ལྔ་བཅུ། ལྷ་སའི་རིས་མེད་དགོན་སྡེ་ཁག་ ༡༦ གི་ལོ་རྒྱུས་སྙིང་བསྡུས།

ལྔ་བཅུ། ལྷ་སའི་རིས་མེད་དགོན་སྡེ་ཁག་ ༡༦ གི་ལོ་རྒྱུས་སྙིང་བསྡུས།

ལེའུ་ལྔ་པ། རིས་མེད་དགོན་སྡེ་དང༌། ལྷ་ཁང༌། བཙུན་དགོན། རི་ཁྲོད་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས། དེ་ཡང་༸རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱ་ཡུལ་གྱི་ལྟེ་གནས་རིས་མེད་གྲུབ་མཐའ་ཁག་གི་དགོན་སྡེ་ཆེ་འབྲིང་ཆུང་གསུམ་དང༌། ལྷ་ཁང༌། བཙུན་དགོན། རི་ཁྲོད་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་རེ་བཀོད་པ་ལ།

༡ གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་ཕོ་བྲང་པོ་ཏཱ་ལ་ནི། སྤྱི་ལོ་ ༦༣༥ དུས་རབས་བདུན་པར་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཐོག་མར་ཕོ་བྲང་དཀར་པོ་གསར་དུ་བཞེངས། དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་ཕོ་བྲང་དམར་པོ་གསར་བཞེངས་རྒྱ་བསྐྱེད་མཛད། སྐབས་དེར་ལྷ་བྲིས་སོགས་ལག་རྩལ་བཟོ་པ་མི་གྲངས་ ༡༧༩༠ ལྷག་ཙམ་ལས་ཀར་ཞུགས། དེའི་ནང་རྒྱ་ཕིབས་བཟོ་མཁན་རྒྱ་རིགས་ལག་རྩལ་པ་ ༡༩ ཡོད། བལ་ཡུལ་གྱི་གསེར་བཟོ་དང་ཕྲ་བཟོ་མཁས་པ་ཡང་ ༡༠༠ ལྷག་ཡོད། ནང་རྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་གདུང་འཛམ་གླིང་རྒྱན་གཅིག་དང༌། ཇོ་བོ་ལོ་ཀེ་ཤྭ་རི་སོགས་རིན་བྲལ་རྟེན་གསུམ་མང་དུ་བཞུགས། ཕོ་བྲང་པོ་ཏཱ་ལས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཆུ་ཚད་ཧ་ཅང་མཐོ་ཚུལ་མངོན་ཡོད་པ་དང༌། བོད་མི་རིགས་ཀྱི་བློ་གྲོས་དང་གསར་གཏོད་ཀྱི་ཉིང་བཅུད་ཀྱང་མཚོན་ཐུབ་བོ།།

༢ ལྷ་ལྡན་ར་ས་གཙུག་ལག་ཁང་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས། ཁྱིམ་མཚེས་རྒྱལ་ཁབ་ལ་གཉེན་འབྲེལ་བཙུགས་ཏེ་རྒྱ་བལ་གྱི་བཙུན་མོ་ཁབ་ཏུ་བཞེས་ཤིང༌། བལ་བཟས་སྤྱི་ལོ་ ༦༣༩ ལོར་ཇོ་བོ་མི་བསྐྱོད་རྡོ་རྗེ་དགུང་ལོ་བརྒྱད་ལ་ཕེབས་པའི་སྐུ་ཚད་ཅན་སོགས་རྟེན་བྱིན་ཅན་གདན་དྲངས་པའི་བཞུགས་གནས་སུ། སྤྱི་ལོ་ ༦༤༧ ལོར་གཙུག་ལག་ཁང་བཞེངས་ཏེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཞེས་མཚན་གསོལ། རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ ༢༥༠༠༠ ཙམ་ཡོད་ལ། ཕྱིས་སུ་ར་མོ་ཆེ་ན་ཡོད་པའི་ཇོ་བོ་ཤཱཀྱ་མུ་ནེ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སུ་འདིར་གདན་དྲངས་ནས་བཞུགས་སུ་གསོལ། གྲུབ་མཐའ་སྔར་རྙིང་མ་དང་༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་རི་བོ་དགེ་ལུགས་པས་བདག་སྐྱོང་མཛད་པའོ།།

