ལོ་གསར་ཚེས་གཅིག་བླ་མ་ལོ་གསར་ངོ་སྤྲོད།

ལོ་གསར་ཚེས་གཅིག་བླ་མ་ལོ་གསར་ངོ་སྤྲོད།
༈ ལོ་གསར་ཚེས་གཅིག་ཉིན་བླ་མ་ལོ་གསར་ཞེས་གྲགས་པ་ལྟར། ལོ་གསར་ཚེས་གཅིག་གི་ཞོགས་པའི་ཆུ་ཚོད་གསུམ་པ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་གཡས་ངོས་སུ་བཀའ་བློན་ཁྲི་པ་དང༌། གཡོན་ངོས་སུ་སྤྱི་ཁྱབ་མཁན་པོས་ཕྱག་འདྲེན་དང་བཅས་ཕོ་བྲང་པོ་ཏཱ་ལའི་དབུ་རྩེའི་བཞུགས་ཁྲི་ཞལ་ཤར་ཕྱོགས་སུ་གཟིགས་པའི་སྟེང་དུ་༸ཞབས་སོར་བདེ་འཁོད་གྲུབ་རྗེས། གཞུང་ཞབས་སེར་སྐྱ་ཡོངས་རྫོགས་དང༌། གདན་ས་གསུམ་གྱི་མཁན་པོ་བླ་སྤྲུལ་རྣམས་དང༌། ལས་བྱེད་དྲུང་རིགས། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་པའི་དགེ་འདུན་གང་འཚམས་བཅས་རྩེ་ཕོ་བྲང་དམར་པོའི་ཡང་སྟེང་དུ་ཕེབས་བཞུགས་དང་བཅས་སྒོ་གསུམ་རབ་གུས་ཆེན་པོས་ཕྱག་འཚལ་དང་བཅས་གཞུང་ཞབས་རིམ་བཞི་ཡན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་དར་བསྐྱངས་འབུལ་གྲུབ་མཚམས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འདུས་ཚོགས་ནས་རྔ་རོལ་གཟབ་འཁྲོལ་གྱི་ཐོག་དཔལ་ལྡན་ལྷ་མོའི་སྤྱན་འདྲེན་དང་འབྲེལ་ཤིས་བརྗོད་བར་ཆོག་གཞུང་ལྟར་ཚེས་གཏོར་ཞེས་འདོད་ཁམས་བདག་མོ་དཔལ་ལྡན་ལྷ་མོར་གཏོར་གསོལ་གཟབ་རྒྱས་གནང་སྲོལ་ཡོད།

         དེ་ཉིན་བླ་མ་ལོ་གསར་ཞེས་བོད་ཀྱི་བླ་ཆེན་རྣམས་དང༌། གདན་ས་ཁག་གི་མཁན་བླ་རྣམས་མགྲོན་འབོད་གནང་ལམ་གྱིས་ཚེས་གཏོར་གྲུབ་རྗེས་ཚོམ་ཆེན་དུ་ཆིབས་བསྒྱུར་མཛད་སྒོའི་སར་མཁན་བླ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེར་པོར་མཎྜལ་རྟེན་གསུམ་ཕུལ་ཏེ་བཀྲ་ཤིས་བདེ་ལེགས་ཞུ་བཅར་གྱི་དབང་གིས་དེ་ལྟར་འབོད་སྲོལ་ཆགས། མཁན་བླ་རྣམས་ནས་མཇལ་ཁ་ཞུས་ཏེ་གྲལ་ལ་འཁོད་རྗེས་གཞུང་ནས་མཁན་བླ་རྣམ་པར་གསོལ་ཇ་བཞེས་འབྲས་དང༌། དཀར་སྤྲོ་སོགས་ཕུལ་བ་དང་སྦྲགས་གར་ཕྲུག་པས་གར་གྱི་གཟིགས་འབུལ་ཞུ་རྒྱུ་སོགས་མཛད་སྒོ་སྟབས་བདེ་ཞིག་གནང་སྲོལ་ཡོད་པར་བླ་མ་ལོ་གསར་ཞེས་གྲགས། ལོ་གསར་སྐབས་ལྷ་མོར་ཚེས་གཏོར་འབུལ་བའི་རྒྱུ་མཚན་མང་ཡང་རྒྱུ་མཚན་གཅིག་ནི། ༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་སྐབས་ནས་ནང་གཤིན་འབྲེལ་ཟབ་ཏུ་གྱུར་པའི་དཔལ་ལྡན་ལྷ་མོ་ཞེས་མཛད་རིམ་ནང་སླེབས་པར་གྲགས་སོ།།
