེས་བྱུང་བ་ལྟར་ཡུལ་ཕྱོགས་སོ་སོའི་གཞས་ཀྱི་དབྱངས་མི་འདྲ་བ་དང་། ལྷན་སྐྱེས་ཀྱི་གྲེ་འགྱུར་འདྲ་མིན་ཡོད་ངེས་པ་ནི་མཐོང་ཆོས་སུ་གྱུར་པ་དེ་ལྟར་ནའང་བསྒྱུར་བཅོས་དེ་དག་རིག་ལམ་དང་ཧ་ཅང་མཐུན་པ་ཡིན་པས་ལྷ་སར་དར་བའི་སྟོད་གཞས་ཀྱི་ཐོག་མའི་སྒྲ་གདངས་འགྱུར་ཁག་“གཙེར་ཞིང་མདུན་པ”དེ་རིང་བཞིན་“ལྡིར་ཞིང་འགྱུར་བ་”ཞིག་ལ་འགྱུར་ལྡོག་བྱུང་། སྟོད་གཞས་མང་ཆེ་བར་དལ་གཞས་རེ་དང་། མགྱོགས་གཞས་རེ་གཏོང་བ་དང་སྦྲགས་ཞབས་བྲོ་རེ་རྒྱག་དགོས། སྟོད་གཞས་ལྷ་སར་དར་ནས་དུས་ཚོད་གང་འཚམ་སོང་རྗེས་དེ་སྔ་དལ་གཞས་ཟེར་བ་ལ་“འཁྲུག་གཞས་”དང་། འཁྲུག་གཞས་ཟེར་བ་ནི་མགྱོགས་པོའི་ཐོག་ལ་འཁྲུག་པོའི་དོན་ཡིན་པས་མགྱོགས་གཞས་དང་བསྟུན་པའི་རྐང་སྟབས་འཁྲུག་པོ་རྒྱག་དགོས་པ་དེ་རེད། དེ་ནི་སྟོད་གཞས་དེ་ལྷ་སའི་དམངས་ཁྲོད་གླུ་གཞས་ཀྱི་གདངས་དང་འགྱུར་ཁུག་འདྲེས་པའི་གཞས་ཤིག་ལ་འགྱུར་ལྡོག་བྱུང་བའི་མཚོན་རྟགས་ཡིན་ལ་རྒྱུ་མཚན་དེ་འདྲའི་དབང་གིས་“ལྷ་སའི་སྟོད་གཞས་”ཞེས་ཟེར་བ་ཡིན།
《རོལ་མོའི་བསྟན་བཅོས་》སུ་གསལ་བའི་“གཙེར་ཞིང་མདུད་པ་”དང་“ལྡིར་ཞིང་འགྱུར་བ”གཉིས་ཀྱི་དབྱངས་གཤིས་དང་། སྒྱུར་རྒྱན་གྱི་ཁྱད་པར་དེ་དག་སྦྱར་ནས་དཔྱད་ན། སྟོད་གཞས་ཀྱི་གྲས་སུ་གཏོགས་པའི་ལྷ་སའི་དམངས་ཁྲོད་གླུ་གཞས་《ཇོ་ལགས་སྲས་ཆུང་》ཟེར་བ་དེང་དུས་སྟོད་མངའ་རིས་ཁུལ་དུ་ཡང་གཏོང་གི་ཡོད་པས་སོ། དེ་ཡང་“གཙེར་”ཟེར་བ་ནི་སྐད་གཤིས་ནས་མཚོན་གྱི་ཡོད། དེ་ནི་རང་བྱུང་ཁོར་ཡུག་ས་བབ་མཐོ་བ་དང་། བ་ཚྭ་ཅན་གྱི་ཆུ་མང་བའི་ས་ཁུལ་གྱི་མི་ཕལ་ཆེ་བའི་སྐད་རང་ཤུགས་ཀྱིས་གཙེར་ཙམ་ཡོད་པས་དེ་ལ་གཙེར་སྐད་སྐད་ཟེར། མངའ་རིས་ཁུལ་གྱི་ས་མཐོ་སར་མི་ཕལ་ཆེ་བའི་སྐད་གཤིས་དེ་འདྲ་ཡིན་འདུག“མདུད་པ”ཟེར་བ་དེ་རྟ་དབྱངས་ནས་མཚོན་གྱི་ཡོད་པ་ནི་ཚིག་ཁྱིམ་ཕལ་ཆེ་བར་དབྱངས་རིམ་རེ་རེ་ཙམ་ལས་མེད་པ་དེ་ཡང་རྟེན་སྒྲའི་ལྡིར་འགྱུར་མེད་པར་རྟ་རིང་འཐེན་པའི་ཐོག་སྐུད་པར་མདུན་པ་ཏོག་ཙམ་ཏོག་ཙམ་བརྒྱབ་པ་ལྟ་བུ་ཞིག་ཏུ་ཡོད། གདངས་ཀྱི་འཁྱེར་བཟོའི་ཐོག་ནས་བཤད་ན་སྟོད་གཞས་ནི་སྒོར་གཞས་དང་འདྲ་པོ་ཡོད་པར་དཔྱད་ཚེ་དེ་ནི་སྒོར་གཞས་ཡར་རྒྱས་སུ་སོང་བ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པར་བསམས།
སྟོད་གཞས་ལྷ་སའི་ཁུལ་དུ་དར་རྗེས་རིམ་བཞིན་བསྒྱུར་བཅོས་བྱུང་ཡོད་པས་གོང་ཞུས་《ཇོ་ལགས་སྲས་ཆུང་》ལྟ་བུར་ཆ་མཚོན་ན་ལྷ་སར་གཞས་གདངས་ལྡིར་ཞིང་འགྱུར་བ་ཡིན། དེ་ནི་ཚིག་ཁྱིམ་དང་པོའི་འདྲེན་ཚུལ་འགྲོས་བརྡབ་དང་པོ་དང་གཉིས་པའི་བར་དབྱངས་སྙོམས་པ་དེ་ལ་ལྡིར་ཟེར་བ་དང་། ཚིག་ཁྱིམ་གཉིས་པའི་འགྲོལ་བརྡབ་དང་པོ་དང་གསུམ་པ་སོགས་ལ་འགྱུར་ཟེར། འོན་ཀྱང་དེ་ནི་འགྱུར་ཁུག་གི་ཁྱོན་ཡོངས་ཀྱི་རྣམ་པར་བལྟོས་ནས་བཤད་པ་ཞིག་ཡིན། སྒྱུ་སྩལ་གྱི་ཉམས་འགྱུར་ལ་མཚོན་ན་ཡང་དེ་ནི་ཡར་རྒྱས་ངེས་ཅན་ཞིག་བྱུང་བ་ཞིག་ཡིན་པས་རོལ་དབྱངས་ཀྱི་འགྱུར་རྒྱན་སྙན་འཇེབས་དོད་དུ་སོང་བ་ཞིག་ཡིན། ས་པཎ་གྱིས་མཛད་པའི་《རོལ་མོའི་བསྟན་བཅོས་》ལས། འདྲེན་པ་དཔག་བསམ་ལྗོང་ཤིང་སྟེ། བཀུག་པ་མེ་ཏོག་འཁྲི་ཤིང་ཡིན། དབུས་ཞན་ཆུ་ཀླུང་དལ་འགྲོ་བ། འགྱུར་ཁུགས་རྒྱ་མཚོའི་ཟླ་བར་བཤད། ཅེས་གསུངས་པ་ལྟར།
﹙༡﹚འདྲེན་པ་དཔག་བསམ་ལྗོན་ཤིང་སྟེ། ཞེས་ཡུལ་ཕྱོགས་སོ་སོའི་སྐད་ལུགས་འདྲ་མིན་གྱི་ཐོག་ནས། གླུ་འདྲེན་པའམ། གླུ་ལེན་པ། གླུ་བླངས་པ་གང་ཞིག་ཡིན་རུང་། དེ་དག་ནི་བོད་རིགས་ཀྱི་གླུ་འདྲེན་ཚུལ་སྤྱི་མཚུངས་ཤིག་ཡིན་པས་དཔག་བསམ་གྱི་ལྗོན་ཤིང་ལྟར་དྲང་པོར་འདྲེན་པ་དེ་ལ་ཟེར།