༣ རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་ནི་བར་སྐོར་གྱི་བྱང་ངོས་སུ་གནས་ཤིང༌། སྤྱི་ལོའི་དུས་རབས་བདུན་པར་རྒྱ་བཟས་སྤྱི་ལོ་ ༦༤༡ ལོར་གདན་དྲངས་པའི་དགུང་ལོ་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་ཅན་གྱི་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་གནས་སུ་སྤྱི་ལོ་ ༦༤༧ ལོར་ར་ས་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་འདི་ཆབས་ཅིག་གསར་བཞེངས་མཛད། གཙུག་ལག་ཁང་འདིར་རྒྱ་ཁྱོན་རྨིད་གྲུ་བཞི་མ་ ༤༠༠༠ ཡོད།

སྤྱི་ལོ་ ༡༤༧༤ ལོར་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱིས་དབུས་སྟོད་བྱམས་པ་གླིང་དུ་རྒྱུད་སྟོད་གྲྭ་ཚང་ཐོག་མར་ཕྱག་བཏབ། སྐུ་ཚེའི་སྨད་དུ་ར་མོ་ཆེར་གནས་སྤོས་ཀྱིས་ད་བར་བཞུགས་གནས་འདིར་མཛད་དེ་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་སྔར་དགེ་འདུན་ ༧༠༠ དང་དེང་ ༡༠༠ ཙམ་གྱིས་དགེ་ལུགས་ཀྱི་ཆོས་རྒྱུན་འཛིན་བཞིན་ཡོད།

༤ འབྲས་སྤུངས་དགོན་པ་ནི། དེ་ཡང་འབྲས་སྤུངས་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་མཆོག་དན་བག་ཏུ་བཞུགས་ཡོད་པ་ལ། རྗེ་ཙོང་ཁ་པ་སྟོད་ལུང་ཆུ་ཚན་ནས་མར་ཕེབས་པ་དང་མཇལ་བས། རྗེ་ཙོང་ཁ་པས་ཁྱེད་ཀྱི་དགོན་པ་གང་འདྲ་ཞིག་བཏབ་ཡོད་ཅེས་གསུངས་པར། འཇམ་དབྱངས་ཆོས་རྗེས་ངའི་དགོན་པ་འབྲས་སྤུངས་པ་ལྟར་བཏབ་ཡོད་ཅེས་ཞུས་པར། རྗེ་ཙོང་ཁ་པས་བདེན་པ་ཞེས་གསུངས་པས་ད་ལྟའི་དན་བག་ལ་ཐོག་མར་བདེན་པ་ཞེས་པ་དང༌། རྗེས་སུ་དན་བག་ཅེས་པར་རིམ་བཞིན་སྒྲ་འགྱུར་ཞེས་དང༌། འབྲས་སྤུངས་ཞེས་པའི་མིང་ཡང་དེ་ནས་བྱུང་ཞེས་གྲགས།

འབྲས་སྤུངས་དགོན་ནི་ལྷ་སའི་ནུབ་ཕྱོགས་སུ་ཆགས་ཤིང༌། འདི་ནི་སྤྱི་ལོ་ ༡༤༡༦ ལོར་རྗེའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་ཕྱག་བཏབ། འདུ་ཁང་དང༌། གཙང་ཁང༌། གཙུག་ལག་ཁང༌། གྲྭ་སྤྱིལ་བཅས་ལ་ལྕགས་རི་གཅིག་གིས་ཡོངས་སུ་བསྐོར་བ་འབྲས་ས་ལ་སྤུངས་པ་ལྟར་གནས་པའམ་དགོན་གནས་འདི་ཉིད་མ་བཞེངས་པའི་སྔོན་དུ་གནས་འདིར་བྲག་གོང་འབྲས་སྤུངས་པ་ལྟར་དུ་གནས་པས་འབྲས་སྤུངས་ཞེས་མཚན་ཐོགས་པར་གྲགས། འདིར་བློ་གླིང་དང༌། སྒོ་མང༌། སྔགས་པ། བདེ་ཡངས་བཅས་གྲྭ་ཚང་བཞི་དང་ཁང་ཚན་ ༡༦ མི་ཚན་ ༡༤ བཅས་ཡོད།

སྔར་འབྲས་སྤུངས་ ༧༧༠༠ ཞེས་འབོད་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཨང་མེད་གྲྭ་གྲངས་ ༤༢༠༠ ལྷག་དང༌། སྤྱི་ལོ་ ༡༩༥༨ ལོར་གྲྭ་གྲངས་ ༩༩༨༠ ཙམ་ཡོད། རྟེན་གཙོ་བྱམས་པ་མཐོང་གྲོལ་སོགས་སྐུ་གསུང་ཐུགས་རྟེན་གྲངས་མེད་བཞུགས། དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག་གི་ཡ་གྱལ་ཞིག་ཡིན།

