སོག་པོ་སྟག་འཁྲིད།

སོག་པོ་སྟག་འཁྲིད།

བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བོད་མིའི་སྡོད་ཁང་གི་གཟིམ་ཆུང་ལྡེབས་ངོས་དང༌། བར་ཁྱམ། སྒོ་བཀག་བཅས་ཀྱི་ངོས་སུ་འོས་ཤིང་འཚམས་པའི་སྒོ་ནས་ཚོན་མདངས་རྣམ་པར་བཀྲ་ཞིང༌། བཀྲ་ཤིས་དགེ་མཚན་འབར་བའི་རི་མོ་དུ་མ་ཞིག་འབྲི་སྲོལ་ཡོད་ཅིང༌། དེ་དག་ནི་མཛེས་མཚོན་ཙམ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ནི་རི་མོ་དེ་དག་བྲིས་ནས་འགལ་རྐྱེན་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་མཐའ་དག་བདེ་བླག་ཏུ་འགྲུབ་པའི་རྟགས་དང༌། རྟེན་འབྲེལ་དུ་མ་མཚོན་པར་བྱས་ཡོད།

དེ་དག་ལས་སོག་པོ་སྟག་འཁྲིད་ཅེས་པའི་རི་མོ་འདི་ཡང༌། བླ་བྲང་དང་རྒྱལ་བློན་སོགས་ཀྱི་གཟིམ་ཤག་ཁག་གི་ཁང་པའི་སྒོ་མཆོར་དང༌། རྩིག་ལྡེབས་སོགས་སུ་འབྲི་སྲོལ་ཡོད་ཅིང༌། རི་མོ་འདིའི་ལོ་རྒྱུས་ཁུངས་ལྡན་བློ་གཏད་རུང་བ་ཞིག་མཐོང་ཐོས་སུ་མ་གྱུར་ཀྱང༌། ཆོས་ཕྱོགས་ཀྱི་ནང་དོན་ལྡན་པའི་རྒན་རབས་རྣམས་ཀྱི་ངག་རྒྱུན་བཤད་སྲོལ་ཞིག་ལ། བསྟན་ལ་འཚེ་བའི་རྒྱལ་པོ་གླང་དར་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་གསལ་བ་དེ་ཉིད་རེ་ཞིག་མིང་གི་ལྷག་མ་ཙམ་དུ་བསྣུབས་ཏེ། དད་རྟེན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བཞེངས་བསྐྲུན་སྒྲིག་གཤོམ་མི་ཆོག་པ་མུན་བསྐལ་ལྟ་བུར་གྱུར་བས་ན། རྒྱལ་བསྟན་ལ་དད་ཞེན་ཆེ་བའི་བོད་འབངས་རྣམས་ཀྱིས། རང་གི་སྐྱབས་གནས་རིགས་གསུམ་མགོན་པོའི་མཚོན་དོན་དུ་སོག་པོ་སྟག་འཁྲིད་འདི་ཉིད་བཞེངས་པར་གྲགས་སོ།།

དེ་ཡང་སོག་པོ་ནི་སྨྲ་བའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚོན་དོན་དང༌། སྟག་དེ་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་མཚོན་དོན། ལྕགས་ཐག་དེ་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་བཅས་ཀྱི་རྣམ་པར་སྤྲུལ་བའམ་མཚོན་དོན་ཡིན་པ་ཤོད་རྒྱུན་དུ་གྲགས་ལ། འགའ་ཞིག་གིས་ཕྱག་རྡོར་སོག་པོར་སྦྱར་བའི་ལུགས་གཅིག་ཀྱང་སྣང༌།

