འཕགས་པ་ཝ་ཏི་བཟང་པོའི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས།

འཕགས་པ་ཝ་ཏི་བཟང་པོའི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས།

ཀ༽ ཐོག་མའི་གླེང་གཞི།

 

བོད་ཀྱི་མི་རིགས་འདི་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔ་དང་། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་ཞིང་། བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་། བོད་འབངས་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པར་མ་ཟད། འཕགས་མཆོག་སྤྱན་རས་གཟིགས་བོད་མིའི་ལྷ་སྐལ་དང་། གཟུངས་སྔགས་ཡི་གེ་དྲུག་མ་བོད་མིའི་ཆོས་སྐལ་ཡིན་པ། དེ་བཞིན་བོད་ཀྱི་མིའུ་གདུང་དྲུག་དང་། གཟུངས་སྔགས་ཡིག་དྲུག བོད་ཀྱི་མི་འབོར་བོད་མི་ས་ཡ་དྲུག་སོགས་དྲུག་ཚན་དེ་དག་གི་བར་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན།

དེ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་ཐོག་མར་མི་ཡི་འགྲོ་བ་སྤེལ། བར་དུ་ཆོས་ཀྱི་བཏུལ། མཐའ་བར་ཟང་ཟིང་གིས་བསྐྱངས་ཤིང་། ལྷག་པར་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་གཉན་བཙན་གྱི་སྐུ་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དམ་པའི་ཆོས་ཀྱི་སྲོལ་གཏོད། རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་དང་། རྒྱལ་རབས་ཞེ་གཅིག་པ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་དག་ཐེར་དང་དར་ཞིང་རྒྱས་པར་མཛད་པ་ལས། སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ལ་ནང་ཆོས་སྲོལ་བཟང་གཏོད་རྗེས་སྐུ་གསུང་ཐུགས་རྟེན་ལས་སྐུ་རྟེན་གྱི་དང་པོ་གསུམ་ག་འཕགས་མཆོག་སྤྱན་རས་ཀྱི་སྐུ་ཡི་རྣམ་འགྱུར་མི་འདྲ་བ་ཙམ་ལས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཤ་སྟག་ཡིན།

དེ་ཡང་བོད་ཀྱི་སྐྱེ་འགྲོའི་འགྲོ་དོན་མཛད་པ་ལ་ལས་སྨོན་རྟེན་མཆོག་གང་དུ་དགོངས་པ་ན་སིངྒ་ལ་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ལས་རང་བྱོན་དུ་ཕེབས་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་གདན་དྲངས་ཤིང་། དེ་ནི་བོད་ཀྱི་སྐུ་རྟེན་གྱི་ཐོག་མ་དེ་ཡིན། དེ་ནས་བོད་ཀྱི་ཕྱི་རབས་གདུལ་བྱའི་དོན་མཛད་པའི་སྤྲུལ་པའི་སྐུ་འདྲ་གང་ན་བཞུགས་དགོངས་ནས་ཡི་དམ་གྱི་ལྷ་ཙནྡན་གྱི་སྐུ་རང་བྱོན་ལ་གསོལ་བཏབ་པས་དེའི་ཐུགས་ཀ་ནས་འོད་ཟེར་བལ་ཡུལ་བས་མཐའ་ལུང་པར་འཕྲོས་ནས་ཇོ་བོ་མཆེད་བཞི་གདན་དྲངས་པ་ནི། བོད་དུ་ནང་ཆོས་སྲོལ་གཏོད་རྗེས་སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ཇོ་ཤཱཀ་རྣམ་གཉིས་གདན་མ་དྲངས་གོང་རྩ་ཆེ་ཤོས་ཤིག་ཡིན། ཇོ་བོ་རང་བྱུང་ལྔ་ལྡན་ནི་བོད་མིའི་ལྷ་སྐལ་དང་། ཇོ་བོ་ལོ་ཀེ་ཤྭ་ར་སྲོང་བཙན་སྒམ་པོའི་ལྷ་སྐལ་དང་། ཇོ་བོ་ཝ་ཏི་བཟང་པོ་ནི་མང་ཡུལ་སྐྱིད་གྲོང་གི་ལྷ་སྐལ་ལྟ་བུ་ཞིག་ཡིན་ནོ།།

 

ཁ༽ བོད་དུ་གདན་དྲངས་ཚུལ།

 

༡༽ ག་དུས་གདན་དྲངས་པ། ཕྱི་ལོ་ ༦༣༥ ལོར་ཕོ་བྲང་པོ་ཏ་ལ་གསར་བཞེངས་ཀྱིས་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་དུ་ཇོ་བོ་ལོ་ཀེ་ཤྭ་ར་གདན་དྲངས་པ་དང་ཆབས་ཅིག་ཇོ་བོ་ཝ་ཏི་བཟང་པོ་དང་ལོ་དེར་གདན་དྲངས་པས་ན། ཇོ་བོ་ཝ་ཏི་བཟང་པོ་མང་ཡུལ་སྐྱིད་གྲོང་དུ་གདན་དྲངས་ནས་ལོ་ ༡༣༨༢ ཕྱིན་ཡོད།

