ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ངོ་སྤྲོད།

ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ངོ་སྤྲོད།

ས་ག་ཟླ་བ་ཞེས་པ་ནི། སྐར་རྩིས་པ་རྣམས་ཀྱི་བཤད་སྲོལ་ལ་ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི་ཟླ་བ་སོ་སོའི་ཚེས་བཅོ་ལྔའི་ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་གང་ཁེལ་བར་གཞིར་བཟུང་སྟེ་ཟླ་བ་དེར་མིང་དེ་ལྟར་བཏགས་པ་ཡིན་ཞིང༌། ཧོར་ཟླ་བཞི་པ་སྟེ་བོད་ལུགས་ཀྱི་ཟླ་བ་བཞི་པའི་ཚེས་༡༥ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་ནི་ས་ག་ཡིན་པས་བོད་ཟླ་བཞི་པར་ས་གས་ཉ་བའི་ཟླ་བ་ཞེས་ཟེར།

ལྷག་པར་ཚེས་༡༥ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་སྐུ་འཁྲུངས་པ་དང༌། མངོན་པར་སངས་རྒྱས་པ། ཡོངས་སུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་ཏེ། བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་དགའ་ལྡན་ལྷའི་གནས་ན་ལྷའི་དཔལ་ཕུན་ཚོགས་ལ་བདེ་བར་རོལ་བཞིན། ལྷ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པའི་ཚེ་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ལྷའི་སིལ་སྙན་གྱི་རོལ་མོའི་སྒྲ་ལས་འཛམ་བུའི་གླིང་དུ་འབྱོན་པའི་དུས་ལ་བབ་པར་བསྐུལ་བ་ལ་བརྟེན་ནས་འཇིག་རྟེན་ན་རིགས་དང༌། རུས་དང༌། ཡུལ་དང༌། དུས་དང༌། ཡུམ་བྱེད་པར་ནུས་པའི་བུད་མེད་བཅས་གཟིགས་པ་ལྔ་ལ་གཟིགས་ནས་དགའ་ལྡན་ནས་ཕེབས་ཏེ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ་ས་ལུག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ཏེ་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པའི་དུས་ཆེན་དང་གཅིག

དགུང་ལོ་སོ་ལྔར་བབ་པ་རྒྱལ་བ་ཞེས་པ་ཤིང་རྟ་ས་ཟླའི་ཡར་ཚེས་བཅོ་ལྔའི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་བཏུལ་ཐོ་རེངས་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས།

དགུང་ལོ་གྱ་གཅིག་ཏུ་ཕེབས་པ་རྣམ་གནོན་ཞེས་པ་ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་།ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་ཅིང༌།

འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། །

ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། །མྱ་ངན་ལས་འདས་པ་ཞི་བའོ།།

ཞེས་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་གསུངས་ཏེ་དོན་དམ་ནམ་མཁའ་མ་ཟད་ཀྱི་བར་དུ་གཟུགས་སྐུའི་བཀོད་པ་དང༌། འཕྲིན་ལས་རྒྱུན་ཆད་མེད་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་ཚུལ་གྱི་མཛད་པ་བསྟན་པ་དང་གསུམ་བཅས་དུས་ཆེན་ཁྱད་འཕགས་གསུམ་འཛོམས་ཡིན་པས་དེ་ཉིན་མཆོད་འབུལ་སོགས་བྱས་ན་འགྱུར་ཆེད་བརྩི་བའི་ཟླ་བ་དེའི་རིང་དགོན་སྡེ་ཁག་ལྟ་ཅི། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཤ་སོགས་དམར་ཟས་སྤངས་ཤིང་དཀར་ཟས་བསྟེན་པའི་གོམས་གཤིས་ཡོད་ཅིང༌། གཞུང་གནས་དང༌། རྩིས་ཁང་ལས་ཁུངས་ནས་ཤོད་སྐོར་གྱི་ས་ཟླའི་མཆོད་སྤྲིན་མ་དངུལ་སྐྱེད་འབབ་ཐོག་ཞལ་འདེབས་ཀྱིས་ཚེས་བརྒྱད་དང༌། བཅོ་ལྔ། གནམ་གང་བཅས་ལ་གཙུག་ལག་ཁང་དང༌། ར་མོ་ཆེ། རྩེ་འཕགས་པ་ལྷ་ཁང་བཅས་སོ་སོར་སྟོང་མཆོད་རེ་དང༌། རྟེན་གཙོ་ཚང་མར་ཞལ་གསེར་སྒྲོན་འབུལ། ཕྱོགས་མཐའ་མཐའ་འདུལ་དང་ཡང་འདུལ་སོགས་ཀྱི་རྟེན་ཁག་ལ་ཞལ་གསེར་སྒྲོན་འབུལ། སྙན་ཤལ་སོགས་ཀྱི་མཆོད་ཡོན་དོད་དངུལ་བཅས་བཀའ་ཤག་དམ་སྦྱར་བཀའ་རྒྱར་ཁུངས་སོ་སོར་གཏོང་སྲོལ་ཡོད།

