བཀྲ་ཤིས་རྫས་བརྒྱད་ཀྱི་མཚོན་དོན།

བཀྲ་ཤིས་རྫས་བརྒྱད་ཀྱི་མཚོན་དོན།

དེ་ཡང་གཙུག་དགུའི་དཀྱིལ་ཆོག་ལས། ཇི་སྐད་དུ།

མཐུ་སྟོབས་གྲུབ་པ་ཡུངས་དཀར་དང༌། །

ཤིན་ཏུ་གཙང་བའི་རྩྭ་མཆོག་དང༌། །

ཡོན་ཏན་སྡུད་པའི་ལི་ཁྲི་དང༌། །

བཅུད་ཀྱི་དམ་པ་གི་ཝཾ་དང༌། །

དོན་རྣམས་གསལ་བའི་མེ་ལོང་དང༌། །

ཆོས་སྒྲ་སྒྲོག་པའི་དུང་མཆོག་དང༌། །

གཟི་མདངས་བསྐྱེད་པའི་ཟས་མཆོག་དང༌། །

འབྲས་བུ་སྨིན་པའི་བིལ་བ་དང༌། །

དེ་ཡང་ལོངས་སྤྱོད་རྐྱེན་དུ་ཤོག།

ཅེས་གསུངས་པ་ལྟར་བཀྲ་ཤིས་པའི་རྫས་མཆོག་བརྒྱད་ནི་ཡུངས་དཀར་དང༌། རྩྭ་དུར་བ། ལི་ཁྲི། གི་ཝཾ། མེ་ལོང༌། དུང་དཀར། ཞོ། བིལ་བ་བཅས་ལ་བྱ་སྟེ། མཚོན་བྱ་ནི་འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང༌། སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པ་དེ་དག་ཡིན། དེ་ཡང་འདུལ་བ་དང༌། མདོ་དྲན་པ་ཉེར་བཞག་སོགས་ལས་གསུངས་པའི་བཀྲ་ཤིས་པའི་རྫས་མཆོག་བརྒྱད་ཀྱི་བྱུང་ཚུལ་དང་དེ་དག་གི་མཚོན་བྱ་ལ། བདེ་དཀར་བརྟན་བཞུགས་ལས།

གང་ཞིག་རེག་ཅིང་མཐོང་ཐོས་དྲན་པས་ཀྱང༌། །

མི་ཤིས་ཀུན་སེལ་ཕུན་ཚོགས་མཆོག་སྩོལ་བའི། །

རྒྱལ་བས་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས། །

རྣམ་བརྒྱད་ཕུལ་བས་དགེ་ལེགས་འབར་གྱུར་ཅིག།

ཅེས་གསུངས་པ་ལྟར་སྔོན་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ། ལྷ་དང་མིའི་སྦྱིན་བདག་རྣམས་ཀྱིས་སྟོན་པ་ལ་ཕུལ་བའི་རྫས་རྣམས་སངས་རྒྱས་ཀྱིས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དང༌། རྫས་ལ་བརྟེན་ནས་བཀྲ་ཤིས་པར་བྱུང་ཚུལ་ལ་འདི་ལྟར་སྣང་སྟེ།

དང་པོ་མེ་ལོང་ནི། གཟུགས་ཀྱི་ལྷ་མོ་འོད་འཆང་མས་སངས་རྒྱས་ཤཱཀྱ་ཐུབ་པར་མེ་ལོང་ཞིག་ཕུལ་བ་ལ་བརྟེན་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མེ་ལོང་དེ། ལུས་ཅན་ཐམས་ཅད་རྒྱལ་བའི་ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་གྱིས་རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་ནུས་པའི་རྟེན་འབྲེལ་དུ།མེ་ལོང་ནི་བཀྲ་ཤིས་པའི་རྫས་སུ་རྒྱལ་བས་བྱིན་གྱིས་བརླབས་ཤིང༌། མེ་ལོང་ཕུལ་ན་གཟུགས་བཟང་པོ་དང༌། བློ་གསལ་བར་འགྱུར་བ་སོགས་རྒྱུ་དང་འཚམས་པའི་འབྲས་བུ་འབྱུང་ལ། སྒྲོལ་དཀར་བརྟན་བཞུགས་ལས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག།ཅེས་སོ།།

