འདོད་ཡོན་སྣ་ལྔའི་མཚོན་དོན་འགྲེལ་བཤད།

འདོད་ཡོན་སྣ་ལྔའི་མཚོན་དོན་འགྲེལ་བཤད།

དེ་ཡང་འདོད་ཡོན་ལྔ་སྟེ། ལེགས་སྦྱར་གྱི་སྐད་དུ་ཀཱ་མ་གུ་ཎ་ཞེས་སུ་འབོད་ཅིང༌། འདོད་པའི་ཡོན་ཏན་འདི་དག་ཁམས་གསུམ་ལས་ཆ་ཚང་ཡོད་པའི་ཁམས་ནི་འདོད་ཁམས་ཁོ་ན་ཡིན་ཏེ། དེ་དག་ཡིད་དུ་འོང་བའི་ཡོན་ཏན་གྱི་ཡུལ་ཡིན་པས་འདོད་ཡོན་དང༌། དབང་ཤེས་ལྔའི་སྤྱོད་ཡུལ་ཡིན་པས་ན་གྲངས་ལྔ་རུ་ངེས་པས་འདོད་ཡོན་ལྔ་ཞེས་གྲགས།

དེ་ལྟར་འདོད་ཡོན་ལྔ་ནི་ཡུལ་ཅན་དབང་ཤེས་ལྔའི་ཡུལ་དུ་གྱུར་ཅིང་དེ་དག་གི་སྤྱོད་ཡུལ་དུ་གྱུར་པའི་ཚེ། དང་པོ་འཕྲད་པའི་སྐབས་ཡིད་ཀྱི་དང་བ་འདྲེན་པ་དང༌། བར་དུ་མྱོང་བའི་སྐབས་དབང་པོ་ཚིམ་པར་བྱེད་པ། ཐ་མ་སྤྱོད་ཡུལ་དུ་གྱུར་རྗེས་ལུས་སེམས་བརྟས་པར་བྱེད་པས་འདོད་པའི་ཡོན་ཏན་དུ་གྲགས་པ་ཡིན།

འདོད་ཡོན་ལྔ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའམ། གཟུགས་ཀྱི་ཡོན་ཏན་དང༌། སྒྲའི་ཡོན་ཏན། དྲིའི་ཡོན་ཏན། རོའི་ཡོན་ཏན། རེག་བྱའི་ཡོན་ཏན་ནམ་ནུས་པ་ལ་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་ལ། གཟུགས་མེ་ལོང༌། སྒྲ་པི་ཝང༌། དྲི་བདུག་སྤོས། རོ་ལྷ་བཤོས། རེག་བྱ་དར་དཀར་བཅས་མཆོད་རྫས་ཀྱི་བྱེ་བྲག་མེ་ལོང་དང༌། པི་ཝང༌། དུང་ཆུ། ཤིང་འབྲས། དར་དཀར་ལྔ་པོས་རིམ་བཞིན་གཟུགས་སྒྲ་དྲི་རོ་རེག་བྱ་སོ་སོར་མཚོན་པ་ལ་འདོད་ཡོན་སྣ་ལྔ་ཞེས་བྱའོ།།

དེ་ཡང་གསང་འདུས་ལས་ཇི་སྐད་དུ། གཟུགས་ལ། རིན་ཆེན་དབང་གི་རྒྱལ་པོ་བཻཌཱུརྱ། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །ཞེས་དང༌། སྒྲ་ལ། མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་ལ་སྒྲ་ཡི་ཚོགས། །ཞེས་དང༌། དྲི་ལ། ག་བུར་ཨ་ཀར་ཛ་ཏི་ལ་སོགས་པ། །ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། །ཞེས་དང༌། རོ་ལ། ལུས་མཆོག་རྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །ཞེས་དང༌། རེག་བྱ་ལ། ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པའི་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ཡི་ལྷ་ཡི་སྐུ་ལ་དབུལ་བར་བྱ། །ཞེས་གསུངས་པ་ལྟར་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་སྤྱན་སྔར་མེ་ལོང་དང༌། པི་ཝང༌། བདུག་སྤོས། ལྷ་བཤོས། དར་དཀར་བཅས་ཀྱིས་ཡིད་དུ་འོང་བའི་མཆོད་པ་ཤོམ་པ་དེས་དངོས་སུ་བཤམས་པ་དང༌། ཡིད་ཀྱིས་སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་རུ་འདུས་པའི་མཆོད་པའི་བྱེ་བྲག་ཡོངས་སུ་རྫོགས་པ་མཚོན་ཞིང༌། དེ་བཞིན་དུ་འཇིག་རྟེན་འདོད་པའི་ཡོན་ཏན་ལྔ་པོ་མཚོན་པ་ལའང་གོང་མཚུངས་མཚོན་སྟངས་ཁྱབ་ཆེ་སྟེ། མཚོན་ཚུལ་ནི། མེ་ལོང་གིས་གཟུགས་མཚོན་ཞིང༌། པི་ཝང་གིས་སྒྲ་དང་། བདུག་སྤོས་ཀྱིས་དྲི། ལྷ་བཤོས་ཀྱིས་རོ། དར་དཀར་གྱིས་རེག་བྱ་བཅས་མཚོན་ནོ།།

