ལོ་གསར་ཚེས་གཉིས་རྒྱལ་པོ་ལོ་གསར་ངོ་སྤྲོད།

ལོ་གསར་ཚེས་གཉིས་རྒྱལ་པོ་ལོ་གསར་ངོ་སྤྲོད།
༈ ཚེས་གཉིས་ཉིན་རྒྱལ་པོ་ལོ་གསར་ཞེས་བཀའ་བློན་ནས་དྲུང་དཀྱུས་ཡན་ཆ་ཚང་ན་བཟའ་རྒྱ་ལུ་ཆས་བཞེས་ཏེ། མཛད་སྒོར་ངོ་བཅར་ཞུ་དགོས་ཤིང༌། ཚེས་གཉིས་ཉིན་གཞུང་གི་དགུང་གསར་མཛད་སྒོ་དངོས་གཞི་ཡིན་པས་དེ་ཉིན་གཞུང་ཞབས་སྐྱ་སེར་རྣམས་ཀྱི་ཐོག་ནང་བཟན་ཡན་རྩེ་ཕོ་བྲང་དུ་མཛད་སྒོར་བཅར་དགོས་པའི་ཁར། ཡབ་གཞིས་སྐུ་ངོ་རྣམས་ཀྱང་གདན་ཞུ་གནང་གི་ཡོད་ཅིང༌། ལྷ་སྡོད་བལ་འབྲུག་གི་སྐུ་ཚབ་རྣམས་ཀྱང་དགུང་གསར་རྟེན་འབྲེལ་གྱི་མཛད་སྒོར་མགྲོན་འབོད་དང་བཅས་རྟེན་འབྲེལ་ཞུ་བར་བཅར་སྲོལ་ཡོད། དེ་ཡང་ཐོག་མར་སྔོན་གྱི་བཙན་པོའི་ཆས་གོས་རིན་ཆེན་རྒྱན་ཆ་སྤྲས་པའི་རིན་རྒྱན་པ་དང༌། གསོལ་དཔོན་ཆེན་མོ། ཕྱག་འདྲེན་པ་གཉིས། སྤོས་འཛིན་པ་གཉིས། རིན་པ་བྱིངས་བཅུ་གསུམ་བཅས་ཀྱིས་༸གོང་ས་མཆོག་རྩེ་ཕོ་བྲང་གི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་གསེར་ཁྲིར་གདན་འདྲེན་༸ཞབས་སོར་འཁོད་འཕྲལ། མཛད་སྒོ་དབུ་ཚུགས་ཏེ་གསོལ་ཇ་དང་པོ་བཀྱགས་ཟིན་པ་དང༌། རྩེ་རྣམ་རྒྱལ་གྲྭ་ཚང་གི་དབུ་ཆོས་གཉིས་དང༌། གསུང་ཞབས་པ་ཞལ་གྲངས་༢༠སྐོར་ནས་ཞལ་འདོན་གནང་བའི་ཚིག་མཚམས་དང་བསྟུན་རིན་རྒྱན་ཁྲི་པས་༸གོང་ས་མཆོག་ལ་རྒྱལ་སྲིད་སྣ་བདུན་དང༌། རྟགས་བརྒྱད། རྫས་བརྒྱད་སོགས་བཤད་པ་དང་སྦྲགས་ཏེ་འདེགས་འབུལ་ཞུ་ཡི་ཡོད།