ཚེས་༡༥ཉིན་ཞོགས་པ་སྔ་ཆར་ཤོད་སྐོར་རྣམས་དམིགས་བསལ་གྱིས་ས་དབང་རྣམ་པ་ན་བཟའ་ཇུས་སེར་དང༌། ཛ་ཐའི། རིམ་བཞི་བཅས་ན་བཟའ་མཛོད་སེར། རྩིས་དཔོན། བླ་ཕྱགསྲས་རྣམ་པ། ལས་ཚན་པ། དྲུང་དཀྱུས། རྩིས་ཕྲུག་པ་བཅས་ཀྱི་ན་བཟའ་ཚོས་མན་ལི་སེར་དང༌། དབུ་ཞྭ་ལྕང་མདའ་བཅས་གཟབ་བཞེས་དང་བཅས་ཞོགས་པ་གཙུག་ལག་ཁང་དུ་སྡེབ་འཛོམས་ཐོག་གནས་གཟིགས་གོ་རིམ་བཞིན་ཕེབས་ཏེ་ཇོ་བོ་རྣམ་གཉིས་དང༌། ཐུགས་རྗེ་ཆེན་པོ་གསུམ་སོ་སོར་སྙན་ཤལ་ནང་མཛོད་སྣ་ལྔ་རེ་དང༌། དེ་བྱིངས་ཚང་མར་ཨ་ཤེ། ཟུབ་ཕྱི། ཕྱི་མཛོད་བཅས་སྒྲོན་འབུལ། དཀྱིལ་འཁོར་མཐིལ་མཚོ་མིག་ལ་མཚོ་རྫས་རིན་ཆེན་སྣ་ལྔའི་འཐུམ། གནས་གཟིགས་གྲུབ་སྟེ་སྣང་རྩེ་ཤག་ལས་ཁུངས་ཀྱི་སྒོ་འགྲམ་ཕེབས་སྐབས་མི་དཔོན་གཉིས་དང༌། གཉེར་དྲུང༌། ཁང་གཉེར་བཅས་ཀྱིས་སྦྲང་བན་ཞུས་ཐོག་ས་དབང་རྣམ་པ་བཞི་སྐུ་ཐར་ཉེས་ཅན་བཙོན་པ་མི་བཞི་པུས་མོ་བཙུགས་ནས་གྲལ་བསྒྲིགས་ཏེ་བསྡད་ཡོད་པ་ལ་བཀའ་མགྲོན་དང༌། རྩིས་པས་མི་རེར་ཁ་བཏགས་རེ་གཡོག་སྟེ་གློད་བཀྲོལ་གནང་སྲོལ་འདུག