﹙༢﹚བཀུག་པ་མེ་ཏོག་འཁྲི་ཤིང་ཡིན། ཟེར་བ་དེ་གོང་དུ་བཤད་པའི་འདྲེན་བཞིན་པ་ཡིན་ནའང་འདྲ། ཡང་ན་ལྟེངས་བཞིན་པ་ཡིན་ནའང་འདྲ། དེའི་བར་ལ་འགྱུར་ཁུག་གཏོང་བ་དེ་ལ་ཟེར། དཔེར་ན། གཞས་ཚིག་གཅིག་གིས་དབྱངས་དང་འདྲེས་ནས་འགྱུར་འགྲོ་བའམ། ཡང་ན་དབྱངས་རང་ཉིད་ལ་བརྟེན་ནས་འགྱུར་འགྲོ་བ་སྟེ་མེ་ཏོག་ཐག་འཁྱུད་དང་འདྲ་བཞིན་འདྲེན་པའི་དབྱངས་དེ་ལ་བརྟེན་ནས་དེའི་དབྱངས་དཀྱུས་ཡས་མས་གང་ཞིག་“ཏུའུ་”གཅིག་ལ་བརྟེན་ནས་བཀུག་པ་དེ་ལ་ཟེར། དམངས་ཁྲོད་དུ་“མགྲིན་ཁུག་”ཅེས་བཤད་སྲོལ་ཡོད་ཀྱང་། གོང་གསལ་ས་པཎ་གྱིས་གསུངས་པར་གཞིགས་ན། འདྲེན་པའི་ནང་ནས་བཀུག་འགྲོ་བ་ཞིག་ཡིན་སྟབས་“འདྲེན་འདུག་”ཟེར་བ་དེ་ཡིན་བསམས།
﹙༣﹚དབུས་ཞན་ཆུ་ཀླུང་དལ་འགྲོ་བ། ཟེར་བ་དེ་ནི་དབྱངས་སྒྲ་ཞན་པའམ། ཡང་ན་བར་དུ་ཕྱེད་རྫོགས་མཚམས་ཀྱི་དབྱངས་གཤིས་ལྟ་བུ་ཡིན་པས། དཔེར་ན། རྣམ་ཐར་གཏོང་སྐབས་བར་དུ་རམ་འདེགས་ལེན་ཚུལ་དེ་ནི་རྟ་དབྱངས་མཐོ་སར་དབྱངས་ཀྱི་ང་རོའི་རྩ་བ་གསུམ་སྟེ། “ཨང་”“འ་”“ཧ”གསུམ་ལས་“ཨའི་”ཞེས་མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་དགོས། “འའི་”ཞེས་མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་འདོན་དགོས། གཞི་རྐང་ཐོག་མར་དང་། བར་མ་དང་། དབྱངས་དྲག་ཞན་ཙམ་གྱི་ཁྱད་པར་མ་གཏོགས་དབྱངས་གཤིས་ཀྱི་ཐད་ནས་འདྲེན་ཚུལ་ཁྱད་པར་དེ་ཙམ་རང་མེད།
﹙༤﹚འགྱུར་ཁུགས་རྒྱ་མཚོའི་ཟླ་བར་བཤད། ཅེས་གསུངས་པ་ནི། དབྱངས་དཀྱུས་﹙ཏུའུ་﹚གཉིས་སམ་ཕྱེད་ཀྱི་ཐོག་ལ་རིང་ཐུང་གང་རུང་བླངས་པ་དེ་ལ་ཟེར་﹙དེང་སང་རླབས་སྒྲ་ཟེར་﹚དེ་ནི་རྣམ་ཐར་གཏོང་སྐབས་ཧ་ཅང་གསལ་པོ་ཡོད་པས་“གྲེ་འགྱུར