གཞན་ཡང༌། ཨེ་མ་ཧོ་མཆོད་པ་བླ་ན་མེད། །རང་བྱུང་མཆོད་པ་ཆེན་པོ་བ། །གཟུགས་ཀྱི་ལྷ་མོས་མེ་ལོང་འཛིན། །གཟུགས་ཀྱི་མཆོད་པ་སྤྱན་ལ་འབུལ། །སྒྲ་ཡི་ལྷ་མོས་པི་ཝང་འཛིན། །སྒྲ་ཡི་མཆོད་པ་སྙན་ལ་འབུལ། །དྲི་ཡིས་ལྷ་མོས་དུང་ཆོས་འཛིན། །དྲི་ཡི་མཆོད་པ་ཤངས་ལ་འབུལ། །རོ་ཡི་ལྷ་མོས་ཞལ་ཟས་འཛིན། །རོ་ཡི་མཆོད་པ་ལྗགས་ལ་འབུལ། །རེག་བྱའི་ལྷ་མོས་ན་བཟའ་འཛིན། །རེག་བྱའི་མཆོད་པ་སྐུ་ལ་འབུལ། །ཞེས་པ་ལྟར་འདོད་པའི་ཡོན་ཏན་ལྔའི་མཆོད་པ་གཟུགས་མེ་ལོང༌། སྒྲ་པི་ཝང༌། དྲི་བདུག་སྤོས། རོ་ལྷ་བཤོས། རེག་བྱ་དར་དཀར་བཅས་ལྔའམ་འདོད་ཆགས་སྐྱེ་ཡུལ་གྱི་ཡོན་ཏན་ལྔ་སྟེ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་བཅས་རྣམས་སངས་རྒྱས་བྱང་སེམས་དང༌། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་སྐྱབས་ཡུལ་རྣམས་ལ་འབུལ་བ་ལགས་སོ།།

དེ་ལྟར་འདོད་པའི་ཡོན་ཏན་ལྔ་ཡིས་གང་ཞིག་མཚོན་པར་བྱེད་པའི་གཞི་ནི།སེམས་ཅན་གྱི་དབང་ཤེས་སོ་སོའི་ངོར་སྣང་བའི་ཡུལ་ཡིད་དུ་འོང་བ་མཚོན་པར་བྱེད་པ་སྟེ། མིག་ཤེས་ཀྱི་བཟུང་བྱར་གྱུར་པའི་ཡིད་འོང་གི་གཟུགས་མཛེས་པ་མཚོན་པའི་ཕྱིར་རིན་ཆེན་མེ་ལོང་དང༌། རྣ་ཤེས་ཀྱི་མཉན་བྱར་གྱུར་པའི་སྙན་ཞིང་འཇེབས་པའི་སྒྲ་དབྱངས་མཚོན་ཕྱིར་པི་ཝང༌། སྣ་ཤེས་ཀྱི་སྣོམ་བྱར་གྱུར་པའི་དྲི་ཞིམ་ངད་ལྡན་མཚོན་ཕྱིར་དྲི་ཡི་དུང་ཆོས། ལྕེ་ཤེས་ཀྱི་མྱོང་བྱར་གྱུར་པའི་རོ་བཅུད་གཉིས་ལྡན་མཚོན་ཕྱིར་ཤིང་འབྲས། ལུས་ཤེས་ཀྱི་རེག་བྱར་གྱུར་པའི་འཇམ་རྩུབ་སོགས་མཚོན་ཕྱིར་དར་དཀར་བཅས་མདོ་སྔགས་ཀྱི་དགོངས་དོན་ཟབ་མོ་ལྟར་མཚོན་བྱ་དོན་རྣམས་མཚོན་པར་བྱེད་པའི་མཆོད་པའི་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།