གཉིས་པ་གི་ཝང་ནི། གཉིས་འཐུང་གི་དབང་པོ་ས་སྲུང༌། ༼གླང་པོ་ཆེ་ནོར་སྐྱོང་ཞེས་པའང་སྣང༌།༽གིས་སྟོན་པར་གི་ཝང་ཕུལ་བས། ཉོན་མོངས་ཟུག་རྔུའི་ནད་དང༌། སྡུག་བསྔལ་དག་པའི་སྨན་མཆོག་ཆོས་ཉིད་ཀྱི་དོན་རབ་ཏུ་རྟོགས་པར་གྱུར་བ་དང༌། ཡང་དེ་ཉིད་ལས། གྷི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག།ཅེས་གསུངས་སོ།།

གསུམ་པ་ཞོ་ནི། ཁྱིམ་བདག་བཟང་སྐྱོང་༼ཞིང་པའི་བུ་མོ་ལེགས་སྐྱེས་མ་ཟེར་བའང་སྣང༌།༽གིས་ཞོ་ཕྱག་ཏུ་ཕུལ་བས། དུག་གསུམ་ཞི་ཞིང་སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཏུ་རྟོགས་པར་བྱིན་གྱིས་བརླབས་ཤིང༌། དེ་ཉིད་ལས། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག། ཅེས་ཀྱང་གསུངས་སོ།།

བཞི་པ་རྩྭ་དུར་བ་ནི། བྲམ་ཟེ་ཀུན་རྡ་ལིས་༼རྩ་འཚོང་བཀྲ་ཤིས་ཞེས་པའང་སྣང༌།༽རྩྭ་དུར་བ་ཕྱག་ཏུ་ཕུལ་བས། ཉོན་མོངས་སྐྱེ་ཤིའི་རྒྱུན་ཆད་པའི་རྡོ་རྗེ་སེམས་དཔའི་ཚེ་སྟེ། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབས་ཤིང༌། དེ་ཉིད་ལས། དུར་བས་ཚེ་ནི་སྤེལ་བར་བྱེད་པ་སྟེ།།རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་བ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག།ཅེས་སོ།།

ལྔ་པ་ཤིང་ཏོག་བིལ་བ་ནི། ཤིང་གི་ལྷ་མོས་༼ལྷ་ཚངས་པས་ཟེར་བའང་སྣང༌།༽ཤིང་ཏོག་བིལ་བ་ཕྱག་ཏུ་ཕུལ་བས་འཇིག་རྟེན་ལས་འདས་པའི་བྱང་ཆེན་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་དོན་ཀུན་འགྲུབ་ཅིང༌། དེ་ཡང་སྒྲོལ་དཀར་བརྟན་བཞུགས་ལས། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་དག་གྱུར་པའི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག། ཅེས་གསུངས་སོ།།

དྲུག་པ་དུང་དཀར་གཡས་འཁྱིལ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་བས། ཐེག་གསུམ་ཆོས་ཀྱི་འཁོར་ལོ་གང་འདུལ་མ་ནོར་བ་ཡོངས་སུ་བསྟན་ཞིང༌། དེ་ཉིད་ལས། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག།ཅེས་སོ། །

བདུན་པ་ལི་ཁྲི་ནི། ས་ཡི་ལྷ་མོ་བརྟན་མས་༼བྲམ་ཟེ་སྐར་རྒྱལ་ཞེས་པའང་སྣང༌།༽ལི་ཁྲི་ཕྱག་ཏུ་ཕུལ་བས། སྲིད་ཞིའི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྒྱུར་ཞིང༌། ཡང་དེ་ཉིད་ལས། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རྟག་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག།ཅེས་སོ།།

བརྒྱད་པ་ཡུངས་དཀར་ནི། སྒྲོལ་དཀར་བརྟན་བཞུགས་ལས། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡིས། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག།ཅེས་པ་ལྟར་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕྱག་ཏུ་ཕུལ་བ་ལ་བརྟེན་ནས་བདུད་བགེགས་བར་ཆད་མཐའ་དག་གི་གཡུལ་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ལ་དབང་འབྱོར་བའི་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ལྟར། དེང་གི་དུས་སུ་ཡང་བཀྲ་ཤིས་ཤིང་བྱིན་རླབས་ཆེ་བས་འཁོར་བ་ཇི་སྲིད་བར་དུ་འགྲོ་བའི་དོན་ཁྱད་པར་ཅན་འགྲུབ་པ་དང༌། མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང༌། སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པའི་སླད་དུ་རྫས་འདི་རྣམས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་མཛད་པ་དེ་བཞིན་དུ་བཀྲ་ཤིས་པར་འགྱུར་བ་ཡིན་ལ། རིག་གནས་བཅུའི་ཐ་སྙད་གསལ་འགྲེལ་ལེགས་བཤད་ཆོས་དུང་དཀར་པོའི་སྒྲ་དབྱངས་ལས།