༥ སེ་ར་ཐེག་ཆེན་གླིང་ནི་ལྷ་སའི་བྱང་ཕྱོགས་སུ་རྒྱབ་རི་གླང་ཆེན་ཉལ་འདྲའི་མདུན་དུ་ཆགས་ཤིང༌། དེ་ནི་སྤྱི་ལོ་ ༡༤༡༩ ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ་ཅིང༌། དགོན་པ་ཐོག་མར་ཕྱག་འདེབས་སྐབས་ཤིང་སེ་བའི་སྡོང་པོས་ར་བ་སྐོར་བ་ལྟར་ཡོད་པས་སེ་ར་དགོན་ཞེས་གྲགས། དགོན་པ་འདིར་སེར་བྱེས། སེར་སྨད། སྔགས་པ་བཅས་གྲྭ་ཚང་གསུམ་དང༌། ཚོགས་ཆེན་བཅས་ལ་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ ༡༡༤༩༦༤ ཡོད། རྟེན་གཙོ་རྟ་མགྲིན་ཡང་གསང་དང༌། སྤྱན་རས་གཟིགས་སོགས་སྐུ་གསུང་ཐུགས་རྟེན་གྲངས་མེད་མཆིས་ཤིང༌། སེ་ར་དགོན་པར་སྔར་གྲྭ་གྲངས་ ༥༥༠༠ ཞེས་འབོད། ཕྱི་ལོ་ ༡༩༥༩ ལོར་གྲྭ་གྲངས་ ༩༩༠༠ སྐོར་ཡོད། འདི་ནི་གདན་ས་གསུམ་དང་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག་གི་ཡ་གྱལ་ཞིག་ཡིན།

༦ གསང་ཆེན་རྒྱུད་སྨད་གྲྭ་ཚང་ནི་ལྷ་ལྡན་གཙུག་ལག་ཁང་གི་བྱང་ཤར་དུ་གནས་ཤིང༌། དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྗེ་ཤེས་རབ་སེངྒེས་སྤྱི་ལོ་ ༡༤༣༣ ལོར་ཕྱག་བཏབ་ཅིང༌། རྒྱུད་སྨད་གྲྭ་ཚང་ལ་ཁང་ཚན་ཚ་བ་དང༌། གསེར་ཀོང༌། ཨ་མདོ། ཏྲེ་ཧོར། རྒྱལ་རོང་བཅས་ལྔ་དང༌། ཚ་བ་ཁང་ཚན་ལ་འབྲོག་མི་དང༌། ལྡན་མ་སོགས་མི་ཚན་བཅུ་དྲུག་དང༌། ཨ་མདོ་ཁང་ཚན་ལ་བྱ་ཁྱུང་དང༌། གཙང་པ་སོགས་བཞི། ཏྲེ་ཧོར་ལ་དཀར་མཛེས་དང༌། རྫ་པ་སོགས། རྒྱལ་རོང་ལ་དར་མདོ་སོགས་མི་ཚན་ཡོད། རྒྱུད་གྲྭ་སྟོད་སྨད་གཉིས་ནི་གསང་ཆེན་བསྟན་པའི་འཆད་ཉན་ཉམས་བཞེས་གཙོ་བོར་གནང་ཡུལ་ཞིག་ཡིན། སྔར་དགེ་འདུན་ ༥༥༦ ཡོད་སྐད་དང༌། དེང་དགེ་འདུན་པ་ ༦༨ ནས་ཡི་དམ་གསང་བདེ་འཇིག་གསུམ་སོགས་ཀྱི་འཆད་ཉན་མཛད་བཞིན་པ་ལགས་སོ།།

༧ གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ནི་འབྲས་སྤུངས་དགོན་གྱི་མདུན་དུ་ཆགས་ཤིང༌། གནས་ཆུང་དགོན་ནི་ཐོག་མར་འབྲས་སྤུངས་བདེ་ཡངས་ཀྱི་མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་ཕྱག་བཏབ་པ་ཞིག་ཡིན། ད་ལྟའི་གནས་ཆུང་ནི་ཆོས་སྐྱོང་གི་བཀའ་ལུང་དང་༸རྒྱལ་དབང་ལྔ་པ་ཆེན་པོས་བཀའ་གནང་བ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྗགས་བཀོད་བཞིན་སྤྱི་ལོ་ ༡༦༨༡ ལོར་འགོ་བཙུགས་ཏེ་བཞེངས་ཤིང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགེ་འདུན་ ༡༠༡ འཛུགས་པ་གནང་ཞིང༌། ༸རྒྱལ་བ་སྐུ་ཕྲེང་ ༡༣ པའི་སྐབས་གྲྭ་གྲངས་ ༡༡༥ ཚད་གཞི་བཟོ་གནང་གིས་ ༡༩༥༩ བར་དེ་ལྟར་གནས་ཡོད་པར་འདུལ་ཁྲིམས་ཤིན་ཏུ་དམ། གྲུབ་མཐའ་རིས་མེད་ལ་ས་དགེ་རྙིང་གསུམ་གཙོ་བོར་ཕྱག་བཞེས་མཛད་བཞིན་ཡོད་ལ། དགོན་བདག་ཡིག་ཚང་ལས་ཁུངས་ཡིན།

