ང་གཅིག ལྷ་སའི་རིས་མེད་ལྷ་ཁང་ ༡༢ གྱི་ལོ་རྒྱུས་སྙིང་བསྡུས།

ང་གཅིག ལྷ་སའི་རིས་མེད་ལྷ་ཁང་ ༡༢ གྱི་ལོ་རྒྱུས་སྙིང་བསྡུས།

༡ ལྷ་ས་མཁར་བྲག དེ་ནི་ལྷ་སའི་ཤར་ཕྱོགས་སྐུ་འབུམ་ཐང་གི་དཀྱིལ་དུ་ཡོད་ཅེས་མཁས་པ་འགའ་ཞིག་གིས་གསུངས། ལོ་རྒྱུས་འགའ་ཞིག་ནང་ལྷ་ཁང་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་མི་ཉག་རུ་ཡོང་བཟས་བཞེངས་པ་ཡིན་ཞེས་གསལ་ཡང༌། ལྷ་ས་མཁར་བྲག་ནི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཞེངས་པའི་ལྷ་ཁང་ལྔའི་གྲས་ཡིན་པས་བཤད་ཚུལ་དེ་མ་དག་པ་ཞིག་ཡིན། གང་ལྟར་ལྷ་ཁང་དེ་ཉིད་དུས་ནམ་ཞིག་ཐོར་ཞིག་ཏུ་སོང་བ་མ་ཤེས་ནའང་གང་ལྟར་དེང་སྐབས་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་མེད།

༢ བྱམས་ཁང་ནི། ལྷ་སའི་གཙུག་ལག་ཁང་གི་བྱང་ངོས་སྣང་རྩེ་ཤག་གི་འགྲམ་དུ་གནས་ཤིང༌། དེ་ནི་སྤྱི་ལོའི་དུས་རབས་ ༡༦ པའི་ནང་སེམས་དཔའ་བློ་གྲོས་རྒྱལ་མཚན་མཆོག་གིས་བཞེངས་ཤིང༌། དེ་ཡང་སྐབས་དེར་བར་སྐོར་ནང་མི་གསོད་སོགས་མང་པོ་བྱུང་བའི་བཟློག་ཐབས་སུ་བྱམས་པའི་འཇིམ་སྐུ་ཆེན་པོ་ཞིག་ཁྲོམ་གཟིགས་སྒང་དུ་ཞལ་ཕྱོགས་ནས་བཞེངས་པར་ཁྲོམ་གཟིགས་བྱམས་པ་ཞེས་གྲགས།

ཐོག་ཚད་གཉིས་ལྡན་གྱི་ལྷ་ཁང་སེར་པོ་དེའི་འོག་ཁང་ནང་སེམས་དཔའ་བློ་གྲོས་རྒྱལ་མཚན་དང་འབྲུག་པ་ཀུན་ལེགས་ཀྱི་སྒྲུབ་ཁང་ཞེས་པའི་ས་ཕུག་གཉིས་ཡོད་པ་དང༌། ཐོག་ཁང་གི་ཞལ་རས་ལྷ་ཁང་ལ་ལོ་དགོན་ནས་བཏང་བའི་བྱམས་ཁང་བླ་མས་རྒྱུན་དུ་བྱབས་ཁྲུས་གནང་སྲོལ་ཡོད། གྲོང་ནང་མི་ཤི་བྱུང་ན་བྱམས་ཁང་བླ་མས་ཕོ་བ་རྒྱག་དགོས། ལྷ་ཁང་དེའི་བདག་འཛིན་སྟག་རྩེའི་ལོ་དགོན་པས་གནང་གི་ཡོད།

༣ བར་མ་རིའམ་མཚན་རྒྱས་པར་བར་མ་རི་གེ་སར་ལྷ་ཁང་ངམ། བོང་བ་རི་ཀོན་ཏིས་ལྷ་ཁང་ཞེས་ཞུ། ཀུན་བདེ་གླིང་གི་རྒྱབ་ངོས་བོང་བ་རིའི་རི་རྩེར་གནས་ཤིང༌། དམར་ལྕགས་གཉིས་ཀྱི་བར་དུ་གནས་པས་བར་མ་རི་དང༌། བར་མ་རི་ཞེས་པ་དེ་སྒྲ་འགྱུར་ནས་བོང་བ་ཞེས་གྲགས། ཐོག་མར་གནས་དེར་རིགས་གསུམ་མགོན་པོའི་ལྷ་ཁང་ཞིག་ཡོད་སྐད་ལ། སྤྱི་ལོ་ ༡༧༩༢ ལོར་ཆིང་གོང་མའི་དམག་དཔོན་ཀྲུང་ཐང་ངུན་ཧཕུའི་ཀན་ལན་དང༌། སྐབས་དེའི་བོད་ཀྱི་སྲིད་སྐྱོང་རྟ་ཚག་བསྟན་པའི་འགོན་པོའི་བཀའ་བཀོད་ཇི་བཞིན་རྒྱའི་ཀོན་ཏིས་ལྷ་ཁང་ཞེས་པ་དེ་བསྐྲུན་ཞིང༌། བོད་མི་ཚོས་གེ་སར་ལྷ་ཁང་ཞེས་ཟེར། ནང་རྟེན་ཀོན་ཏིས་སམ་གེ་སར་ཀྱི་སྐུ་བརྙན། ཁྲོ་ཐུང་དང༌། བཤན་པ། ལྡན་མ་སོགས་ཀྱི་སྐུ་བརྙན་ཡོད། དེང་ཉམས་གསོ་གནང་བའི་ནང་བོད་ལུགས་གེ་སར་དང༌། གུ་རུའི་སྐུ་བརྙན། རིགས་གསུམ་མགོན་པོ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སྔར་ཀོན་ཏིས་གཙང་ཁང་གི་རྒྱབ་ཏུ་འཇམ་དབྱངས་ལྷ་ཁང་ཀ་བ་གཉིས་ཀྱི་སར་རྫ་གཡམ་གཡུ་རྩི་མའི་རྒྱ་ཕིབས་དང༌། ནང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་ཐོག་ཚད་མས་གཙོས་རིག་གསུམ་མགོན་པོའི་སྣང་བརྙན་ལྷ་ཁང་དང་བཅས་པ་ཞིག་འཇམ་དབྱངས་བླ་རིར་གྲགས་པའི་གནས་རི་བར་མ་རིར་གྲགས་པ་འདིའི་སྟེང་དུ་ཀོན་ཏིས་ལྷ་ཁང་མ་བྱུང་བའི་སྔོན་ནས་ཡོད་པར་མངོན་པ་ལགས་སོ།།

༤ ཡུན་ནན་ལྷ་ཁང་ནི། ལྷ་ས་སྐྱིད་རས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གནས་ཤིང༌། ལྷ་ཁང་དེ་ནི་སྔར་གྱི་རྒན་རབས་ཚོའི་བཤད་སྲོལ་ལ། དེ་སྔོན་ཡུན་ནན་ནས་ལག་རྩལ་པ་ཁག་གཅིག་ལྷ་སར་ཡོང་ནས་ཀོ་བ་བསྲེགས་ཏེ་མཐིལ་ཀོ་དང༌། རྒྱ་ཀོ་བཅས་བཟོ་བའི་ལག་རྩལ་དར་རྒྱས་ཕྱིན་པར་བརྟེན་བོད་གཞུང་ནས་ལག་རྩལ་བསླབས་པའི་བྱས་རྗེས་ལ་ཡུན་ནན་ལྷ་ཁང་རྒྱག་སའི་ས་ཆ་དེ་སྤྲད་པ་དང༌། དེ་ནས་བཟུང་ཡུན་ནན་པ་ལྷ་སར་གཏན་སྡོད་ཀྱིས་ཚོང་རིགས་ཆེ་འབྲིང་ཆུང་གསུམ་མཉམ་རུབ་ཐོག་ལྷ་ཁང་གསར་རྒྱག་བྱས་པ་དེར་ཀོན་ཏིས་དང༌། གཞི་བདག སྦེའི་ཡོ་ལྷ་སྐུ་བཅས་ཡོད་པར་རབ་བྱུང་ ༡༦ པའི་ས་ཕག་སྤྱི་ལོ་ ༡༩༥༩ ལོ་བར་ལྷ་གསོལ་བྱེད་མཁན་ཡོད་ལ། རིག་གསར་སྐབས་གཏོར་བཤིག་སོང་སྟེ་དེང་ཉམས་གསོ་ཐུབ་མེད་ལ་ས་གནས་ཀྱང་ངོས་འཛིན་དཀའ་བའི་གནས་སུ་གྱུར་ཡོད།

