མཐུན་པ་སྤུན་བཞི།

མཐུན་པ་སྤུན་བཞི།

མཐུན་པ་སྤུན་བཞི་ནི་གོང་མོ་སྲེག་དང༌། རི་བོང༌། སྤྲེའུ། གླང་ཆེན་བཅས་བཞི་སྟེ། འདིའི་ཐོག་མའི་འབྱུང་ཁུངས་ནི། བཅོམ་ལྡན་འདས་ཀྱིས་འདུལ་བ་ལུང་གཞི་ལས་གསུངས་པ་གཞིར་བཟུང་ཏེ་ཆོས་རྒྱལ་དགེ་དབང་གིས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་གྱ་དྲུག་པ་བ་མེན་གྱི་རྟོགས་པ་བརྗོད་པའམ། འགྲེལ་པ་ཁག་ཏུ་བྱ་སྲེག་པའི་རྟོགས་པ་བརྗོད་པ་ཞེས་གསུངས་པ་དེ་ཡིན།

འདི་བཞིའི་མཚོན་དོན་ནི་ཆེ་བཀུར་ཆུང་བྱམས་དང༌། ཡ་རབས་གུས་ཞབས་ཀྱི་རྣམ་པའི་ལམ་ནས་ཞི་བདེའི་འཚོ་བ་མཚོན་པ་དེ་ཉིད་ཡིན་ལ། སྲོག་ཆགས་འདི་བཞིས་ཞི་བདེ་མཚོན་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར་ལས་བྱུང་བ་ཞིག་སྟེ། དེ་ཡང༌། སྔོན་ཝ་རཱ་ཎ་སིའི་རྒྱལ་པོ་ཚངས་སྦྱིན་གྱི་དུས་སུ། སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་བྱ་སྲེག་པ་ཞིག་གི་སྐྱེ་བ་བཞེས་ཏེ་ནགས་ཚལ་ཆེན་པོ་ཀ་ཤི་མཛེས་ཀ་ཞེས་པའི་མཐར་གནས་སོ།།

དེར་སྤྲེའུ་ཞིག་དང༌། རི་བོང་ཞིགགླང་ཆེན་བཅས་གནས་པས་དེ་དག་ཕན་ཚུན་ཡིད་གཅུགས་ཤིང་འཚེ་བ་མེད་པར། གཅིག་ལ་གཅིག་བྱམས་ཤིང་མཛའ་བརྩེ་ཟབ་པ། གནོད་སེམས་ཀྱི་དྲི་མ་ཙམ་ཡང་མེད་པར་གཅིག་ཕན་གཉིས་གྲོགས་ངང་བཅུད་ལྡན་གྱི་ཤིང་འབྲས་དང༌། མ་རྨོས་པའི་ལོ་ཏོགརང་བྱུང་ཡན་ལག་བརྒྱད་ལྡན་ལ་སོགས་པར་གང་དགའ་གང་སྐྱིད་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཅིང་གནས་པར། ཉིན་ཞིག་ཁོང་བཞི་བགྲོས་ནས། འུ་ཅག་ཕན་ཚུན་བརྩེ་བཞིན་དུ་ཡུན་རིང་འགྲོགས་ཀྱང་རྒན་གཞོན་དང་བཀུར་བྱ་བཀུར་བྱེད་ཀྱི་དབྱེ་བ་མེད་མོད། ད་ནི་རྒན་རབས་ལ་རིམ་གྱིས་བཀུར་བ་དང༌། འཇིག་རྟེན་གྱི་མིག་དཔེར་འོས་པ་ཞིག་ཡོང་ཐུབ་པ་ལ་འབད་རྒྱུའི་བཟང་པོའི་གྲོས་ལ་ཞུགས་ཏེ་མཐར་རྒན་གཞོན་གྱི་དབྱེ་བ་འབྱེད་ཐབས་གྲོས་བསྡུར་མཐར། དེར་སྐྱེས་པའི་ཤིང་ན་གྲོ་དྷའི་སྡོང་པོ་ཆེན་པོ་ཞིག་ཡོད་པ་དེར་ཚད་བྱས་པས། གླང་ཆེན་ན་རེ། ང་གཞོན་དུས་སུ་ཤིང་སྡོང་འདི་ངའི་ལུས་དང་མཉམ་པར་འདུག་ཅེས་བཤད་པ་དང༌། སྤྲེའུས་བདག་ཀྱང་དྲན་ཚོད་ཀྱི་དུས་སུ་ཤིང་འདི་ཆུང་བས་བདག་གི་ལུས་དང་མཉམ་ཟེར། རི་བོང་གིས་ངས་དྲན་ཚོད་ལ་ཤིང་ཧ་ཅང་ཆུང་བས་ལོ་འདབ་གཉིས་སྐྱེས་པ་ན་ལོ་མའི་ཟིལ་པ་མངར་མོའི་ཐིགས་པ་བདག་གི་ལྕེས་བལྡགས་པ་ཡིན་ཞེས་སྨྲས། མཐར་བྱ་གོང་མ་སྲེག་གིས་ཤིང་སོན་ས་ལ་ཡོད་པའི་སྟེང་བདག་གི་རྟུག་པ་བཏང་བ་ལས་ཤིང་སྡོང་འདི་སྐྱེས་སོ་ཞེས་སྨྲས།