༨ རྨེ་རུ་ ༼དགོན་གསར།༽ ཕུན་ཚོགས་ནོར་བུའི་གླིང་ནི་ལྷ་སའི་བྱང་ཕྱོགས་རྒྱུད་སྨད་གྲྭ་ཚང་གི་འགྲམ་དུ་གནས། དེ་ནི་སྤྱི་ལོའི་དུས་རབས་དགུ་པར་བཙན་པོ་ཁྲི་རལ་གྱི་དུས་སུ་ལྷ་སའི་ཕྱོགས་བཞིར་མཆོད་ཁང་དང་དགེ་འདུན་གྱི་སྡེ་གཉིས་རེ་བཙུགས་པ་ལས། ཤར་དུ་རྨེ་རུ་ཀ་རུ་ཞེས་བྱུང་བ་བཙན་པོ་གླང་དར་གྱིས་བསྣུབས། ཇོ་བོ་རྗེ་ཕེབས་ནས་སླར་ཡང་དགེ་འདུན་གྱི་སྡེ་ཚུགས། ༸རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐབས་དགེ་ལུགས་ཀྱི་གྲོང་ཆོག་པར་གྱུར། སྤྱི་ལོ་ ༡༦༥༨ ཙམ་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོས་ཕྱག་བཏབ། སྔར་གྲྭ་གྲངས་ ༣༠༠ སྤྱི་ལོ་ ༡༩༥༩ ལོར་གྲྭ་གྲངས་ ༡༠༨ ཡོད་ཅིང༌། གྲུབ་མཐའ་སྔར་རྙིང་མ། ཕྱིས་དགེ་ལུགས་སུ་འགྱུར། དེང་དགེ་འདུན་ ༣༢ མཆིས། རྨེ་རུ་དགོན་ནི་དེང་ནང་བསྟན་བཀའ་བསྟན་དཔར་ཁང་གི་གནས་གཞི་ཡིན་ནོ།།

༩ རྨེ་རུ་ཟེར་བའི་ཐ་སྙད་བྱུང་ཚུལ་སྐོར་ལ་མཁས་པ་འགའ་ཞིག་གིས་གླིང་རྗེ་གེ་སར་རྒྱལ་པོས་ཧོར་དཔལ་བཟང་དང་གཤན་པ་རྨེ་རུ་སོགས་དཔའ་བརྟུལ་དཔུང་དང་བཅས་པ་གྲུ་གུའི་ཕྱོགས་སུ་དམག་ཏུ་བརྫངས། གཤན་པ་རྨེ་རུ་རྩེ་གྲུ་གུ་ནས་རྨས་སྐྱོན་བྱུང་ནས་སྐུ་གཤེགས། གཤན་པའི་ལྕམ་ནེའུ་ཆུང་ལ་ལུ་གུའི་ཚར་ཡག་བོད་དུ་ཕེབས་ནས་རྨེ་རུ་རྩེའི་སྡིག་གཤགས་སུ། ཇོ་བོའི་སྐུ་མདུན་དུ་དགོན་པ་རྟེན་བཅས་བཞེངས་པ་དེ་ནས་བཟུང༌། དགོན་པ་དེར་རྨེ་རུ་ཞེས་གྲགས་ཟེར། དེ་རྗེས་རྨེ་རུ་དགོན་གསར་དང༌། དེའི་ཉེ་འགྲམ་གྱི་ཁང་གསར་ལ་རྨེ་རུ་ཁང་གསར་སོགས་མིང་རིམ་པར་བྱུང་སྐད་དོ།།

