ཨ་ཙ་ར་གླང་འཁྲིད།

ཨ་ཙ་ར་གླང་འཁྲིད།

དེ་ཡང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། བོད་རིགས་ནི་རྣམ་རྟོག་དང་རྟེན་འབྲེལ་ལ་མངའ་བརྙེས་པའི་མི་རིགས་ཤིག་ཡིན་ཞེས་གསུངས་པ་ལྟར། གངས་ལྗོངས་འདིར་བཀྲ་ཤིས་པ་དང་རྟེན་འབྲེལ་མཚོན་བྱེད་ཀྱི་རི་མོ་དུ་མ་ཞིག་འབྲི་སྲོལ་ཡོད། དེའི་ནང་ནས་གཅིག་ནི་ཨ་ཙ་ར་གླང་འཁྲིད་ཀྱི་རི་མོ་འདི་ཉིད་ཡིན་ཞིང༌། དེ་ཡང་ཨ་ཙ་ར་ཞེས་པ་ནི་ལེགས་སྦྱར་ལྷ་ཡི་སྐད་དང༌། བོད་སྐད་དུ་སློབ་གཉེར་བ་ཞེས་པའི་དོན་ཡིན། དེ་ཡང་ཨ་ཙ་ར་གླང་འཁྲིད་ནི། དཔལ་འབྱོར་ཕུན་སུམ་ཚོགས་པ་ལས་བྱུང་བའི་རྟེན་འབྲེལ་དུ་ངོས་འཛིན་བྱས་ཏེ། རང་རེ་གངས་ལྗོངས་ཀྱི་དགོན་པ་ཁག་གི་སྒོ་མཆོར་དང༌། བླ་ཆེན་སྐུ་དྲག་ཚོའི་གཟིམས་ཤགགཞན་ཡང་ཚོམས་ཆེན་སོགས་ཀྱི་ལྡེབས་རིས་སུ་འབྲི་སྲོལ་ཡོད། ཨ་ཙ་རའི་རྣམ་པ་ཅན་གྱི་ནོར་ལྷས་གླང་པོ་ཆེ་ནོར་བུས་བརྒྱན་པ་ལ་ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་བཀང་བའི་ནོར་གཞོང་བཀལ་བ་ཞིག་འཁྲིད་པའི་རི་མོ་འབྲི་སྲོལ་ཡོད།

ཨ་ཙ་ར་གླང་འཁྲིད་ཀྱི་རི་མོ་འདིའི་མཚོན་དོན་ནི། ཨ་ཙ་ར་ནི་ཚོགས་བདག་གླང་སྣའི་སྤྲུལ་པར་གྲགས་པས་དེ་མཚོན་སླད་དང༌། གཟུགས་དངོས་མ་བྲིས་པ་ནི་མགོན་པོའི་ཞབས་འོག་ཏུ་མནན་པས་ཡིན་ནམ་སྙམ། གླང་ཆེན་ནི་མཐུན་པ་སྤུན་བཞིའི་སྐབས་སུ་ཀུན་དགའ་བོའི་མཚོན་བྱེད་དུ་བྱེད་ཀྱང༌། འདིར་ཚོགས་བདག་གི་གཞོན་པར་གྲགས་པས་དེའི་མཚོན་བྱེད་ཡིན་ཞིང༌། གླང་ཆེན་གྱི་སྟེང་དུ་ནོར་བུ་བཀལ་བ་བྲིས་པ་ནི། ནོར་བདག་གི་མཚོན་བྱེད་དུ་བཀོད་པར་གྲགས་པས། ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་གྱི་ཆེད་དུ་བྲིས་པ་ཞིག་ཡིན།

དེས་ན་ཨ་ཙ་ར་གླང་འཁྲིད་ནི། ཨ་ཙ་ར་ཞེས་པ་རྒྱ་གར་གྱི་མི་རིགས་ཀྱི་གྲས་ཤིག་ཡིན་པ་དང༌། གླང་ཆེན་གྱི་ཐོན་ཁུངས་ཀྱང་རྒྱ་གར་ཡིན་ལ། མཐུན་པ་སྤུན་བཞིའི་ནང་གི་གླང་ཆེན་ནི་ཀུན་དགའ་བོ་ཡིན་པ་དང༌། བཀྲ་ཤིས་རྫས་བརྒྱད་ཀྱི་གླང་པོ་ཆེ་ནོར་སྐྱོང་ཞེས་གླང་ཆེན་ལ་མཐའ་ཡི་རྒྱ་མཚོ་ནས་བླངས་པའི་ནོར་བུ་བཀལ་ཏེ་ཨ་ཙ་རས་འཁྲིད་ནས་ཁྱིམ་དུ་སྐྱེལ་བའི་མཚོན་ཚུལ་དེས། ཁྱིམ་དེར་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཡོང་བའི་རྟེན་འབྲེལ་མཚོན་བྱེད་ཡིན་པ་ཤོད་རྒྱུན་དུ་གྲགས་སོ།།