དེ་ཡང་རྣམ་སྲས་ཀྱི་བསྐང་ཆོག་ལས། རབ་འབྱམས་ཞིང་ན་ཡིད་འོང་གཟུགས་མཛེས་མཆོག།རྣར་སྙན་ཡིད་འབབ་སྒྲ་སྙན་གང་ཡོད་དང༌། །དྲི་ཞིམ་ངད་ཀྱིས་སྟོང་གསུམ་ཡོངས་གང་ཞིང༌། །རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་དང༌། །འཇམ་མཉེན་འཁྲིལ་ཆགས་ལྷ་རྫས་ན་བཟའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་པ་བཞིན། །རྒྱལ་ཆེན་འཁོར་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག།ཅེས་པ་ལྟར་དེ་ནི་སངས་རྒྱས་བྱང་སེམས་ཀུན་ལ་མཆོད་པ་ཕུལ་བ་ཡིན་ཏེ། སོ་སོ་སྐྱེ་བོ་ཀུན་གྱི་དབང་པོ་ལྔ་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ནས་དལ་འབྱོར་གྱི་ལུས་རྟེན་དོན་མེད་སྟོང་པར་ཟད་པའི་རྒྱུར་འགྱུར་ཞིང༌། དེ་ཡང་དཔེར་ན་མིག་གི་དབང་པོ་གཟུགས་མཛེས་ལ་ཆགས་པ་དང༌། རྣ་བའི་དབང་པོ་སྒྲ་སྙན་པ་ལ་ཆགས་པ་དང༌། སྣ་ཡི་དབང་པོ་དྲི་ཞིམ་པ་ལ་ཆགས་པ་དང༌། ལྕེའི་དབང་པོ་རོ་ཞིམ་མངར་ལ་ཆགས་པ་དང༌། ལུས་ཀྱི་དབང་པོ་རེག་བྱ་འཇམ་པ་ལ་ཆགས་ཏེ་ཆོས་སྒྲུབ་ལོང་མེད་པར་འཆི་དགོས་ཤིང༌། ངོམས་པ་མེད་པའི་ཉེས་པ་ནི་ཕྱེ་མ་ལེབ་གཟུགས་དང༌། རི་དྭགས་སྒྲ་དང༌། བུང་བ་དྲི་དང༌། ཉ་རོ་དང༌། གླང་ཆེན་རེག་བྱ་ལ་ཆགས་པས་ཕུང་བ་ལྟར། འཁོར་བའི་བདེ་སྐྱིད་འདི་ནི་ལན་ཚྭའི་ཆུ་འཐུང་བ་བཞིན། ཇི་ཙམ་བྱུང་ཡང་ངོམས་པ་མེད་ཅེས་གསུངས་པ་བཞིན་ནོ།།

གཞན་ཡང་དཔལ་མཆོག་གི་རྒྱུད་ལས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ།།མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཞེས་འབྱུང་བ་ལྟར་མིག་གི་ཡུལ་དུ་དབྱིབས་དང་ཁ་དོག་ལེགས་ཤིང་ལྟ་ན་སྡུག་པའི་གཟུགས་ཀྱི་རྣམ་པ་ཇི་སྙེད་པ་དང༌། རྣ་བའི་ཡུལ་དུ་ཟིན་པ་དང་མ་ཟིན་པའི་སྒྲ་སྙན་ཞིང་འཇེབས་པ་དང༌། སྣ་ཡི་ཡུལ་དུ་སྦྱར་བྱུང་དང་ལྷན་སྐྱེས་ཀྱི་དྲི་བཟང་པོ་ཡིད་དུ་འཐད་པ་སྦགས་བཙོག་མི་གཙང་བའི་དངོས་པོ་སེལ་བར་བྱེད་པ་རྣམས་དང༌། ལྕེ་ཡི་ཡུལ་དུ་རོ་མངར་བ་སོགས་བཅུད་ལྡན་ཞལ་ཟས་རོ་བརྒྱའི་དངོས་པོ་གྱ་ནོམ་པ་དག་དང༌། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་ཤིང་དྲོ་གྲང་ཡིད་ལ་འཐད་པའི་དར་ཟབ་སོགས་མཛེས་ཤིང་བརྗིད་ཆགས་པའི་གོས་ཀྱི་བྱེ་བྲག་ཐམས་ཅད་དེ། འདི་རྣམས་མཆོད་པས་འདོད་ཡོན་ལ་མངོན་པར་ཞེན་པའི་བག་ཆགས་སྦྱོང་ཞིང་མཐར་རྡོ་རྗེ་སྒེག་མོ་མ་ལ་སོགས་པའི་ངོ་བོར་གནས་སུ་དག་པར་འགྱུར་རོ།།