རྨེ་རུ་རྙིང་པ་ནི་གཙུག་ལག་ཁང་གི་ཤར་སྒོ་སེ་ར་ལྟག་སྒོའི་འགྲམ་དུ་ཆགས་ཤིང༌། དེ་ནི་སྤྱི་ལོ་ ༨༨༢།༨༩༥ དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་གྱིས་གཙུག་ལག་ཁང་གི་ཤར་དུ་ཀ་རུ་དང་རྨེ་རུ༌། ལྷོ་རུ་དགའ་བ་དང་དགའ་བའི་འོད། བྱང་དུ་བྲན་ཁང་དང་བྲན་ཁང་ཐ་མ་ལ་བཅས་ལྷ་ཁང་དྲུག་བཞེངས་པའི་གྲས་ཤར་དུ་རྨེ་རུ་ཞེས་པ་དེ་ཡིན་སྐད། དེ་ནི་ད་ལྟ་སྒོ་ཤར་བལྟ་ཡིན་པའི་འོག་ཁང་དེ་ཡིན། རྗེས་སུ་རྨེ་རུ་དགོན་དེ་ལྷ་སའི་བྱང་ངོས་སུ་སྤོས་སྟབས་དེ་གར་རྨེ་རུ་རྙིང་པ་ཞེས་མིང་ཆགས། སྟེང་ཁང་དུ་འཇིགས་བྱེད་ཀྲོང་བསྐྱེད་དང་དཔལ་མགོན་བྲམ་གཟུགས་བཞུགས་སུ་གསོལ་བ་གོང་དཀར་ཆོས་སྡེས་བྱེད། རྒྱལ་སྒོ་བྱང་བལྟའི་ཤར་ངོས་སུམ་ཐོག་འདུ་ཁང་བཅས་འཛིན་བདག་གནས་ཆུང་གྲྭ་ཚང་ནས་གནང་སྲོལ་དང༌། དེང་དགེ་འདུན་ ༡༠ ཡོད་པ་བཅས་སོ།།

༡༠ རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་ནི། སྤྱི་ལོ་ ༡༥༧༤ ལོར་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱག་བཏབ། ཐོག་མར་འབྲས་སྤུངས་གསང་སྔགས་ཕོ་བྲང་དུ་བཙུགས་ཤིང༌། ཕན་བདེ་ལེགས་བཤད་གླིང་ཞེས་མཚན་གསོལ། དེ་ཡང་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་གདན་དྲངས་སྐབས་རྒྱལ་པོའི་སྐུ་ཚེ་བསྲིང་སླད་རྣམ་རྒྱལ་མའི་ཆོ་ག་སྨིན་སྒྲུབ་མཛད་པས་རྣམ་རྒྱལ་གྲྭ་ཚང་ངམ་སྐུ་བཅར་གྲྭ་ཚང་དང༌། ༸རྒྱལ་དབང་ལྔ་པའི་སྐབས་པོ་ཏཱ་ལར་གནས་སྤོས་ཀྱིས་རྩེ་རྣམ་རྒྱལ་གྲྭ་ཚང་ཞེས་གྲགས། རྣམ་རྒྱལ་གྲྭ་ཚང་དང་རྒྱལ་ཚབ་གནང་མྱོང་བའི་གླིང་ཁག་གི་གྲྭ་པར་སྐུ་ཞབས་ཞེས་འབོད། སྔོན་དགེ་འདུན་ ༡༧༥ ཡོད་པས་རིས་མེད་ཀྱི་གྲུབ་མཐའ་དང་གཙོ་བོར་ས་དགེ་རྙིང་གསུམ་ཕྱག་བཞེས་མཛད་ཀྱི་ཡོད་པ་བཅས།།

༡༡ གྲྭ་བཞི་དགོན་ནི། སེ་ར་དགོན་པའི་གཡོན་ངོས་སྤྱི་ལེ་ ༣ སར་གནས། ཐོག་མར་གནས་དེར་བཀའ་བརྒྱུད་པའི་དགོན་གནས་ཤིག་ཡོད་སྐད་ལ་༸རྒྱལ་བ་ལྔ་པ་ཆེན་པོའི་དུས་དགེ་དགོན་དུ་འགྱུར། དེ་ནས་རྒྱལ་བ་ཡབ་སྲས་ཀྱི་བརྟན་བཞུགས་དགོན་དུ་འགྱུར་བས་བརྟན་བཞུགས་ཆོས་འཁོར་གླིང་ཞེས་༸རྒྱལ་བ་ལྔ་པ་ཆེན་པོས་མཚན་གསོལ། དེ་རྗེས་ཀེའུ་ཚང་འཇམ་དབྱངས་སྨོན་ལམ་སྐབས་རྒྱ་བསྐྱེད་གནང་ཞིང༌། ཐོག་མར་གྲྭ་གྲངས་བཞི་ལས་མེད་སྟབས་གྲྭ་བཞི་ཞེས་པ་དེ་ལྟར་དང་དེ་རྗེས་དགེ་འདུན་ ༢༥ བར་འཕར། ཀེའུ་ཚང་འཇམ་དབྱངས་སྨོན་ལམ་རྒྱ་ནག་གོང་མས་གདན་དྲངས་རྗེས་ཡར་ཕེབས་སྐབས་རྒྱ་ཡི་ལྷ་མོ་ཞིག་ཆིབས་ཞབས་སུ་འབྲངས་པ་ད་ལྟའི་གྲྭ་བཞི་ལྷ་མོ་དེ་ཡིན། དགོན་གཤམ་དུ་ཡ་མོན་ལྷ་ཁང་དང༌། རྒྱབ་ཏུ་དམག་སྒར། ཤར་དུ་དངུལ་པར་ཁང་བཅས་ཡོད།