་”ཟེར། དོན་དུ་ཟླ་གཟུགས་ཆུ་ནང་དུ་གསལ་བ་འདར་བཞིན་ཡོད་པ་ལྟར་ཡིན་པས་“འདར་སྒྲ”ཡང་ཟེར། དེ་སྔ་སྐྱོར་ལུང་ལྷ་མོའི་ནང་ལ་སྐད་སྦྱོང་དེ་བྱེད་སྲོལ་ཡོད་པ་ནི་དགེ་རྒན་དན་བག་བག་གྲོ་ཟེར་བ་དེ་རེད། ཁོང་ཚོའི་བཤད་སྲོལ་ལ་“ཨོག་དབྱུག”ཟེར་གྱི་འདུག་པས་ཁ་གདངས་ནས་ལྐོག་མ་འདར་བ་བཞིན་གཏོང་གི་འདུག དེང་སང་དེ་འདྲ་མེད། སྐབས་དེར་དགེ་རྒན་དེས་གཏོང་སྐབས་རྔོན་པའི་འབག་གྱོན་ཞིང་། མགོ་བོར་འགུལ་སྒྱོད་མེད་པར་འབག་གི་ཨོག་ཚོམ་འདར་བཞིན་གཏོང་བ་དེ་ནི་བལྟས་ན་མཛེས་ལ་དབྱངས་ཀྱི་སྙན་འཇེབས་དོད་པོ་ཞིག་རེད།
གོང་དུ་ཞུས་པ་དེ་དག་ས་པཎ་གྱིས་ལོ་ངོ་བརྒྱད་བརྒྱ་ལྷག་ཙམ་གྱི་གོང་ནས་གསུངས་པ་ཡིན་པས་རྣམ་ཐར་དང་། ནང་མ། སྟོད་གཞས་ཙམ་དུ་མ་ཟད། དེང་སང་གཏོང་མུས་ཡིན་པའི་རང་རེ་བོད་རིགས་ས་ཁུལ་ཁག་གི་དམངས་གཞས་ལ་ཞིབ་འཇུག་བྱས་པར་གཞིགས་ནའང་མཚན་ཉིད་དེ་དག་མངོན་གསལ་དོད་པོ་ཡོད་སྟབས་ཡང་དག་པ་ཡིན་པ་ནི་ཧ་ཅང་གིས་འཇུག་པོ་ཡོད་པ་གསལ་བཤད་ཐུབ་ཀྱི་འདུག གང་ལགས་ཤེ་ན། སྐད་སྦྱོང་བྱེད་སྟངས་དེས་མི་རིགས་རང་ཉིད་ཀྱི་དབྱངས་གཤིས་གཞིར་བཟུང་ནས་གླུ་དབྱངས་ཀྱི་ཁྱད་ཆོས་དང་བྲོ་བ་ཐོན་པོ་ཡོང་གི་ཡོད་པ་རེད།
དེ་བཞིན་སྟོད་གཞས་ཀྱི་ཁོངས་སུ་གཏོགས་པའི་ལྷ་སའི་དམངས་ཁྲོད་གླུ་གཞས་ཕལ་ཆེ་བར་མངའ་རིས་ས་ཁུལ་གྱི་གཞས་གདངས་དང་མི་འདྲ་བའི་ཁྱད་ཆོས་དེ་འདྲ་ཡོད་པ་ནི་བཅོས་སྒྲིག་བྱས་པ་ལྟར་ཡིན་ཀྱང་། མ་དབྱངས་﹙མ་སྒྲའང་ཟེར་﹚བ་དང་། ཁྱབ་ཁོངས་ཀྱི་དབྱངས། རྗེས་འབྲངས་ཀྱི་དབྱངས། གཅོད་མཚམས་བཅས་ཀྱི་ཐད་ལ་ཁྱད་པར་དེ་ཙམ་ཆེ་བ་རང་མེད། དེའི་ཕྱིར་སྟོད་གཞས་ལྷ་སར་དར་རྗེས་དམངས་ཁྲོད་གླུ་གཞས་མཁས་པ་དག་གི་བསྒྱུར་བཅོས་རིམ་པར་བྱས་ནས་སྔར་བས་སྙན་འཇེབས་ཡིད་དབང་འགུགས་པའི་གླུ་གཞས་ཤིག་ཏུ་འགྱུར་བ་མཚོན་པ་ལགས།

 