དེ་ལྟར་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་རྒྱུད་སྡེ་ཟབ་མོར་ཕྱི་ནང་གསང་བའི་མཆོད་པའི་རྫས་ལ། ཕྱི་ཡི་མཆོད་རྫས་གཙོ་བོ་གཟུགས་རྡོ་རྗེ་མ་སོགས་མཆོད་ལྷའི་ཕྱག་མཚན་དུ་བཀོད་པ་སོགས་ནི་སྔགས་ཆོག་དང༌། མདོ་ལུགས་ཀྱི་ཆོ་ག་རྣམས་སུའང་འདོད་ཡོན་ལྔ་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དག་གི་ཡོན་ཏན་དང༌། འབུལ་ཚིགམཆོད་སྔགས་བཅས་རྒྱ་ཆེར་བཀའ་བསྩལ་བའི་དགོངས་དོན་ལྟར། ཕྱི་རབས་བསྟན་འཛིན་མཁས་གྲུབ་ལོ་པཎ་རྣམས་ཀྱིས་མཛད་པའི་དགོངས་འགྲེལ་བསྟན་བཅོས་རྣམས་སུའང་མཆོད་རྫས་སྤྱི་འདུས་ཀྱི་མཚོན་དོན་དང༌། མཐོང་ཐོས་དྲན་རེག་གིས་ཀྱང་སྡེ་བཞིའི་དཔལ་ཡོན་མཐའ་དག་ངང་གིས་འདུ་ཞིང་འཕེལ་བ་སོགས་ཡོན་ཏན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པར་བརྟེན། བྱིན་རླབས་ཆེ་ཞིང་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་དུ་མར་གྱུར་པའི་འདོད་ཡོན་ལྔའི་རི་མོ་འདི་ཡང་རྟེན་གསུམ་གྱི་གཙུག་ལག་ཁང་དང༌། དགེ་འདུན་གྱི་ཀུན་དགའ་ར་བ་སོགས་སུ་འབྲི་བཞེངས་མཛད་སྲོལ་རིམ་པར་དར་ཁྱབ་བྱུང་བ་ཞིག་ཡིན།

འདོད་ཡོན་སྣ་ལྔའི་གཟུགས་བརྙན་ནི། གཟུགས་མཚོན་པར་བྱེད་པ་ལ་མེ་ལོང་དང༌། སྒྲ་མཚོན་པར་བྱེད་པ་ལ་ཏིང་ཤགས་སམ་པི་ཝང༌། ཡང་ན་གླིང་བུ་དང་རྒྱུད་མངས། དྲི་མཚོན་པར་བྱེད་པ་ལ་དུང་བཤོས་དྲི་བཟང་བླུགས་པ་དང༌། ཡང་བདུག་སྤོས། རོ་མཚོན་པར་བྱེད་པ་ལ་ཞལ་ཟས་སམ་ཤིང་འབྲས་དང༌། རེག་བྱ་མཚོན་པར་བྱེད་པ་ལ་དར་གོས་སོགས་བཀོལ་སྤྱོད་འབྲི་བཞེངས་བྱེད་སྲོལ་ཡོད། དེ་ལའང་རེ་རེ་བྱས་ནས་འབྲི་སྲོལ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་འབྲེལ་ནས་གཡས་གཡོན་གཉིས་སུ་དྲི་དང་རོ་བཞག་པ་ཡང་འབྲི་སྲོལ་ཡོད་ཅིང༌། དེ་ལྟར་འདོད་ཡོན་ལྔ་ཡང་བཀྲ་ཤིས་རྫས་རྟགས་དང༌། རྒྱལ་སྲིད་སྣ་བདུན་སོགས་དང་མཚུངས་པར་བཀྲ་ཤིས་རྟེན་འབྱུང་གི་མཆོད་པའི་རྫས་སྤྱོད་ཁྱབ་ཆེ་ཞིང་ཁྱད་དུ་འཕགས་པ་ཞིག་ཡིན་པས། དེ་དག་གི་མཚོན་དོན་དང༌། ངོ་བོ། གཟུགས་རིས་ཀྱི་རྣམ་པ་བཅས་ཀུན་གྱིས་མཁྱེན་རྟོགས་གནང་རྒྱུ་ནི་གལ་འགངས་ཆེ་བ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།