༡༢ ཕ་བོང་ཁའམ་སྐུ་མཁར་མ་རུ་ནི་སེ་རའི་ནུབ་ཕྱོགས་ཉང་བྲན་ནང་དུ་གནས་ཤིང༌། དེ་ནི་སྤྱི་ལོ་ ༦༤༣ ཙམ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྐུ་མཁར་དགུ་ཐོག་ཕྱག་བཏབ། གནས་དེ་ནས་གྲུབ་ཐོབ་གྲངས་མེད་བྱུང༌། གནས་དེ་ནས་ཐོན་མི་རྒྱ་གར་དུ་ཡི་གེ་སློབ་ཏུ་མངགས་ཏེ་ཕྱིར་བོད་དུ་ཕེབས། རྒྱལ་བློན་གཉིས་ཕོ་བྲང་མ་རུར་ལོ་གསུམ་མཚམས་སུ་བཞུགས་ནས་ཡི་གེ་དང་སྒྲ་རྣམས་བསླབས། ཐོན་མིའི་ཡིག་ཕུད་ཀྱང་དེར་ཡོད། ཕྱིས་དགེ་བཤེས་བྲག་དཀར་བས་གནས་འདིར་དགེ་འདུན་གྱི་སྡེ་བཙུགས་པས་ཞལ་གྲངས་ ༣༠༠ ལྷག་འདུས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། ཕྱིས་སྐྱབས་རྗེ་ཕ་བོང་པའི་གདན་ས་མཛད་པས་དགེ་འདུན་ ༤༠༠ བར་འཕེལ། རྟེན་གཙོ་རིགས་གསུམ་མགོན་པོ་རང་བྱོན་སོགས་བྱིན་ཅན་མང་དུ་མཆིས།

༡༣ རྫོང་རྒྱབ་ཀླུ་ཁང་ནི་ཕོ་བྲང་པོ་ཏཱ་ལའི་རྒྱབ་ཏུ་གནས་ཤིང༌། དུས་རབས་བཅུ་བདུན་པར་༸རྒྱལ་བ་ལྔ་པ་ཆེན་པོས་ཕོ་བྲང་པོ་ཏཱ་ལ་བཞེངས་སྐབས་འཛུགས་སྐྲུན་ལ་མཁོ་བའི་ས་རྣམས་དེ་ནས་བླངས་སྟབས་དེར་གཞི་རྒྱ་ཆེ་བའི་ས་དོང་དུ་ཆུ་བསྐྱིལ་བའི་མི་བཟོས་མཚེའུ་ཞིག་ཡིན་ལ། རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པས་མཚེའུའི་དབུས་ཐོག་བརྩེགས་གསུམ་ལྡན་གྱི་ཕོ་བྲང་ཡང་སྟེང་དུ་རྒྱ་ཕིབས་ཟུར་དྲུག་ཏོག་ཅན་གྱིས་བརྒྱན་པ་ཞིག་བསྐྲུན་པ་དང༌། མཚེའུ་དང་ཕོ་བྲང་གི་དབྱིབས་རྣམས་ཀླུའི་དཀྱིལ་འཁོར་ལ་དཔེ་བླངས་ཏེ་ཀླུ་ཁང་གསར་བཞེངས་མཛད། ཀླུ་མལ་གྲོ་གཟི་ཅན་གདན་དྲངས་བཞུགས་སུ་གསོལ་བས་ཀླུ་ཁང་ཞེས་གྲགས། སྔོན་དུས་ཀླུ་ཁང་གི་དཀོན་གཉེར་རྣམ་རྒྱལ་གྲྭ་ཚང་ནས་འཛུགས་སྲོལ་ཡོད། དེང་རྫོང་རྒྱབ་ཀླུ་ཁང་དེ་མི་མང་སྤྱི་གླིང་ཞིག་ཏུ་གྱུར།