༢༽ གང་ཟག་སུས་གདན་དྲངས་པ། གདན་འདྲེན་པོ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྨིན་མཚམས་ཀྱི་མཛོད་སྤུ་ལས་སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ཤྲཱི་ལ་སྟེ། དགེ་སློང་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཕོ་ཉར་མངགས་ཏེ་གདན་དྲངས།

༣༽ ཡུལ་གང་ནས་གདན་དྲངས་པ། བལ་ཡུལ་གྱི་བས་མཐའི་ལུང་པ་ཞིག་ལ་རི་བོ་འབིགས་བྱེད་དང་ཉེ་བའི་ས་ཕྱོགས་མོན་ཡུལ་གླིང་ཁྲོད་དམ། ལྷོ་བལ་གྱི་མཚམས་ནས་གདན་དྲངས།

༤༽ གང་ཞིག་གདན་དྲངས་པ། ཇོ་བོ་མཆེད་བཞི་གདན་དྲངས་ཤིང་། 1) བལ་ཡུལ་ཡམ་བུ་ཡ་འགལ་དུ་བཞུགས་ཇོ་བོ་འཇའ་མ་ལི་དང་། 2) རྒྱ་བལ་གྱི་མཐའ་མཚམས་སུ་བཞུགས་པའི་ཇོ་བོ་དབུ་ཁང་། 3) མང་ཡུལ་སྐྱིད་གྲོང་དུ་བཞུགས་པའི་ཝ་ཏི་བཟང་པོ། 4) དབུས་ལྗོངས་ལྷ་གདན་ཕོ་བྲང་པོ་ཏ་ལར་བཞུགས་པའི་ཇོ་བོ་ལོ་ཀེ་ཤྭ་ར་བཅས་སོ།།

༥༽ རང་བྱོན་དུ་ཕེབས་དོན། 1) མང་ཡུལ་སྐྱིད་གྲོང་། ལོ་རེར་གྲོང་དཔོན་རེ་མཛེ་ནད་ཀྱིས་འཆི་བའི་སྡུག་བསྔལ་དང་། 2) བལ་ཡུལ་ཡམ་བུ་ཡ་འགལ། ཡམས་ནད་ཀྱིས་མི་མང་པོ་ཤི་བའི་སྡུག་བསྔལ། 3) རྒྱ་བལ་གྱི་མཚམས། ཟླ་བ་གསུམ་རེའི་ནང་ཚོང་དཔོན་རེ་གནོད་སྦྱིན་གྱི་འཁྱེར་ནས་འཆི་བའི་སྡུག་བསྔལ། 4) འཕགས་པ་ལོ་ཀེ་ཤྭ་ར། སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་བཅས་ཀྱི་སླད་དུ་རང་བྱོན་དུ་ཕེབས་ཤིང་། གསུང་བྱོན་ཡང་ཡིན།

༦༽ དཔྱད་གཞིའི་ཡིག་ཆ་དང་སྐུ་མཆེད་ཀྱི་ཞལ་གྲངས། མཎི་བཀའ་འབུམ་དང་། བཀའ་ཆེམས་ཀ་ཁོལ་མ། རྒྱལ་རབས་གསལ་བའི་མེ་ལོང་། ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱ་བོད་ཡིག་ཚང་ཆེན་མོ། དགའ་ལྡན་ཆོས་འབྱུང་བཻ་སེར། བློ་བཟང་དགོངས་རྒྱན། བསྟན་འཛིན་གསལ་བའི་ཉིན་བྱེད། འཕགས་པ་ལྷ་ཁང་གི་སྤྲོད་དེབ། པོ་ཏ་ལའི་གནས་བཤད་བཅས་དཔྱད་གཞིའི་ཡིག་ཆ་ཁག་བཅུ་ལས། རྒྱ་བོད་ཡིག་ཚང་ཆེན་མོ་ལས་འཕགས་པ་མཆེད་གསུམ་དང་། མཎི་བཀའ་འབུམ་སོགས་ལས་འཕགས་པ་མཆེད་བཞི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་འཕགས་པ་མཆེད་ལྔ་བཅས་བཞེད་སྲོལ་མི་འདྲ་བ་གསུམ་འབྱུང་བ་ལས་འཕགས་པ་མཆེད་ལྔ་ནི། 1) རྒྱ་བལ་གྱི་ས་མཚམས། དབུ་ཁང་། 2) བལ་ཡུལ་གྱི་རྒྱལ་ས། འཇའ་མ་ལི། 3) བལ་བོད་ཀྱི་ས་མཚམས། བྷུ་ཀཾ 4) མང་ཡུལ་སྐྱིད་གྲོང་། ཇོ་བོ་ཝ་ཏི་བཟང་པོ། 5) བོད་ཀྱི་རྒྱལ་ས། ལོ་ཀེ་ཤྭ་ར་བཅས་སོ།།