       དེ་ནས་ལོ་རེའི་དགེ་བཤེས་ལྷ་རམ་པའི་གྲྭ་སྐོར་མཛད་མཁན་གཉིས་ནས་ཆོས་ཀྱི་བགྲོ་གླེང་གནང་རྗེས། དམག་སྒར་ཁག་གི་ལྡིང་དཔོན་ཡན་སོགས་གཞུང་ཞབས་ལྟོ་ཟན་ཡོངས་ལ་མཇལ་ཁ་རིམ་པ་དང་པོ་གནང་གི་ཡོད། དེ་རྗེས་གར་པས་ཐུན་མིན་གྱི་སྟངས་སྟབས་དང་འགྱུར་ཁུག་ཅན་གྱི་གྲི་གར་ཞེས་པ་ཕུལ་རྗེས། ༸གོང་ས་མཆོག་ལ་དགུང་གསར་ལེགས་འབུལ་སྤྱན་ལམ་དུ་བསྟར་འབུལ་ཞུས་པ་དང་མུ་མཐུད་བཀྲས་ལྷུན་བླ་བྲང་སོགས་བླ་བྲང་ཆེ་ཁག་དང༌། གོར་འབྲུག་དང༌། རྒྱ་དཀར་ནགཁ་ཆེ། འབྲས་ལྗོངས། དབྱིན་ཇི་སོགས་ཀྱི་སྐུ་ཚབ་ནས་མཇལ་བཅར་གྱིས་དགུང་གསར་རྟེན་འབྲེལ་མཚོན་བྱེད་ལེགས་འབུལ་རིམ་བཞིན་བསྟར་འབུལ་གནང་ལམ་སྐབས་མཇལ་ཁ་རིམ་པ་གཉིས་པ་གནང་གི་ཡོད།
         དེ་ནས་རྩེ་ཤོད་དུ་ཞབས་གསར་པ་བཞིས་གསར་མཇལ་ཞུ་རྒྱུ་བཅས་ཀྱི་བར་གསེང་དུ་གསོལ་ཇ། བཞེས་འབྲས། གསོལ་བསྐང་ཞེས་གསོལ་ཚིགས་སོགས་རིམ་འབུལ་དང༌། གར་ཕྲུག་པས་གར་འདྲ་མིན་ཁག་གསུམ་དང༌། འབྲས་གླིང་གཞིས་ཁོངས་ནས་གནའ་ལུགས་ཀྱི་གཞས་འཆམ་འཁྲབ་འབུལ་ཞུ་བ་དང་བཅས་མཛད་སྒོ་གཟབ་ཅིང་རྒྱས་པ་གནང་གི་ཡོད།
       དམངས་ཁྲོད་དུ་ཚེས་གཉིས་ཉིན་མང་ཚོགས་རྣམས་རང་རང་གི་དགའ་ཉེ་སྤུན་གྲོགས་ཕན་ཚུན་མགྲོན་འབོད་ཀྱིས་རོ་བརྒྱའི་ཟས་དང༌། བདུད་རྩིའི་བཏུང་བ། སྙན་འཇེབས་ཀྱི་གླུ་དབྱངས། དགའ་སྤྲོའི་རྩེ་མོ་སོགས་ལ་ཅི་དགར་རོལ་ཏེ་ཞི་བདེ་བག་ཕེབས་སོགས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་པ་དང༌། ཟས་རིགས་ཀྱི་གཙོ་བོ་མཚོན་ན། ལུག་མགོ་དང་ལུག་ཤ་ཚོས་མ་དང༌། བོད་ཕག་རྡོག་ཚོས། རྒྱུ་མ་དང་གློ་བ་བརྔོས་མ། གྲོད་པ་ཁ་ཚ། ཚག་ཤ་སྐམ་པོ། ཐུད། མར་ཟན་སོགས་བོད་ཟས་གཙོ་བོར་གཏོང་སྲོལ་ཡོད་ཅིང༌། ཡུལ་ལུང་ཚང་མར་ལོ་གསར་སྐབས་མགོ་ཤ་ཞེས་ལུག་མགོ་བཙོས་མ་ངེས་མཆོད་དགོས་པ་འདི་རྟེན་འབྲེལ་གྱི་གནད་ཆེན་པོར་བརྩི་ཞིང༌། གྲོང་གསེབ་ཁག་ལ་མཚོན་ན། ཚེས་གཉིས་ཉིན་ནས་ཚེས་བཅོ་ལྔ་བར་ཉིན་ཕྱེད་ཡོལ་ཙམ་ནས་སྒོར་གཞས་ཞེས། བུ་དང་བུ་མོ་རྣམས་སྒོར་དབྱིབས་སུ་ལག་གདང་ཡུག་གཅིག་ལ་སྦྲེལ་ཏེ་གཞས་དང་ཞབས་བྲོར་རོལ་བ་དང༌། དེ་བཞིན་རྡོ་བསྐོར་གྱིས་མཚོན། རྩེད་མོའི་རྣམ་གྲངས་མང་པོར་རོལ་བ་སོགས་འདིར་མཚོན་པ་ཙམ་ལས་ཞིབ་ཕྲ་འགོད་ཀྱིས་མི་ལང་ངོ༌།།

བརྒྱུད་སྐུལ།

མཆན་སྤེལ།