༥ ར་མོ་ཆེ་ཚེ་དཔག་ལྷ་ཁང་ནི། ར་མོ་ཆེ་གཙུག་ལག་ཁང་གི་རྒྱལ་སྒོའི་ལྷོ་ངོས་སུ་གནས་ཤིང༌། དེ་ནི་རྭ་མོ་ཆེ་གཙུག་ལག་ཁང་བཞེངས་གྲུབ་རྗེས་ས་ལྷག་གིས་ལྷ་ཁང་དེ་བཞེངས་པར་གྲགས་ཤིང༌། རྗེས་སུ་བཞི་སྡེ་དགོན་གྱིས་བདག་སྐྱོང་གནང་བ་ཞིག་ཡིན།  ལྷ་ཁང་དེའི་རྟེན་གཙོར་ཚེ་དཔག་མེད་ཐོག་རྩེགས་གཅིག་ལྷག་ཡོད་པ་དེའི་གཟུངས་སུ་ཨ་རུ་རྣམ་པར་རྒྱལ་བ་ཞེས་པ་བཞུགས་སུ་གསོལ་བས་དུས་རྒྱུན་ཞལ་མདངས་འགྱུར་ཞིང༌། དེར་སྐོར་བ་བསག་ན་ནད་རིགས་ཀུན་ལས་ཞི་ཞེས་པའི་གསུང་སྲོལ་ཡོད། གཞན་ཡང་གཟུངས་སུ་ཆོས་རྒྱལ་ནོར་བཟང་གི་ཁྲབ་ཀྱང་ཡོད་གསུངས། ཡང་སྔར་ལྷ་ཁང་དེའི་ནུབ་ཏུ་རྒྱའི་ལྷ་ཞེས་པའི་མདུན་དུ་ཁྲའུ་ཆའན་ཞེས་སྨྱུག་མ་བཀྲུག་སྟེ་མོ་འདེབས་ས་ཡོད། ད་ལྟ་ཚེ་དཔག་ལྷ་ཁང་ཉམས་གསོ་དང་རྒྱ་སྐྱེད་གནང་བ་མཇལ་རྒྱུ་ཡོད་དོ།།