དེ་སྔ་བླ་བྲང་ཁག་དང༌། དགོན་སྡེ། སྒེར་པ། འབྱོར་ལྡན་པ་རྣམས་ཀྱི་སྒོ་ནང་དང༌། རྩིག་པའི་ལྡེབས་སུ་བཞེངས་ནས་ཁ་ཕྱི་ཕྱོགས་སུ་གཏད་ན། ཁྱིམ་འདིར་གཟུགས་མེད་གདོན་བགེགས་བར་ཆད་ཀྱི་གནོད་པ་དང༌། བཀྲ་མི་ཤིས་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང༌། ནང་དུ་བཀྲ་ཤིས་བདེ་ལེགས་འབྱུང་བར་མཚོན་པ་དང༌། གནོད་བྱེད་གདོན་བགེགས་བསྲུང་བའི་སྲུང་མ་མཚོན་པར་བྱེད་ཅིང༌། མདོར་ན་བགེགས་དང་བར་ཆད་ཞི་ཞིང༌། བཀྲ་ཤིས་བདེ་ལེགས་ཡོང་བར་དམིགས་ཏེ་བྲིས་པའི་རི་མོ་ཞིག་ཏུ་ཚང་མས་ཡིད་ཆེས་བྱེད་བཞིན་ཡོད།

དེ་ལྟར་ཁང་ཆེན་ཁག་གི་རྒྱལ་སྒོའི་ནང་ལྡེབས་སུ་སོག་པོ་སྟག་འཁྲིད་ཅེས་རྒྱ་སྟག་ངར་མ་ཁྲོ་གཉེར་ཅན་སྒོ་ཕྱོགས་སུ་བསྟན་ནས་ཤོར་བ་ལ་ཁལ་ཁ་ཟུར་དང༌། ཞྭ་མོ་ཝ་ཀིལ་བཅས་སོག་གོས་ཞྭ་ལྷམ་གྱོན་པའི་མི་ཕོ་འདྲ་ཆགས་རྔམ་བརྗིད་ཅན་ཞིག་གིས། སྟག་གི་སྐེ་ལ་བཅིངས་པའི་ལྕགས་ཐག་ཚུར་འཐེན་པའི་རྣམ་པ་ཅན་ཞིག་འབྲི་སྲོལ་ཡོད་ཅིང༌། རི་མོ་འདིའི་མིང་དང་ཆས་གོས་བཅས་ཀྱི་ཆ་ནས་དཔྱད་ན། སྤྱི་ལོའི་དུས་རབས་བཅུ་བདུན་པར་བོད་དུ་སོག་རིགས་ཀྱི་དཔོན་པོ་སོགས་དུ་མ་ཞིག་ཡོད་པས་སྐབས་དེར་ཁོང་ཚོའི་ཆ་ལུགས་ལྟར་བྲིས་པ་མིན་ནམ་སྙམ།

སོག་པོ་སྟག་འཁྲིད་ཀྱི་རི་མོ་འདི་ཉིད་བགེགས་དང་བར་ཆད་མེད་ཅིང༌། བཀྲ་ཤིས་བདེ་ལེགས་ཡོང་བའི་མཚོན་བྱེད་དང༌། ལྷག་པར་ཕྱི་ནས་ཡོང་བའི་གནོད་འཚེའི་རིགས་འགོག་པའི་ཡིད་ཆེས་དང་རྟེན་འབྲེལ་མཚོན་པའི་རི་མོ་ཞིག་ཡིན་ལ། འདི་ནི་གཙོ་བོ་ཐོག་མར་སོག་པོ་ནས་དར་བར་བཤད། དེ་ཡང་སོག་པོ་ཀུན་གྱི་དཔལ་རྩལ་དང་སྟོབས་ཤུགས་ཀྱིས་མཐུ་རྩལ་ཅན་ཀུན་དབང་དུ་འདུས་པ་སྟོན་པའི་རི་མོར་བྲིས་པར་མངོན་པ་བཅས་སོ།།

སྲིད་ཕྱོགས་ནས་སོག་པོ་དེ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་དང༌། སྟག་སྟེ་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་མཚོན་ཞིང༌། གོ་ཤྲིའི་དམག་དང་བཅས་པས་གཙང་མ་སྡེ་སྲིད་འཆམ་ལ་ཕབ་པའི་ལོ་རྒྱུས་ཀྱི་མཚོན་དོན་ཡིན་པར་ཡང་གསུངས་ལ། འགའ་ཞིག་གིས་སོག་པོ་དེ་རྒྱལ་པོ་ལྷ་བཟང་དང༌། སྟག་དེ་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ངོས་འཛིན་མཁན་ཡང་ཡོད།

བརྒྱུད་སྐུལ།

མཆན་སྤེལ།