དེ་ལྟར་གནས་ཚུལ་གསོང་པོར་སྨྲས་པའི་གཏམ་དེ་དག་གིས་ཁོངས་རྣམས་རྒན་གཞོན་གྱི་གོ་རིམ་ཤེས་ཏེ། སྔར་བས་ཕན་ཚུན་མཛའ་གཅུགས་དང༌། ཞེ་སར་བཅས་པའི་རྒན་རིམ་ལ་གཞོན་རིམ་གྱིས་བསྙེན་བཀུར་སྲི་ཞུ་དང་གུས་འདུད་བྱེད་ཅིང༌། རྒན་གཞོན་གྱི་གོ་བབ་བཟུང་སྟེ་རྒན་པས་གཞོན་རིམ་ལ་བྱམས་སྐྱོང་བྱེད་པར་ཐག་བཅད། ཐ་ན་ཕར་ཚུར་འགྲོ་སྐབས་ཀྱང་གླང་པོ་ཆེ་ལ་སྤྲེའུ་དང༌། དེ་ལ་རི་བོང༌། རི་བོང་ལ་གོང་མ་སྲེག་བཞོན་ནས་འགྲོ་བ་དང༌། ཕན་ཚུན་མཛའ་བརྩེའི་གསེར་ཐག་དམ་པོས་སྦྲེལ་བས། ཁོང་བཞིའི་ནང་ནས་རྒན་པ་བྱ་སྲེག་པས་གཞན་གསུམ་ལ་སྤང་བླང་གི་གནད་ཡང་དག་པར་བསྟན། ཐམས་ཅད་ཀྱིས་ཀྱང་ཇི་ལྟར་བསྟན་པ་བཞིན་བསྒྲུབས་ཤིང་ཡིད་གཅུགས་པ་དང༌། སྲོག་མི་གཅོད་པ་དང༌། གཞན་ནོར་མི་འཕྲོག་པ། འདོད་ལོག་མི་སྤྱོད་པ། རྫུན་མི་སྨྲ་བ། མྱོས་འགྱུར་མི་འཐུང་བ་བཅས་བསླབ་པའི་གཞི་ལྔ་ལ་གནས་པ་སོགས་འཇིག་རྟེན་གྱི་མིག་དཔེར་འོས་པ་བྱུང་བ་ལས་ཡུལ་དེར་ཆར་ཆུ་དུས་འབེབས་དང༌། ལོ་ཕྱུགས་རྟག་ལེགས་སོགས་བཀྲ་ཤིས་དགེ་མཚན་གྱིས་ཁྱབ་པ་དང༌། ལྗོངས་དེའི་བྱ་དང་རི་དྭགས་ཐམས་ཅད་ཀྱང་ཕན་ཚུན་ལ་འཚེ་བའི་རིགས་གཏན་ནས་མི་བྱེད་པར་དུང་སེམས་འོ་ཆུ་གཅིག་འདྲེས་ངང་དགའ་བདེའི་དཔལ་ལ་རོལ་ཏེ་གནས་པར་གྱུར་ཅིང༌། དེའི་བསོད་ནམས་ཀྱི་མཐུས་ཡུལ་ཁམས་ཀུན་ཏུ་བདེ་ཞིང་ཚེ་བསོད་དཔལ་འབྱོར་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བར་གྱུར་ཏོ་ཞེས་གྲགས་སོ།།