དྭངས་གསལ་མེ་ལོང་ཡེ་ཤེས་མཐའ་ནས་རྒྱས། །

གྷི་ཝང་སྨན་གྱིས་ཉོན་མོངས་ནད་ཀུན་ཞི། །

བཅུད་ལྡན་ཞོ་ཡིས་དབང་པོའི་ཟིལ་མདངས་རྒྱས། །

དུར་བ་རྩྭ་ཡིས་གདོན་གྱི་གནོད་པ་ཐུབ། །

བིལ་བ་ཤིང་འབྲས་བཀྲེས་པའི་སྡུག་བསྔལ་སེལ། །

དུང་དཀར་གཡས་འཁྱིལ་ཆོས་ཀྱི་སྒྲ་ཆེན་གྲགས། །

ལི་ཁྲི་མཚལ་གྱི་འགྲོ་བ་དབང་དུ་འདུས། །

ཡུངས་དཀར་རྫས་ཀྱིས་བགེགས་ཚོགས་ཕ་མཐར་སྐྲོད། །

ཅེས་རྫས་བརྒྱད་སོ་སོའི་ཕན་ནུས་དང་བྱེད་ལས་བརྗོད་པ་ལྟར། རྫས་བརྒྱད་པོ་འདི་དག་གིས་མི་མཐུན་པའི་ཕྱོགས་མཐའ་དག་རང་སར་ཞི་ཞིང༌། ཞི་རྒྱས་དབང་དྲག་སྟེ་ལས་བཞི་ལྷུན་གྱིས་གྲུབ་པ་དང༌། དགེ་ཞིང་བཀྲ་ཤིས་པར་བྱེད་པའི་རྟེན་འབྲེལ་དུ་རྫས་འདི་དག་རི་མོར་བཀོད་དེ་བཤམས་སྲོལ་ཡོད་ཅིང༌། བཀྲ་ཤིས་པའི་རྫས་མཆོག་བརྒྱད་ཅེས་ཡོངས་སུ་གྲགས་པ་འདི་དག་ཆོས་ཕྱོགས་དང་འབྲེལ་ཞིང་སྤྱོད་གོ་ཆེ་བའི་རི་མོ་ཞིག་ཡིན་ཏེ། བསངས་མཆོད་བཀྲ་ཤིས་འཁྱིལ་བ་ལས།

རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །

དངོས་པོར་བྱིན་བརླབས་དགེ་ལེགས་འབྱུང་བའི་སྒོ། །

རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི། །

ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །

ཞེས་དང༌། མཎི་རིལ་སྒྲུབ་ཀྱི་ཆོ་ག་ལས།

གང་ཞིག་རེག་ཅིང་མཐོང་ཐོས་དྲན་པས་ཀྱང༌། །

མི་ཤེས་ཀུན་སེལ་ཕུན་ཚོགས་མཆོག་སྟེར་བའི། །

མེ་ལོང་གྷི་ཝཾ་དུར་བ་ཞོ་བིལ་པ། །

དུང་དང་ལི་ཁྲི་ཡུངས་ཀར་ཚོགས་རྣམས་འབུལ། །

ཞེས་གསུངས་པ་ལྟར་ཡིན་ལ། རྩྭ་དུར་བའམ་རྩྭ་རམ་པ་ནི། བསམ་གཏན་པ་རྣམས་ཀྱིས་སྟན་འོག་ཏུ་རྩྭ་དུར་བ་འདིང་བའི་དགོས་པ་ནི། བཅོམ་ལྡན་འདས་འཚང་རྒྱ་ཁར་རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ལ། བཀྲ་ཤིས་རྩྭ་ནི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བར་རེག་པར་འགྱུར། །ཞེས་དང༌།

སྟན་འདིར་བདག་ནི་ལུས་ནི་བསྐམས་ཀྱང་རུང༌། །

པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །

བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །

སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །

ཞེས་གསུངས་ནས་རྩྭ་བཞེས་ཏེ་འདིང་བར་མཛད་ནས་ཡི་དམ་བརྟན་པོས་བྱང་ཆུབ་མངོན་དུ་མཛད་པའི་རྣམ་ཐར་དྲན་པའི་ཆེད་དུ་ཡིན། རྩྭ་གདིང་ཚུལ་ནི། རྩྭའི་རྩེ་མོ་ནང་དང་རྩ་བ་ཕྱིར་བསྟན་ནས་དགྲམ་དགོས་པ་སོགས་མཐའ་ཡས་སོ།།

བརྒྱུད་སྐུལ།

མཆན་སྤེལ།