ཡང་བཤད་ཚུལ་གཞན་ཞིག་ལ། ཨ་ཙ་ར་ནི་དཔལ་མགོན་བྲམ་གཟུགས་དང༌། གླང་ཆེན་ནི་ཚོགས་བདག་གླང་སྣའི་མཚོན་བྱེད་ཡིན་ཞིང༌། གླང་པོ་ཆེས་ནོར་གཞོང་ངམ་ནོར་བུ་མེ་འབར་བཏེགས་པ་བཅས་སྒོའི་ནང་ལྡེབས་སུ་ཁ་ནང་དུ་ཕྱོགས་ཏེ་བྲིས་པས། རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་མཚོན་པ་དང༌། མཆོག་དང་ཐུན་མོང་གི་འདོད་པའི་དངོས་གྲུབ་ཐམས་ཅད་འབད་དང་རྩོལ་བ་མི་དགོས་པར་འབྱུང་བའི་རྟེན་འབྲེལ་སྒོ་ཀུན་ནས་མཚོན་པར་ཡང་བཤད་དོ།།

གཞན་ཡང་ཨ་ཙ་རས་རྒྱ་གར་གྱི་མཁས་པ་པཎྜི་ཏ་དང༌། གླང་པོ་ཆེར་ནོར་བུ་བཀལ་ནས་ཁྲིད་པས། སྡེ་སྣོད་གསུམ་མཚོན་པའི་བཀའ་དང་བསྟན་བཅོས་ཀུན་གངས་ཅན་གྱི་ལྗོངས་སུ་དྲངས་ཏེ་མདོ་སྔགས་ཕུན་སུམ་ཚོགས་པའི་བསྟན་པ་རིན་པོ་ཆེ་དར་བར་མཚོན་པར་བཤད་ལ། དེ་ཡང་སྒོ་མཆོར་སོགས་ཀྱི་གྱང་ལྡེབས་སུ་རྒྱ་གར་བ་ཞིག་གིས་ནོར་བུ་རྒྱབ་ཏུ་བཀལ་བའི་གླང་ཆེན་ཞིག་ཁ་ཁང་པའི་ནང་དུ་ཕྱོགས་ཏེ་ཁྲིད་ཡོང་བ་ཞིག་འབྲི་སྲོལ་ཡོད་པ་ནི། རྒྱུ་ནོར་ནང་དུ་འདྲེན་པའི་རྟེན་འབྲེལ་ཡིན་ཞིང༌། ཁང་པའི་ནང་དུ་རི་མོ་དེ་ཡོད་ན་རྒྱུ་ནོར་ལོངས་སྤྱོད་འཕེལ་བར་ཡིད་ཆེས་བྱེད་བཞིན་ཡོད།

བྲིས་ཆ་འདི་ནི་ལྷ་མོའི་གཞུང་ཆེན་བརྒྱད་ལས་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས། ཡུལ་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་བྲམ་ཟེས་རྒྱལ་པོ་དྲི་མེད་ཀུན་ལྡན་ལ་ནོར་བུ་དགོས་འདོད་དཔུང་འཇོམས་སྦྱིན་པ་ཞུས་ཏེ་གླང་པོ་ཆེར་བཀལ་ནས་རང་ཡུལ་དུ་ཆས་པའི་འདྲ་རིས་རེད་སྙམ། དེ་ཡང་རྣམ་ཐར་ལས།

ལེགས་ལྡན་བྲམ་ཟེ་ཆེན་པོ་ད་བཞེངས་ཤིག།

གཞོན་ནུ་སྟོབས་རྩལ་ལྡན་པའི་གླང་ཆེན་ལ། །

དཔུང་འཇོམས་འདོད་རྒུའི་གཏེར་ཆེན་མགྱོགས་པར་ཀོལ། །

ཞེས་པ་ནས་མཚོན་ནོ།།

གོང་གསལ་གྱི་རི་མོ་དེ་དག་སྡོད་ཁང་དུ་བྲིས་ཚེ་བལྟས་པ་ཙམ་གྱིས་བོད་ཀྱི་རི་མོའི་སྒྱུ་རྩལ་དང༌། མི་རིགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཞིང༌། ད་དུང་རི་མོ་སོ་སོའི་ནང་དོན་གྱི་རྣམ་པ་མི་འདྲ་བའི་ཐོག་ནས་རྟགས་དང་རྟེན་འབྲེལ་རེ་མཚོན་པར་བྱས་ཡོད་པ་འདིས། ཁུངས་དང་རྒྱུ་མཚན་ངེས་ཅན་ཞིག་དྲངས་པའི་ཐོག་ནས། བོད་རིགས་ནི་སྔ་རབས་ནས་ཤེས་རིག་རྣམ་པར་བཀྲ་བའི་མི་རིགས་ཤིག་ཡིན་པ་གླེང་མེད་དུ་མངོན་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།