༦ ར་མོ་ཆེའི་རྡོ་ཟམ་གེ་སར་ལྷ་ཁང་ནི། ལྷ་ལྡན་གཙུག་ལག་ཁང་གི་བྱང་ཕྱོགས་ར་མོ་ཆེའི་ཤར་ངོས་ར་མོ་ཆེའི་རྡོ་ཟམ་ཁུལ་དུ་གནས་ཤིང༌། དེར་ཀོན་ཏིས་ལྷ་ཁང་དུ་ཀོན་ཡུན་ཆང༌། གྲྭ་བཞི་ལྷ་མོ་སོགས་ཀྱི་སྐུ་བརྙན་བཞུགས་སུ་གསོལ་ཡོད་ལ། སྔོན་དུས་ལྷ་ཁང་གི་དཀོན་གཉེར་ནི་རྒྱ་རིགས་ཀྱི་བཙུན་མས་བྱེད་ཀྱི་ཡོད་སྐད། དེང་ས་གནས་དངོས་སུ་བརྩད་ཞིབ་ཞུ་སྐབས་ར་མོ་ཆེའི་ཚེ་དཔག་ལྷ་ཁང་གི་འགྲམ་དུ་གེ་སར་ལྷ་ཁང་ཞིག་ཡོད་པ་དེ་འཐོར་ཞིག་ཏུ་སོང་ནས་དེང་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཞེངས་ཚུལ་གསུང་རྒྱུ་འདུག་ཅིང༌། གོང་གསལ་གེ་སར་ལྷ་ཁང་ནི་ར་མོ་ཆེའི་རྡོ་ཟམ་ཁུལ་དུ་གནས་པར་གྲགས་ཀྱང་དེ་དུས་ནམ་ཞིག་འཐོར་ཞིག་དང་གཏོར་སྐྱོན་དུ་སོང་མིན་ཆ་མ་རྟོགས་ཀྱང༌། གང་ལྟར་དེང་སྐབས་རྩ་མེད་དུ་སོང་སྟེ་ས་གནས་ཀྱང་ངོས་འཛིན་དཀའ་བའི་གནས་སུ་གྱུར་པ་ལགས་སོ།།

༧ མཚལ་གཞི་མེའོ་ལྷ་ཁང་ནི། ལྷ་ལྡན་གྲོང་ཁྱེར་གྱི་བར་སྐོར་ཤར་ངོས། དེང་བར་སྐོར་གྲོང་ལྷན་ཁོངས་མཚོ་སྣག་གམ་མཚོ་སྣ་བར་སྲང་ལམ་དུ་གནས་ཤིང༌། མཚལ་གཞི་མེའོ་ལྷ་ཁང་ནི་རྒྱ་སྐད་ལ་ཚའི་ཧྲན་མེའོ་སྟེ། དེའི་གོ་དོན་ནི་ནོར་ལྷའི་ལྷ་ཁང་ཟེར་ཞིང༌། ལྷ་ཁང་དེར་ཐོག་བརྩེགས་གཉིས་ཡོད་པ་དང༌། ཡང་སྟེང་དུ་ཤིང་གི་རྒྱ་ཕིབས་ཤིག་ཀྱང་ཡོད་ཅིང༌། ལྷ་ཁང་དེ་ཉིད་ཆུ་བྱི་དམག་འཁྲུག་ ༼ཟི་ཁྲོན་དམག་མི་དང་བོད་དམག་བར་དམག་འཐབ་བྱུང༌།༽ སྐབས་འཐོར་ཞིག་ཏུ་ཕྱིན་རྗེས་སྔར་བོད་གཞུང་སོ་ནམ་ལས་ཁུངས་ནས་ས་ཆ་དེ་དོ་དམ་བྱས་སྐད།

༨ དར་པོ་གླིང་ནི། ལྷ་ལྡན་ཁྲོམ་གཟིགས་ཁང་གི་ཉེ་འགྲམ་ཤར་ངོས་སུ་གནས་ཤིང༌། དེ་ནི་དུས་རབས་བཅོ་ལྔ་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་ཕྱག་བཏབ། དེ་གར་དགེ་བསྙེན་ཕྱིང་དཀར་བ་དང༌། དགྲ་ལྷ་ཁོག་ཞུགས་བྱེད་ཅིང༌། དར་པོ་གླིང་གི་ལྷ་མི་བ་ཞེས་ལྷ་གསོལ་མཁན་ཚོགས་པ་རྒྱ་ཆེ་ཙམ་ཡོད། སྔར་འཛིན་བདག་རྩེ་རྣམ་རྒྱལ་གྲྭ་ཚང་ནས་གནང་སྲོལ་ཡོད་ཁར་མགོན་པོ་བ་མི་གཅིག་གིས་དུས་རྒྱུན་གྱི་གསོལ་མཆོད་རྣམས་གནང་གི་ཡོད་ཐོག་རྣམ་རྒྱལ་གྲྭ་ཚང་ནས་ལུང་ཞུ་སོགས་བྱེད་སྲོལ་ཡོད། རིག་གསར་སྐབས་ནང་རྟེན་གཏོར་བཤིག་སོང་ཞིང་འདུ་ཁང་ནང་དོལ་ཁང་བྱས་སྐབས་ལྡེབས་རིས་ཉམས་མེད་གནས། དེང་ཀེའུ་ཚང་ནུབ་རི་ཁྲོད་ཁོངས་ཡིན་ལ་དགེ་འདུན་གཉིས་བཞུགས། ཤག་སྐོར་རྣམས་གྲོང་མི་གནས་སྡོད་བྱེད་མུས་དང༌། ཁྲོམ་གཟིགས་ཁང་གྲོང་ལྷན་ཁོངས་ཡིན་ནོ།།