དེ་ནས་ར་ཆེའི་གནས་གཟིགས་གྲུབ་རྗེས་གླིང་བསྐོར་བརྒྱུད་ནོར་གླིང་ཕོ་བྲང་དུ་བཅར། རྟེན་གཙོར་སྙན་དར་སྒྲོན་འབུལ་མཛད། དྲུང་བཞེས་ཚུགས། ༸གོང་ས་༸སྐྱབས་མགོན་ཆེན་པོར་མཇལ་ཁ་ཞུས། གསོལ་ཇ། བཞེས་འབྲས། དཀར་སྐྱོང་བཞེས་ཞོ། ཕེབས་སྒོ་བཞེས་ཟས་བཅས་ཕེབས། དེ་ནས་དྲུང་བཞེས་གྲོལ། བཀའ་བློན་ཚོ་བདེ་སྐྱིད་གླིང་ཁ་བར་ཡར་མར་ཆིབས་ཐོག་དང༌། དེ་ནས་མུ་མཐུད་གླིང་སྐོར་གྱི་གླང་ཁང་ཟུར་བརྒྱུད་རྩེར་གནས་གཟིགས་དང༌། དེ་ནས་ཕྱིར་ཕེབས་ཀླུ་ཁང་ནང་ཕེབས་འབྱོར་མཚམས་ཀོ་དཔོན་གཉེར་པས་ཕེབས་ཀོ་ཉིས་སྦྲེལ་གཉིས་ཏེ་གཏོང་མི་ཀོ་པ་རྣམས་ཀྱང་རང་ལུགས་གྱོན་ཆས་གཟབ་མཆོར་གྱིས་ཕེབས་སྒུག་ཨང་གསར་ཐོག་ས་དབང་རྣམ་པ་འཁོར་བཅས་ཕེབས་ཀོར་བཞུགས། ཀླུ་ཁང་གི་རྡོ་སྐས་མཚམས་ཞོལ་གཉེར་སེར་སྐྱ་རྣམས་དང་གཉེར་དྲུང་བཅས་ནས་བྱིངས་བར་ཁྱམས་ཁོར་ཡུག་ཏུ་བཞུགས་སྒྲིག་སར་གོ་རིམ་བཞིན་འཁོད། ཞོལ་ལས་ཁུངས་ནས་གསོལ་ཇ། འབྲས་བསིལ། ལའི་ཞེས་སྦང་ལུམ་བཙིར་བའི་ཁུ་བ། དགུང་ཚིགས་དཀར་སྐྱོང་རིམ་འབུལ་ཞུས། ལྷ་སའི་ནང་མའི་སྐྱིད་སྡུག་པ་ཚོས་རོལ་ཆ་དང༌། གཞས་ཞབས་བྲོ་རྣམ་ཐར་བཅས་གཏོང་མི་དང༌། ཀོ་དཔོན་གཉེར་པ། ཞོལ་ནང་བཅས་པར་ལེགས་དར། དངུལ་གྱི་གནང་ཆ་བསྩལ་ཏེ་ཕེབས་ཀོར་མཚོ་བསྐོར་གནང་སྒོ་ཟིན་མཚམས་གླིང་བསྐོར་འཕྲོ་སྐྱོང་དུ་ཕེབས།

དེ་ཉིན་རྩེ་ཡིག་ཚང་ལས་ཁུངས་ནས་ཀྱང་སྔོན་ཚུད་རྟེན་གཙོ་ཁག་ལ་༸རྒྱལ་དབང་མཆོག་གི་ཐུགས་སྨོན་སྙན་ཤལ་ཞུ་ལེན་དང༌། བྱིན་རྟེན། མཛོད་ཆུང་ཁོངས་ནས་སྤྲང་འགྱེད་བསྡོགས་ལེན་མཁན་དྲུང་བཞི་དང༌། ཡིག་ཚང་འཁོར་བཅས་ན་བཟའ་རྒྱུན་ཆས་ཁ་གསར་གཟབ་མཆོར་གྱིས་སྔ་ཆར་རྩེ་ཕོ་བྲང་དུ་ཚང་འཛོམས་ཐོག་འཕགས་མཆོག་ལོ་ཀེ་ཤ་རས་གཙོས་རྩེའི་ལྷ་ཁང་ཁག་དང༌། གོང་བཞིན་གླིང་སྐོར་དུ་ཕེབས་ཏེ་ཀླུ་ཁང༌། ར་ཆེ་གཙུག་ལག་ཁང་སོགས་ལ་གནས་གཟིགས། བྱིན་རྟེན་བཅས་ངན་སློང་ལ་སྦྱིན་པ་དང༌། སྒེར་སོ་སོའི་མཆོད་འབུལ་གཟབ་རྒྱས་དང་སྦྱིན་གཏོང་སོགས་བྱེད་སྲོལ་ཡོད།

མང་ཚོགས་སེར་སྐྱ་རྣམས་ནས་ཀྱང་སྔ་དྲོ་ཕྱག་མཆོད་སོགས་ཚར་རྗེས་ཇ་ཆང་དང༌། ཟ་ཆས་འཁྱེར་ཏེ་ཀླུ་ཁང་ནང་ཀོ་གྲུར་བསྡད་ནས་མཚོ་སྐོར་དང༌། གཞས་རྣམ་ཐར་གཏོང་བས་མཚོན་སྤྲོ་སྐྱིད་གང་ལེགས་གཏོང་སྲོལ་ཡོད་པ་མ་ཟད། རང་རང་འཁོས་འབྱོར་ལ་དཔག་པའི་དཀོན་མཆོག་ལ་མཆོད་པ་དང༌། སློང་མོ་བར་སྦྱིན་གཏོང་རྒྱ་གང་ཆེ་བྱེད་སྲོལ་ཡོད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།