སྐབས་དེར་ཡུལ་དེའི་རྒྱལ་བློན་ཆབ་འབངས་དང་བཅས་པས་འདི་ལྟ་བུའི་བདེ་སྐྱིད་རང་རང་སོ་སོའི་བསོད་ནམས་ཀྱི་མཐུ་ལས་བྱུང་ངོ་ཞེས་སྨྲས་པ་ལ་ཁ་མཐུན་པས་དྲང་སྲོང་མངོན་ཤེས་ཅན་ཞིག་ཡོད་པ་དེར་སུའི་མཐུ་ལ་བརྟེན་ནས་འདི་ལྟར་བྱུང་བ་འདྲི་རྒྱུར་ཁ་འཆམས། དྲང་སྲོང་དེས་འདི་ནི་རྒྱལ་པོའི་མཐུ་ཡང་མ་ལགས། བློན་པོའི་མཐུ་ཡང་མ་ལགས། འབངས་ཀྱི་མཐུ་ཡང་མ་ལགས་ཏེ། འདི་ནི་ཡུལ་འདིའི་ནགས་ཁྲོད་སྟུག་པོར་གནས་པའི་སྲོག་ཆགས་འདི་དང་འདི་ཞེས་བྱ་བ་བཞིའི་མཐུ་ལ་བརྟེན་ནས་བྱུང་བའི་རྒྱུ་མཚན་གང་ཡིན་གསལ་པོར་སྨྲས་པ་ལ། ཀུན་ཡིད་ཆེས་ཏེ་ཡུལ་དེའི་མི་རྣམས་ཀྱིས་ཀྱང་སྲོག་ཆགས་བཞི་པོ་དེ་རང་གི་མིག་དཔེར་འཛིན་པ་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་ཡང་ཡིད་རབ་ཏུ་འཕྲོག་སྟེ།

གུས་བཅས་ཞེ་སར་བཅས་པ་དང༌། །དཀའ་ཐུབ་ཚལ་ན་གནས་པ་ཡི། །

གོང་མ་སྲེག་གིས་ཚངས་སྤྱོད་དག།འཇིག་རྟེན་སོ་སོར་རབ་ཏུ་བསྟན། །

ཅེས་སྨྲས་སོ། །དེ་ནས་མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་སྤྱད་པས། ཚེ་འདིར་བདེ་སྐྱིད་དང་ཤི་ནས་ཀྱང་སུམ་ཅུ་རྩ་གསུམ་ཀྱི་ལྷ་གནས་སུ་སྐྱེས་སོ། །དེའི་དུས་ཀྱི་བྱ་གོང་མ་སྲེག་ནི། ད་ལྟར་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང༌། རི་བོང་ནི་ཤཱ་རིའི་བུ། སྤྲེའུ་ནི་མོའུ་གལ་གྱི་བུ། གླང་པོ་ཆེ་ནི་ཀུན་དགའ་བོ་བཅས་ཡིན་ནོ།།