གསུམ་པ། ནང་མའི་གཞས་ཀྱི་འབྱུང་ཁུངས་དང་། ཐ་སྙད་ཀྱི་གོ་དོན།


མི་ལ་ལས་“ནགྷ་མ་”ཟེར་བ་དེ་ཀསྨིར་གྱི་ཁ་ཆེའི་སྐད་ཡིན་པས་སྒྲ་ཟུར་ཆག་ནས་“ནང་མ་”ཞེས་ཟེར་བ་ཡིན་ཟེར། ཡང་ལ་ལས་ཀསྨིར་གྱི་ཁ་ཆེའི་སྐད་ཉམས་ནས་བོད་སྐད་དུ་དེ་ལྟར་ཟེར་བར་མ་ཟད། ནང་མའི་གཞས་ནི་ཨ་ཧྥུ་ཧན་ནས་བོད་དུ་དར་བ་ཡིན་ཞེས་ཟེར། འོན་ཀྱང་བརྗོད་ཚུལ་དེ་རིགས་ལ་ལོ་རྒྱུས་དང་། ད་ཡོད་གནས་ཚུལ་ལ་དཔྱད་པའི་གཞི་འཛིན་ས་དང་ཁུངས་ལུང་ལྡན་པ་ཅི་ཡང་མེད། ཁ་ཆེའི་སྐད་“ནགྷ་མ་”ཟེར་བ་ནི་“གཞས་”ཟེར་བའི་དོན་ཡིན་པར་འདྲ། ཁོ་ཚོས་གཞས་ཡོད་ཚད་ཀྱི་སྤྱི་མིང་ལ་“ནགྷ་མ་”ཞེས་ཟེར་བ་རེད། “ནགྷ་མ་”དང་“ནང་མ་”ཞེས་པ་འདི་གཉིས་སྒྲ་དང་ཡིག་གཟུགས་དང་གང་གི་ཐད་ནང་ཀྱང་ཁྱད་པར་ཆེན་པོ་ཡོད་པ་ནི་བཀླགས་པ་དང་བལྟས་པ་ཙམ་གྱིས་ཤེས་ཐུབ། “ནང་མའི་”གཞས་ལ་ཨ་ཧྥུ་ཧན་ནས་དར་བ་ཟེར་བའི་གཞི་འཛིན་ས་ནི་གོང་དུ་བཤད་ཟིན་པའི་“ནགྷ་མ་”ཞེས་པ་བོད་སྐད་དུ་སྒྲ་ཟུར་ཆགས་ནས་“ནང་མ་”ཞེས་ཟེར་བ་ཡིན་ཟེར་བ་དེ་ཉིད་གཙོ་བོའི་རྒྱུ་མཚན་དུ་བྱེད་པས་འདི་ནི་གོང་དུ་དཔྱད་པ་ཟིན་པས་བསྐྱར་གླེང་མི་དགོས་པར་མ་ཟད། ཨ་ཧྥུ་ཧན་དང་། ཀསྨིར་གྱི་རྒྱུད་ལ་དྭགས་ཁུལ་བཅས་པར་“ནང་མའི་”གཞས་ལྟ་ཅི། ནང་མའི་གཞས་དང་འདྲ་བའི་གླུ་གཞས་ཙམ་ཡང་རྙེད་དུ་མེད། “ནང་མའི་གཞས་”དང་། གར་གླུའི་རྟ་དབྱངས་མི་འདྲ་ནའང་དབྱངས་གཤིས་དང་། སྒྲིག་གཞིའི་ཐད་དང་རོལ་གདངས་ཀྱི་མ་དབྱངས་དང་། ཁྱབ་ཁོངས་ཀྱི་དབྱངས། རྗེས་འབྲངས་ཀྱི་དབྱངས། མཇུག་སྒྲིལ་གྱི་དབྱངས་བཅས་ཧ་ཅང་འདྲ་པོ་ཡོད། མི་འདྲ་ས་ནི་“གར་”ལ་རོལ་ཆ་དང་སྦྲགས་གར་གླུ་མཉམ་གཞས་གཏོང་བ་དང་། གར་འཁྲབ་པའི་སྐབས་མདོ་དར་མ་དང་། སུར་སྣར་བསྟུན་ནས་ཞབས་བྲོ་འཁྲབ་པ་དང་སྦྲགས་གཞས་ཚིག་ཡོད་ཀྱང་རྐང་སྟབས་དང་བསྟུན་ནས་སེམས་ངེས་བྱེད་པ་ལས། གཞས་གཏོང་སྲོལ་མི་འདུག “ནང་མ་”ཕལ་ཆེ་བར་ཁེར་གཞས་སམ། ཡང་ན་མཉམ་གཞས་རེ་བཏང་ཕྱིན་ཞབས་བྲོ་ཁེར་གཙང་རེ་ཡོད་པ་དེ་ཙམ་ཞིག་ཡིན་། རྟ་དབྱངས་འཐེན་ཚུལ་གྱི་ཐད་ལ་《རོལ་མོའི་བསྟན་བཅོས་》ལས་“ཚིག་གི་དུས་སུ་ཚིག་གསལ་ཞིང་། དབྱངས་ལ་དབྱངས་ཉིད་གསལ་བ་དང་། དེ་དག་བསྲེས་ཚེ་ལེགས་འདྲེ་ལ། འདྲེས་ནས་སོ་སོར་གསལ་བའོ་”ཞེས་གསུངས་པ་ལྟར་རོལ་དབྱངས་ཀྱི་ང་རོའི་རྩ་བ་གསུམ་སྟེ་“ཧ་ཨ་འ་”གསུམ་དབྱངས་སྒྲ་དྲག་ཞན་ལ་གཞིགས་པའི་དབྱངས་སྒྲ་དྲག་སར་ཚིག་གསལ་གང་ཐུབ་དང་། དབྱངས་སྒྲ་ཞན་པར་ཧ་ཨ་འ་གསུམ་རྟ་རིང་ཐུང་ལ་མ་བལྟོས་པར་ཡང་ཡང་འཐེན་པ་དེ་ནི་ནང་མ་དང་། གར་གླུར་གཅིག་མཚུངས་ཡིན་པ་ཙམ་དུ་མ་ཟད། གཞས་ཆེན་རྟ་རིང་རྟ་ཐུང་དང་། སྔགས་བསྐྱངས་སོགས་ཚང་མར་ཐུན་མོང་དུ་གནས་པའི་ཁྱད་ཆོས་ཤིག་ཡིན་ལ་རོལ་མོའི་བསྟན་བཅོས་ལ་བསྟན་པའི་ཡུལ་གངས་ཅན་པའི་སྐྱེ་བོ་རྣམས་ཀྱི་དབྱངས་དང་རོལ་མོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་མངོན་པར་གསལ་བའི་མཚན་ཉིད་དེ་དག་ནང་མའི་གཞས་ལ་ཡོངས་སུ་ཚང་བ་ཞིག་ཀྱང་ཡིན། དེའི་ཕྱིར་“ནང་མ་”ཟེར་བ་ཀསྨིར་གྱི་སྐད་ཟུར་ཆག་པ་དང་། ལྷག་པར་ནང་མའི་གཞས་འདི་ཨ་ཧྥུ་ཧན་ལས་བོད་དུ་དར་ཟེར་བ་དེ་རིགས་ནི་ཁུངས་མེད་ཀྱི་གཏམ་འཆལ་འབའ་ཞིག་ཏུ་གྲུབ་པས་རང་རིགས་གཞོན་སྐྱེས་བདག་དང་བདག་འདྲ་བ་རྣམས་ལ་བལྟོས་ནས་བཤད་ན། ནོར་བུ་ལག་ཏུ་ཡོད་དུས་ནོར་བུའི་ནོར་ཉམས་དཔྱོད་པར་མ་འཕྱུགས་པ་ཞིག་དགོས་པ་ནི་གནད་ཀྱི་དམ་པ་ཡིན།
