དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན།

དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན།
༈ བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་སེངྒེས། འཛམ་གླིང་འདིའི་ཡུལ་དབུས་རྡོ་རྗེ་གདན་ཀྱི་སྤོ་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། ས་གའི་ཉ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་དུས་ས་ག་ཟླ་ནས་བརྩིས་པའི་ཟླ་བ་བཅུ་གཉིས་ཀྱི་རྗེས་ཆུ་མོ་ལུག་གི་ནག་པ་ཟླ་བའི་ཉ་ལ། བྱ་རྒོད་ཕུང་པོའི་རིར་བྱང་ཆུབ་སེམས་དཔའི་འཁོར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་དུས་མཚུངས་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ། ནང་སྟེང་འོག་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ཡོད་པར། འོག་ཏུ་བསྡུས་རྒྱུད་ལས་བསྟན་པའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལྷ་བདུན་བརྒྱ་ཉེར་གཉིས་དང༌། སྟེང་དུ་རྩ་བརྒྱུད་ནས་བསྟན་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་མངོན་པར་སྤྲུལ་ཞིང༌། དཀྱིལ་འཁོར་གྱི་བདག་པོའི་སྐུར་བཞེངས་ཏེ། ཤམ་བྷ་ལའི་ཡུལ་གྱི་རྒྱལ་པོ་ཆེན་པོ་ཟླ་བ་བཟང་པོ་དང་།ཡུལ་དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུགགཞན་ཡང་བྱང་ཆུབ་སེམས་དཔའི་འཁོར། ལྷ་དང་ལྷ་མིན་ལ་སོགས་པའི་ཚོགས་དཔག་མེད་ནམ་མཁའི་ཁམས་མཐའ་ཡས་པའི་ཆོས་འབྱུང་གི་ནང་དུ་ཆུད་པའི་དཀྱིལ་འཁོར་དུ་བཅུག་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་བྱིན་ནས། སངས་རྒྱས་ཉིད་དུ་ལུང་བསྟན་ཏེ་ལྕགས་སྦྲུལ་སྤྱི་ལོའི་སྔོན་ ༨༨༡ ལ་ནག་པའི་ཉ་ལ་དུས་ཀྱི་འཁོར་ལོའི་རྩ་བརྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས། འོན་ཀྱང་བོད་དུ་དུམ་བུ་གཅིག་སྟེ་དབང་མདོར་བསྟན་མ་གཏོགས་མ་གྱུར། སྤྱི་ལོ་ ༡༠༢༧ རིགས་ལྡན་བཅུ་གཉིས་པ་ཉི་མའམ་བཅུ་གསུམ་པ་དཔལ་སྐྱོང་ཁྲིར་བཞུགས་ཤིང༌། གྱི་ཇོ་ལོ་ཙཱ་བས་དུས་འཁོར་བོད་ལ་བསྒྱུར་ཅིང་རྒྱ་གར་དུ་སྤྱན་དྲངས། དེའི་ཕྱི་ལོར་དུས་འཁོར་བོད་དུ་སྤྱན་དྲངས། དེ་ནས་རབ་བྱུང་དང་པོ་ཚུགས་ཤིང་ལོ་དེར་མེ་ཡོས་ལོ་ཡིན་པ་དང༌། ད་བར་དུས་འཁོར་བོད་ལ་བསྒྱུར་ནས་རབ་ལོ་ ༩༩༠ སོང་བ་དང༌། བོད་རྒྱལ་ཁབ་དབུ་བརྙེས་ནས་བརྩིས་པའི་བོད་རྒྱལ་ལོ་ ༢༡༤༤ སྟོན་པ་བདེ་བར་གཤེགས་ནས་ལོ་ ༢༡༦༢ ཡེ་ཤུ་འཁྲུངས་པ་ནས་བརྩིས་པའི་སྤྱི་ལོ་ ༢༠༡༧ བཅས་ཡིན་ལ། དུས་རབ་གཅིག་ལ་ལོ་ ༡༠༠ དང༌། ལོ་རབས་གཅིག་ལ་ལོ་ ༡༠ རབ་བྱུང་གཅིག་ལ་ལོ་ ༦༠ ཡིན་པ་ཡང་མཁྱེན་གལ་ཆེ་ཞིང༌། ཐུན་མོང་མ་ཡིན་པའི་དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་སོགས་ཆ་ལག་ཡོངས་སུ་ཚང་བའི་ཆོག་གཞུང་འདི་ཉིད་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་དགོངས་རྒྱ་ཆེ་བཞེས་ཀྱིས་གྲྭ་ཚང་རིན་པོ་ཆེ་འདི་ཉིད་དུ་ཆུ་ཕོ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༧༥༢ ལོར་ཕྱོངས་རྒྱས་རི་བོ་བདེ་ཆེན་ནས་དུས་འཁོར་ཆོག་གྲྭ་དང༌། གྲྭ་ཚང་ལ་སློབ་འཁྲིད་ཀྱིས་དུས་འཁོར་སྒྲུབ་མཆོད་གསར་འཛུགས་བཀའ་དྲིན་ཆེ་ཞིང་སེར་སྐྱ་ ༡༣༠༠ ཙམ་ལ་དུས་འཁོར་བཀའ་དབང་ཡང་བཀའ་དྲིན་བསྩལ།
དཔལ་དུས་ཀྱི་འཁོར་ལོ་ནི་བླ་མེད་ཀྱི་རྒྱུད་སྡེ་ཞིག་སྟེ། དུས་ཞེས་པ་དུས་གསུམ་གང་དུ་ཡང་འགྱུར་བ་མེད་པ་ཡུལ་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཐུགས་དང༌། འཁོར་ཞེས་པ་དེ་ཉིད་ལྷ་སྐུ་བཞིན་ལག་གི་རྣམ་པར་ཤར་བའི་རྟེན་བརྟེན་པའི་དཀྱིལ་འཁོར་ཏེ་སྐུ་ཐུགས་ཟུང་དུ་འཇུག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་ལ། བདེ་སྟོང་གཉིས་སུ་མེད་པའི་དོན་གྱིས་དཔལ་ཞེས་དང༌། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་ཕྱི་ནང་གཞན་གསུམ་གྱི་སྦྱོར་བས་དུས་ཀྱི་འཁོར་ལོ་ཞེས་བྱའོ། །རྣམ་ཀུན་མཆོག་ལྡན་དང༌། དང་པོའི་སངས་རྒྱས་སོགས་མཚན་གྱི་རྣམ་གྲངས་མང་ངོ༌།།
དཔལ་དུས་ཀྱི་འཁོར་ལོར་ཕྱི་ནང་གཞན་གསུམ་ལས། ཕྱི་དུས་ཀྱི་འཁོར་ལོ་ནི། རི་རབ་དང༌། གླིང་བཞི། གླིང་ཕྲན། ཉིན་ཞག་ལོ་ཟླ་ཚེས་ཀྱི་བགྲོད་པ་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཡིན་ལ། ནང་དུས་ཀྱི་འཁོར་ལོ་ནི། འདོད་ཁམས་དང༌། འདོད་ལྷ་རིགས་དྲུགགཟུགས་ཁམས་བཅུ་དྲུགགཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་ནང་བཅུད་ཀྱི་སེམས་ཅན་སྲིད་པ་སོ་གཅིག་སོགས་ཡིན། གཞན་དུས་ཀྱི་འཁོར་ལོ་ནི། བསྐྱེད་རིམ་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང༌། རྫོགས་རིམ་གྱི་སྦྱོར་བ་ཡན་ལག་དྲུག་སོགས་ཡིན་ཞིང༌། དེ་ཡང་ལེའུ་ལྔའི་བདག་ཉིད་ཅན་ལས་ལེའུ་དང་པོ་གཉིས་ཀྱི་བསྟན་བྱ་ཕྱི་དང་ནང་གི་དུས་ཀྱི་འཁོར་ལོ་ནི་ལམ་འདིའི་སྦྱང་གཞི་དང༌། ལེའུ་ཕྱི་མ་གསུམ་གྱི་བསྟན་བྱ་ལམ་འདིའི་སྦྱོང་བྱེད་གཞན་དུས་ཀྱི་འཁོར་ལོ་དབང་དང་རིམ་གཉིས་གཏན་ལ་འབེབས་པ་ལགས་སོ།།
དེ་ལྟར་ལོ་རེའི་ནག་པ་ཟླ་བའི་ཉ་སྟེ་བོད་ཟླ་གསུམ་པའི་ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོར་ཐོག་མར་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཚེས་ཉིན་དུས་འཁོར་དུས་ཆེན་ཞེས་སུ་གྲགས་ཤིང་།དུས་སྐབས་དེར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་སྔར་སྲོལ་ལྟར་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་མཚུངས་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་སྨིན་ཚུགས་གནང་བཞིན་པའོ།།

བརྒྱུད་སྐུལ།

མཆན་སྤེལ།