༡༤ ནོར་བུ་གླིང་ཁ་ནི་པོ་ཏཱ་ལ་ནས་སྤྱི་ལེ་ ༤ ཙམ་གྱི་ནུབ་ངོས་སུ་གནས་ཤིང༌། ནོར་བུ་གླིང་ཁ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་ཁའི་བཞུགས་གནས་ཕོ་བྲང་ཞིག་ཡིན་ལ། དེའང་ཐོག་མར་གནས་དེ་ལྗོན་ཤིང་གླང་ཚེར་སོགས་རང་བྱུང་གི་ཤིང་སྣ་སྐྱེས་པའི་སྐྱེས་ཚལ་ལྟ་བུ་ཞིག་ཡིན་པ་ལ་ཐེངས་ཤིག་ནམ་མཁར་འབྲུག་སྒྲ་གྲགས་པ་དང༌། འཇའ་དབྱིབས་ནོར་བུ་འདྲ་བ་ཞིག་དགུང་དབྱིངས་སུ་ཤར་བས་ནོར་བུ་གླིང་ག་ཞེས་དང༌། ཡང་གསུང་སྲོལ་གཞན་ཞིག་ལ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ན་གླིང་ག་དེའི་ས་འོག་ཏུ་ནོར་བུ་རྩ་ཆེན་ཡོད་པ་ཁ་ཆེས་ཤེས་ནས་གླིང་ག་དེ་སྤུས་ཚོང་ཡོང་རེ་གཞུང་ས་མཆོག་ལ་ཞུས་པར། ཁ་ཆེས་གླིང་ག་ཉོ་བའི་དོན་རྟོགས་ཏེ་དེ་མར་གནས་དེར་༸རྒྱལ་བ་སྐུ་ཕྲེང་བདུན་པའི་དབྱར་བཞུགས་ཕོ་བྲང་བསྐྲུན་ཞིང༌། གླིང་གའི་མིང་ལའང་ནོར་བུ་གླིང་ག་ཞེས་གསོལ་བར་གྲགས་ཞེས་གསུངས།

དེའང་ཐོག་མར་དབུ་གཡབ་ཕོ་བྲང་དང༌། དེ་རྗེས་སྐལ་བཟང་ཕོ་བྲང༌། དེ་རྗེས་སྤྲོ་ཁང་ལྷུན་གྲུབ་དགའ་ཚལ་དང༌། ཆབ་རྫིང་ཕོ་བྲང་གི་ནུབ་ངོས་སུ་གྲུ་འཛིན་ཕོ་བྲང༌། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྤྱན་གསལ་ཕོ་བྲང༌། སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐབས་རྟག་བརྟན་མི་འགྱུར་ཕོ་བྲང་བཅས་གསར་བཞེངས་མཛད་པས་ནོར་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་སུམ་ཅུ་སོ་དྲུག་ལྷག་ཙམ་ཟིན་ཅིང༌། ཁྱོན་བསྡོམས་ཁང་མིག་ ༣༧༤ ཙམ་ཡོད་པ་དང༌། དེ་ཡང་སྡེ་ཚན་ཆེན་པོ་གཉིས་སུ་དབྱེ་བར་ཤར་ངོས་སུ་ནོར་བུ་གླིང་ཁ་དང༌། ནུབ་ཕྱོགས་སུ་སྤྱན་བསལ་གླིང་ཁ་ཆགས་ཡོད། ནོར་བུ་གླིང་ཁའི་བཟོ་སྐྲུན་གཙོ་བོ་ནི་སྐལ་བཟང་ཕོ་བྲང་དང༌། སྤྱན་བསལ་ཕོ་བྲང༌། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ཡིན།

༡༥ ཚལ་གུང་ཐང་ནི་ལྷ་སའི་ཀུ་རུ་ཟམ་པ་ནས་སྤྱི་ལེ་ ༦ གི་སར་ཚལ་གུང་ཐང་གྲོང་དབུས་སུ་གནས། དེ་ཡང་ཚལ་གུང་ཐང་ལས་ཚལ་ཞེས་པ་ནི། གུང་ཐང་བླ་མ་ཞང་འགྲོ་མགོན་གཡུ་བྲག་པ་རླུང་སྒོམ་སྟེ་ཕུར་ལྕོག་ཏུ་ཕེབས་སྐབས་ན་བཟའི་ཚལ་དུམ་གནས་དེར་ལྷུང་བས་ཚལ་ཞེས་དང༌།  གུང་ཐང་ཞེས་པ་ནི། རྗེ་བཙུན་མི་ལ་གནས་དེའི་ཆོས་འཁོར་གླིང་དུ་བཞུགས་སྐབས་ཡུལ་གུང་ཐང་གི་མིང་དེ་གནས་དེར་བཏགས་གནང་བས་གུང་ཐང་ཞེས་མིང་ཆགས་པ་དང༌། མིང་དེ་གཉིས་སྡེབས་པ་ལས་ཚལ་གུང་ཐང་ཞེས་ཟེར། མདོར་ན་ཚལ་ཡང་དགོན་དང་གུང་ཐང་གཙུག་ལག་ཁང་གི་མིང་གཉིས་བསྡོམས་པས་ཚལ་གུང་ཐང་ཞེས་གྲགས་སོ།།