         དམངས་ཁྲོད་ཀྱི་གནང་སྒོར་ཚེས་གཅིག་གི་ཞོགས་པ་སྔ་ལངས་ཀྱིས་རྒྱན་གོས་གཟབ་མཆོར་གྱིས་བརྒྱན་ཏེ་ཐོག་མར་ཆུ་ཁར་བསང་གསོལ་གཏོང་བ་དང༌། ཁ་བཏགས་འདོགས་པ། ཕྱེ་མར་ཆང་ཕུད་ཕུད་སྟོར་བཅས་གྲུབ་རྗེས་ཆུ་ཕུད་ལེན་ཞིང༌། ཆུ་ཕུད་དེ་ཉིད་ཁྱིམ་དུ་འཁྱེར་རྗེས་ཐོག་མར་མཆོག་གསུམ་ལ་ཡོན་ཆབ་འབུལ་བ་དང༌། དེ་འཕྲོས་རྣམས་ཁྱིམ་གྱི་ཆུ་ཟོམ་ནང་བླུགས་པ་དང༌། དེ་བཞིན་ཡུལ་ལུང་ལ་ལར་ཉེ་འཁོར་ནས་ས་ཕུད་དང་ཤིང་ཕུད་བླངས་ནས་ཐབ་ཀྱི་ཉེ་འགྲམ་དུ་འཇོག་སྲོལ་ཡོད། དེ་རྗེས་ནང་མི་གཞན་རྣམས་མལ་ལས་ནམ་རྒྱུན་ལས་སྔ་བ་ལངས་ཏེ། གཟབ་སྤྲོས་གང་ལེགས་སྤྲས་ཟིན་རྗེས་སྔོན་ཚུད་ནས་གྲ་སྒྲིག་ཡོད་པའི་ཆང་སྐོལ་དང༌། གྲོ་ཐུག་བཏུང་རྗེས་གྲོ་མ་འབྲས་སིལ་དང་གསོལ་ཇ་ཞུས་ཤིང་ཁ་ཟས་ལྟ་བུ་ནས་སྣེ་སེལ་ཙམ་མཆོད་རྗེས་གཏམ་གྱི་དང་པོར།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་གྲོ་སྐུ་ཁམས་བཟང༌། །གཏན་དུ་བདེ་བ་ཐོབ་པར་ཤོག།ཅེས་ཤིས་ཚིག་གཏམ་བཟང་བརྗོད་པ་དང༌། ནང་མི་རྒན་གཞོན་ཚང་མར་ཁྱིམ་ཚང་གི་ཨ་མ་ནས་ཕྱེ་མར་བཏེགས་ནས་བཀྲ་ཤིས་བདེ་ལེགས་ཞུས། རང་ཉིད་རླུང་རྟ་དར་བ་དང་བསྟན་པ་དར་བའི་རྟེན་འབྲེལ་གྱི་ཆེད་ཐོག་ཁའི་སྟེང་དང༌། རི་མཐོ་ས། ཤིང་མཐོན་པོ་སོགས་ཀྱི་རྩེར་དར་ལྕོག་འཛུགས་པ་དང་དར་ལྡིང་འཐེན་པ་དང༌། སྐུ་བསང་འབུལ་བ། ལྷ་ལྡན་གཙུག་ལག་ཁང་དང༌། རྒྱ་སྟག་ར་མོ་ཆེ། ཕོ་བྲང་པོ་ཏ་ལ་སོགས་ཀྱི་ཇོ་ཤཱཀ་རྣམ་གསུམ་སོགས་རྟེན་མཆོག་རྣམས་ལ་ལོ་གསར་པའི་རྟེན་འབྲེལ་མཇལ་ཁ་ཞུ་བ་དང༌། བླ་ཆེན་སོགས་མཇལ་བར་འགྲོ་སྲོལ་ཡོད།
         རང་ཁྱིམ་དུ་གསོལ་ཇ་དང༌། གྲོ་འབྲས། ཕྱེ་མར། ཆང་ཕུད། གྲོ་ཐུགཆང་སྐོལ། དཀར་སྤྲོ་སོགས་རོ་བཅུད་ལྡན་པའི་ཟས་བཟང་ལ་ཅི་འདོད་ལྟར་ལོངས་སུ་སྤྱོད་དེ་དེ་ཉིན་ཁྱིམ་མི་ཚང་མ་རང་ཁྱིམ་སོ་སོར་རུབ་སྡོད་ཀྱིས་སྤྲོ་སྐྱིད་བྱེད་པ་ལས་ཕན་ཚུན་མགྲོན་སྐྱོད་བྱེད་སྲོལ་མེད། བོད་ཚེས་གཉིས་ནས་འགོ་བཙུགས་ཏེ་ཕ་མ་སྤུན་མཆེད་དང༌། གཉེན་ཉེ་གྲོགས་པོའི་སར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བར་འགྲོ་བ་བཅས་སོ།།