ག༽  མཐའ་དོན་ལོ་རྒྱུས་ཀྱི་འབྱུང་བ།

 

ཀ༽ བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་མོན་ཡུལ་གླིང་ཁྲོད་ནས་གདན་དྲངས་ཏེ་མང་ཡུལ་སྐྱིད་གྲོང་འཕགས་པ་ལྷ་ཁང་དུ་བཞུགས་སུ་གསོལ་བ་ནས་ལོ་ངོ་ ༡༠༢༡ རིང་འཕགས་པ་ལྷ་ཁང་དུ་བཞུགས་ཤིང་། དེ་རྗེས་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དུས་ཕྱི་ལོ་ ༡༦༥༦ ལོར་གོར་བོད་སྡེ་གཟར་གྱི་དབང་ལས་འཕགས་པ་ཝ་ཏི་བཟང་པོ་བལ་ཡུལ་དུ་གདན་དྲངས་དོགས་ཀྱི་ཉེན་ཡོལ་སླད་ཕོ་བྲང་པོ་ཏ་ལར་གདན་དྲངས་ཏེ་འཕགས་པ་ལྷ་ཁང་དུ་བཞུགས་སུ་གསོལ་ཞིང་། དེ་ཡང་རིག་འཛིན་རཏྣ་གླིང་པའི་བསྟན་པའི་སྤྱི་ལུང་ལས།

སྐྱིད་གྲོང་ཇོ་བོ་དབུ་གཡོར་ཕྱོགས་སུ་བྱོན། །

ཞེས་ལུང་བསྟན་དུས་ལ་བབས་པ་ལྟར་ཟླ་བ་དགུ་བཞུགས་ཏེ་སླར་མང་ཡུལ་སྐྱིད་གྲོང་དུ་རང་འཇགས་གདན་དྲངས།

ཁ༽ ༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་ཕྱི་ལོ་ ༡༧༨༨ ལོར་གོར་དམག་བོད་དུ་ལྷགས་ཉེན་གྱིས་ཇོ་བོ་ཝ་ཏི་བཟང་པོ་བལ་ཡུལ་དུ་གདན་དྲངས་དོགས་ཀྱིས་སླར་ཡང་ཕོ་བྲང་པོ་ཏ་ལར་གདན་དྲངས་ཏེ་འཕགས་པ་ལྷ་ཁང་དུ་བཞུགས་སུ་གསོལ་ཏེ་ལོ་དགུ་བཞུགས། དེ་རྗེས་འཕགས་པ་ཝ་ཏི་བཟང་པོའི་སྔོན་གྱི་ཐུགས་བསྐྱེད་ལྟར་མང་ཡུལ་སྐྱིད་གྲོང་དུ་བསྟན་འགྲོའི་སྨན་ཡོན་དུ་འགྱུར་ཆེ་བ་དང་། ༸རྒྱལ་དབང་ལྔ་པ་ཆེན་པོའི་དགོངས་གཞི་དང་དགོས་པ་ལ་བརྟེན་ནས་ཕྱི་ལོ་ ༡༧༩༦ ལོར་ཕྱིར་གདན་དྲངས་ཤིང་། ལོ་ཀེ་ཤཱ་རའི་གཡས་ཕྱོགས་བཞུགས་གནས་སུ་སྐུ་ཚབ་གསར་བཞེངས་ཀྱིས་རབ་གནས་ཀྱང་༸རྒྱལ་དབང་ཉིད་ཀྱིས་མཛད། གཡོན་དུ་སྐུ་རྒྱུ་ཙནྡན་ལས་གྲུབ་པའི་ཇོ་བོ་ལོ་ཀེ་ཤྭ་རའི་འདྲ་ཅོག་དེ་ཉིད་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་བཞེངས་པའོ།།

ག༽ རྒྱ་དམར་གྱིས་བོད་ཡུལ་དུ་འདྲེ་ལག་བརྐྱངས་ཏེ་དུས་འགྱུར་མ་བྱུང་བར་འཕགས་པ་ཝ་ཏི་བཟང་པོ་མང་ཡུལ་སྐྱིད་གྲོང་དུ་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་བཞུགས་ཤིང་། དུས་འགྱུར་བྱུང་རྗེས་མང་ཡུལ་སྐྱིད་གྲོང་གི་འབྲེལ་ཡོད་རྣམས་ཀྱིས་སྐུ་ངལ་བརྒྱ་ཕྲག་ཁྱད་དུ་བསད་དེ་རྒྱ་གར་འཕགས་པའི་ཡུལ་དུ་གདན་དྲངས་ཏེ་ད་ལྟ་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གཟིམ་ཆུང་དུ་༸རྒྱལ་དབང་དོན་གྱི་བདག་པོའི་ཐུགས་དམ་གྱི་རྟེན་མཆོག་ཏུ་བཞུགས་སུ་གསོལ་བ་འདི་ཉིད་ལགས་སོ། །

བརྒྱུད་སྐུལ།

མཆན་སྤེལ།