དེས་ན་གནས་བརྟན་དང༌། བར་མ་དང༌། གསར་བུ་རྣམས་ལ་བཀུར་བསྟི་དང༌། ཞེ་ས་དང༌། འཇིགས་པ་དང་བཅས་པས་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ལ་བཀུར་སྟི་སོགས་མེད་པར་ཀུན་ཏུ་སྤྱོད་པས་ཆོས་མི་རྒྱས། དེ་མ་རྒྱས་པར་སློབ་པའི་ཆོས་མི་རྒྱས། དེ་མ་རྒྱས་པར་རྣམ་གྲོལ་གྱི་ཕུང་པོ་མ་རྒྱས། དེ་མ་རྒྱས་པར་མྱ་ངན་ལས་མི་འདའོ། །ཞེས་བདག་ཅག་གི་སྟོན་པས་བཀའ་སྩལ་བ་ལྟར་བསྔགས་བརྗོད་བྱས་པའི་སྒྲུང་ཞིག་ཤོད་སྲོལ་ཡོད་པ་དེའི་ཤུགས་ཀྱིས་ལྡེབས་བྲིས་དང༌། ཐང་གཕྱག་སྒམ་སོགས་ལ་མཐུན་པ་སྤུན་བཞི་འབྲི་ཞིང༌། དེ་ཡང་མཛེས་ཆོས་ཁོ་ནའི་ཆེད་མིན་པར་ཁོར་ཡུག་གང་སར་དེ་ལྟའི་དགེ་མཚན་དང༌། བཀྲ་ཤིས་པའི་རྟགས་སུ་བརྩི་ཞིང༌། རྩོམ་རིག་དང༌། དམངས་ཁྲོད་ཀྱི་གཏམ་དཔེའི་ནང་དུའང་མཐུན་པ་སྤུན་བཞི་མཚོན་དཔེར་བྱས་ཏེ་ཕ་མ་སོགས་རྒན་རབས་རྣམས་ལ་གུས་བཀུར་དང༌། བཟའ་ཚང་དང༌། གྲོགས་ཉེ་དུ་སོགས་ཕན་ཚུན་མཛའ་གཅུགས་གཅིག་ཕན་གཉིས་གྲོགས་མིག་ལྟོས་ཡར་ལྟ་བྱེད་དགོས་པ་དང༌། དེ་ལྟར་བྱས་ན་རང་གཞན་འཕྲལ་ཕུག་གི་བསམ་དོན་འགྲུབ་པའི་ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་སྟོན་གྱི་ཡོད་པ་དེས་མི་སེམས་འགུག་པའི་ནུས་པ་དེ་བས་ཆེ་བ་ཐོན་ཐུབ།

གོང་གི་རྣམ་ཐར་མཚོན་བྱེད་ལ། རྒྱལ་ཁམས་བདེ་ཞིང་ལས་བཞི་དགེ་བའི་རྟེན་འབྲེལ་དུ། ཡུལ་ལྗོངས་ཉམས་དགའ་བར་ན་གྲོ་དྷའི་ཤིང་སྡོང་འདབ་མ་རྒྱས་པ་ལ་འབྲས་བཟང་གཡུར་དུ་ཟ་བས་བརྒྱན་པ་ཞིག་གི་མདུན་ས་ན། གླང་པོ་ཆེ་ཐལ་དཀར་སྟོབས་དང་ལྡན་པ། དེའི་སྟེང་དུ་སྤྲེའུས་ཤིང་ཏོག་འཛིན་པ་ཙོག་ཅིང༌། དེའི་སྟེང་དུ་རི་བོང༌། དེའི་སྟེང་བྱ་སྲེག་པ་བཅས་འོག་མས་གོང་མ་རིམ་པར་བཀུར་བའི་ཚུལ་དུ་རྩེག་མར་གནས་པ་ཞིག་འབྲི་སྲོལ་ཡོད་པ་དེའོ། །རི་མོ་འདི་ནི་ཁྱིམ་ཚང་འཆམ་མཐུན་ཡོང་བ་དང༌། ཁྱིམ་མི་རྒན་གཞོན་བར་ལ་བརྩི་བཀུར་ཆེ་བ་སོགས་ཡ་རབས་དམ་པའི་ངང་ཚུལ་ཡོང་ཆེད་ཡིན་ནོ།།

སྔོན་དུས་འཕགས་ཡུལ་ཝ་རཱ་ཎ་སི་རུ། །

བྱུང་བའི་མཐུན་པ་སྤུན་བཞིའི་གཟུགས་རིས་འདིས། །

བསླབ་གསུམ་ནོར་གྱིས་ཕྱུག་པའི་དགེ་འདུན་རྣམས། །

བསམ་སྦྱོར་འཇུག་པ་མཐུན་པའི་རྟེན་འབྲེལ་སྒྲུབ། །

བརྒྱུད་སྐུལ།

མཆན་སྤེལ།