“ནང་མའི་གཞས་”ཇི་ལྟར་བྱུང་བའི་ལོ་རྒྱུས་རྣལ་མའི་རང་བཞིན་ཅི་འདྲ་ཡིན་དང་། “ནང་མ་”ཞེས་པའི་ཐ་སྙད་ཇི་ལྟར་ཐོགས་སམ་ཞེ་ན། བོད་ཀྱི་བཙན་པོའི་གདུང་རྒྱུད་﹙མངའ་རིས་ཆོས་རྒྱལ་﹚ཀྱིས་མངའ་རིས་ཁུལ་དུ་དབང་བསྒྱུར་བའི་དུས་དེ་ཤེད་དུ་ཁུལ་དེའི་འབྲོག་པ་ཚོ་གཅིག་གི་ཁྲོད་དུ་ནང་མའི་གཞས་ཐོག་མར་བྱུང་ཞིང་། དེ་རྗེས་རིམ་བཞིན་མངའ་རིས་ས་ཁུལ་ཕལ་མོ་ཆེར་དར་ཁྱབ་བྱུང་བར་གྲགས། དུས་རབས་བཅུ་བདུན་པའི་དུས་འགོར་གཙང་པ་སྡེ་སྲིད་མི་ཐོག་གཉིས་པ་ཀརྨ་ཕུན་ཚོགས་རྣམ་རྒྱལ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མངའ་རིས་ཁུལ་ནས་སྔ་རྗེས་སུ་རོལ་མོ་དང་། གར་མཁན་འགུགས་འབོད་གནང་བ་ལྟར་སྟོད་གཞས་དང་། དེ་བཞིན་ནང་མའི་གཞས་ཀྱང་དབུས་གཙང་ཕྱོགས་འདིར་རིམ་བཞིན་དར་ཁྱབ་བྱུང་། དུས་དེ་ཉིད་དུ་ལྷ་སར་“ནང་མའི་སྐྱིད་སྡུག་”ཟེར་བའི་དམངས་ཁྲོད་ཀྱི་གླུ་གར་ཚོགས་པ་ཞིག་བྱུང་བར་མ་ཟད། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་ནང་ལའང་གླུ་གར་ཚོགས་པ་དེ་རྒྱུན་མཐུད་དུ་གནས་ཡོད། འོན་ཀྱང་ནང་མའི་གཞས་དབུས་གཙང་ཕྱོགས་སུ་དར་བའི་ཐོག་མའི་དུས་སྐབས་གོང་རིམ་དབང་སྒྱུར་གྲལ་རིམ་པས་ཁོ་ཚོ་རང་ཉིད་ཀྱི་ལོངས་སུ་སྤྱད་བྱའི་སྒྱུ་རྩལ་རྣམ་གྲངས་ཀྱི་གྲས་སུ་བརྩིས་ཤིང་། གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་སྟོད་ཁུལ་ནས་འགུགས་འབོད་བྱས་པའི་རོལ་མཁན་ཁོ་པའི་གཟིམ་ཆུང་“ནང་མར་”གླུ་གར་འཁྲབ་གཏོང་བྱེད་དུ་བཅུག་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཏཱ་ལའི་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་གམ་བཅར་“གཟིམ་ཆུང་ནང་མ་”དང་“གམ་བཅར་ནང་མའི་མདུན་སར་འཁྲབ་གཏོང་བྱེད་པའི་གླུ་གར་”དུ་གྱུར་པའི་རྒྱུ་མཚན་གྱིས་“ནང་མ་”ཞེས་པའི་ཐ་སྙད་བྱུང་བ་དང་། དམངས་ཁྲོད་དུ་ཁྱབ་གདལ་དུ་བྱུང་བའི་རྗེས་སུ་ཡང་“ནང་མ་”ཞེས་པའི་ཐ་སྙད་མ་ཉམས་པར་གནས་པ་ཡིན་ཞེས་རྒན་རབས་རྣམས་ཀྱིས་གླེང་བར་མ་ཟད། རྣམ་དཔྱོད་ལྡན་པའི་མཁས་པ་ཁག་གཅིག་གིས་ཀྱང་དེ་ལྟར་བཞེད་པ་ནི་དོན་ལ་གནས་པར་མཐོང་། ཡིན་ནའི་ད་དུང་གོམ་སྟབས་མདུན་དུ་སྤོས་ནས་རྟོགས་དཔྱོད་བྱེད་དགོས་པའི་གནས་ཚུལ་ཞིག་ཡོད་པ་ནི་གླང་དར་མ་འུ་དུམ་བཙན་གྲོངས་རྗེས་སུ་གནམ་སྡེ་འོད་སྲུང་དང་། ཡུམ་བརྟན་གཉིས་སྲིད་ཀྱི་དབང་ཆར་མ་འཆམ་པར་ཕན་ཚུན་བར་དྲག་པོ་གཡུལ་གྱི་སྦྱོར་བ་བཤམས་ཏེ་གནམ་སྡེ་འོད་སྲུང་ཕམ་ནས་དེའི་རྒྱུད་པ་མངའ་རིས་ཕྱོགས་སུ་གྱར་བ་དང་། མཐར་ཡུམ་བརྟན་གྱི་རྒྱུད་པ་ཡང་མདོ་ཁམས་ཕྱོགས་སུ་གྱར་བ་སོགས་ལོ་རྒྱུས་སྨྲ་བ་ཚང་མས་མཁྱེན་གསལ་ལྟར་ཡིན་པས་“ནང་མ་”ཞེས་པ་བཙན་པོའི་དུས་ནས་ཡོད་ཡོད་པའི་གླུ་གཞས་ཤིག་བཙན་པོའི་གདུང་རྒྱུད་“མངའ་རིས་ཆོས་རྒྱལ་”མངའ་རིས་ཕྱོགས་སུ་གྱར་བ་དང་དུས་མཉམ་པར་གླུ་གར་དེ་ཡང་ཁུལ་དེར་ཁྱབ་པ་ཡིན་མིན་དང་གཅིག དེ་བཞིན་བཙན་པོའི་དུས་སུ་བཙན་པོའི་ཕོ་བྲང་“ནང་མར་”འཁྲབ་གཏོང་བྱེད་པའི་གླུ་གར་ལ་བརྟེན་ནས་གནའ་བོའི་དུས་ནས་“ནང་མ་”ཞེས་པའི་མིང་ཐོགས་པ་ཞིག་ཡིན་མིན་དང་བཅས་ནི་ཅིས་ནས་བསམ་གཞིགས་ནན་པོ་བྱེད་འོས་པའི་གནས་སུ་འདུག ཡིན་ན་ཡང་གནའ་དུས་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ལ་དཔྱོད་པའི་བློ་མིག་མི་ལྡན་པ་ཁོ་བོ་ལྟ་བུས་འདི་ཐད་ཁ་མཚོན་གཅོད་དུ་མ་བཏུབ་པས་ལོ་རྒྱུས་ཀྱི་ཤེས་བྱར་སྤྱན་རས་ཡངས་པའི་མཁྱེན་ལྡན་རྣམས་ཀྱིས་གསུང་གི་འབབ་སྟེགས་གཡོ་བའི་འདུན་པ་འཆང་བཞིན་ཡོད།

 

བརྒྱུད་སྐུལ།

མཆན་སྤེལ།