དགོན་དེ་ནི་འགྲོ་མགོན་གཡུ་བྲག་པས་སྤྱི་ལོ་ ༡༡༧༥ ལོར་ཚལ་ཡང་དགོན་དང༌། ༡༡༨༧ ལོར་གུང་ཐང་གཙུག་ལག་ཁང་བཏབ་གནང་མཛད། དེ་གཉིས་སྡེབས་པས་ཚལ་གུང་ཐང་ཞེས་ཟེར། བཀའ་བརྒྱུད་ཕྱག་བཞེད་མཛད་པས་ཚལ་པ་བཀའ་བརྒྱུད་ཅེས་པའང་དེ་ནས་བྱུང༌། དེ་རྗེས་དགའ་ལྡན་ཁྲི་ཐོག་དགུ་པའི་དུས་ནས་དགེ་ལྡན་དར་ཁྱབ་བྱུང༌། ད་ལྟ་ཅུང་ཟད་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད་དོ།།

༡༦ གྲིབ་ཚེ་མཆོག་གླིང་ངམ་མཚན་རྒྱས་པར་བཀྲ་ཤིས་ཚེ་མཆོག་བསམ་གཏན་གླིང་ཞེས་ཞུ། དེ་ནི་ལྷ་ས་སྐྱིད་ཆུ་གྲོལ་ནས་གཡས་ལམ་རྒྱུད་ལྷོ་ཕྱོགས་རི་གཤམ་དུ་གནས། དེ་ཡང་གྲིབ་ཅེས་པ་ནི། སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་བཀྲོངས་རྗེས་རྟ་དཀར་པོར་སོལ་བ་བྱུག་པ་དང༌། གོས་ཀྱི་ཕྱི་ནག་པོར་ནང་དཀར་པོ་ཡིན་པ་གྱོན་ཏེ་སྐྱིད་ཆུའི་རབ་ལས་ཐོན། རྟ་ལ་སོལ་བ་བྱུག་པ་ཆུས་དག་ནས་དཀར་པོར་གྱུར། གོས་ནག་པོ་ཕྱི་ནང་སློག་སྟེ་གྱོན་ནས་ཤར་གྱི་ཕྱོགས་སུ་བསྐྱོད། དེ་མར་རྗེས་འདེད་པ་རྣམས་དེར་འབྱོར་ཏེ་འདི་ནས་རྟ་ནག་མི་ནག་ཅིག་སོང་ངམ་ཞེས་དྲིས་པར། དེར་ཡོད་ཡུལ་མི་ཚོས་རྟ་ནག་མི་ནག་མ་མཐོང་ཞིང༌། རྟ་དཀར་མི་དཀར་ཞིག་རིབ་ཙམ་མཐོང་བྱུང་ཞེས་བཤད་པས་དེ་ནས་བཟུང་ཡུལ་དེར་རིབ་ཅེས་མིང་ཐོགས་པ་རིམ་བཞིན་གྲིབ་ཅེས་པར་སྒྲ་འགྱུར་ཞེས་ཟེར་སྲོལ་ཡོད།

གྲིབ་ཚེ་མཆོག་གླིང་ནི་སྤྱི་ལོ་ ༡༧༩༠ ལོར་སྐྱིད་གྲོང་བསམ་གཏན་གླིང་ཕྱག་འདེབས་པ་པོ་༸རྒྱལ་བ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་ཕྱག་བཏབ། དགོན་པ་འདིའི་བཀའ་སྲུང་ནི་གྲིབ་རྫོང་བཙན་ཡིན། སྔར་དགེ་འདུན་ཞལ་གྲངས་ ༡༠༨ ནས་རི་བོ་དགེ་ལུགས་པའི་ཕྱག་བཞེད་མཛད་པ་ཡིན། རྟེན་གཙོར་དུས་གསུམ་སངས་རྒྱས་སོགས་སྐུ་གསུང་ཐུགས་རྟེན་གྲངས་མེད་བཞུགས། ད་ལྟ་འདུ་ཁང་ཆེ་བ་ཉམས་གསོ་ཐུབ་མེད་ཀྱང་དབང་ཁང་ཉམས་གསོ་གནང་བའི་སྔོན་གྱི་སྐུ་བརྙན་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།