         དེང་བཙན་བྱོལ་དུའང༌། གནམ་ལོ་གསར་དུ་བཞད་པའི་དགྱེས་སྟོན་ཉིན་དང་པོའི་སྔ་དྲོ་ཆུ་ཚོད་༧པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞི་བསྐྱངས་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་ཆེ་ཐོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་འཁོད་གྲུབ་མཚམས་རྣམ་གྲྭ་མཁན་རིན་པོ་ཆེ་ནས་རྟེན་གསུམ་འདེགས་འབུལ་གྲུབ་རྗེས་ལྷ་མོའི་གསུང་བསྐངས་དབུ་ཚུགས་མཛད་སྒོའི་ཐོག་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་གཞུང་ཞབས་ལས་ཟུར་རྣམས་དང༌། བོད་མི་མང་སྤྱི་འཐུས་ལས་ཟུར་རྣམ་པ་བཅས་ཚོགས་བཅར་ཞུས་ཐོགཕྱག་ཚོད་༩པའི་ཐོག་གཞུང་འབྲེལ་དགྱེས་སྟོན་མཛད་སྒོ་གཙུག་ལག་ཁང་དུ་མཛད་བཅར་བ་རྣམས་གདན་འཛོམས་པ་དང༌། རྣམ་གྲྭ་གསུང་ཞབས་རྣམས་ཀྱི་ཞལ་འདོན་ཚིག་མཚམས་སོ་སོར་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་ནས་བཀྲ་ཤིས་རྟགས་བརྒྱད་དང༌། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་རིམ་འབུལ་གྱིས་ཤིས་བརྗོད་དང་བཅས་ལེགས་གྲུབ་མཚམས་ཁྲིམས་ཞིབ་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་རྣམ་པ་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་བཞིན་པའི་སྐབས་འགྲོ་གླེང་ཚོགས་ལངས་པ་རྣམ་གཉིས་ནས་ནང་ཆོས་ཀྱི་བགྲོ་གླེང་ཚུགས།
དེ་རྗེས་བོད་གཞུང་ཟློས་གར་གར་ཕྲུག་པས་གར་གཟིགས་འབུལ་ཞུས་ཤིང༌། དེ་ནས་བགྲོ་གླེང་པས་ཚིག་བཀྲ་བཅད་དེ་༸གོང་ས་མཆོག་མཇལ་ཕྱག་སྩལ་ཏེ་མཛད་སྒོ་གྲུབ་པ་དང༌། མཛད་སྒོར་རང་དབང་ལྡན་པའི་ལས་ཁུངས་གསུམ་གྱི་འགན་འཛིན་རྣམ་པ། གཞུང་འབྲེལ་སྐུ་བསྟེན་རྣམ་པ། སྐུ་སྒེར་དྲུང་ཆེ་རྣམ་པ། གཞུང་ཞབས་ལས་བྱེད་རྣམ་པ། རྣམ་གྲྭ་ཕན་བདེ་ལེགས་བཤད་པའི་གསུང་ཞབས་པ། གནས་དགའ་གཉིས་ཀྱི་དགེ་འདུན་རྣམ་པ། བཞུགས་སྒར་ས་གནས་གྲོས་ཚོགས་ཚོགས་གཙོ་དང༌། ས་གནས་འགོ་འཛིན། རང་བདེན་ཚོགས་གཙོ། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་སོགས་བཞུགས་སྒར་དུ་གཉུག་མར་གནས་པའི་སྡེ་ཚན་ཁག་གི་ལས་བྱེད་དང༌། སེར་སྐྱ་མི་མང་རྣམས་དགུང་གསར་གྱི་དགྱེས་སྟོན་མཛད་སྒོར་བཅར་བཞུགས་གནང་ལམ་ཡོད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།