༩ གླང་ར་བྱར་དགོན་ནི། ལྷ་སར་ཆགས་ཤིང༌། བཻ་སེར་ལས། གླང་ར་བྱར་དགོན་ནི་ཐོག་མར་སུས་བཏབ་ངེས་པ་མ་བྱུང་ཡང༌། ཕྱིས་སུ་ཡེར་པ་གྲྭ་ཚང་གི་དགོན་ལག་ཏུ་གྱུར་པས་བླ་རབས་དེར་གསལ་བཞིན་དང་རྗེ་བླ་མའི་བཀའ་རྩོམ་སྨན་བླ་དང་མི་འཁྲུག་པ་སོགས་གཏོང་ཞེས་འཁོད་འདུག་པས་དེང་སྦྲ་ནག་ཞོལ་ཁོངས་སུ་ཡེར་པ་གྲྭ་ཚང་གི་ཡན་ལག་རྒྱལ་ཁང་ཞེས་བྱང་ཕྱོགས་འཕྲིན་ལས་རྒྱལ་པོའི་མགོན་ཁང་ཞིག་ཡོད་པ་འདི་ཉིད་ཡིན་ནམ་སྙམ་ཞིང༌། རྒྱལ་ཁང་ནི་སྦྲ་ནག་ཞོལ་དང་དེ་དང་ཉེ་ཁུལ་གྱི་བྱིས་པ་གསར་སྐྱེས་རྣམས་ཀྱི་སྐྱེས་ལྷར་བརྩི་བཞིན་ཡོད་ཅིང༌། འདུ་ཁང་འདི་རིག་གསར་སྐབས་རྩྭ་ཁང་བྱས་སྟབས་ཉམས་ཆགས་ཆེར་བྱུང་མེད་ལ། རྟེན་གཙོར་བྱང་ཕྱོགས་འཕྲིན་ལས་རྒྱལ་པོ་དང༌། མགོན་ཆོས་ལྷ་གསུམ་བཅས་གསར་བཞེངས་གནང་བ་མཇལ་རྒྱུ་འདུག་ཅིང་དགེ་འདུན་ཞལ་གྲངས་གཉིས་བཞུགས་སོ།།

༡༠ སྤྲོ་བདེ་ཁང་གསར་ནི་ལྷ་སའི་གྲོང་ཁུལ་རྙིང་པའི་ལྷོ་ངོས་སུ་གནས་ཤིང༌། མཚན་བསྡུས་པར་སྤྲོ་ཁང་དང༌། ཁ་རྒྱུན་དུ་པུ་ཏེ་ཁང་གསར་ཟེར། བཙན་ཁང་དེ་ནི་༸རྒྱལ་དབང་ལྔ་པས་རྒྱལ་ཆེན་ཤུགས་ལྡན་གྱི་བཞུགས་གནས་སུ་ཕུལ་གནང་མཛད་པར་གྲགས། ཐོག་མར་གནས་དེར་༸རྒྱལ་དབང་ལྔ་པའི་སྤྲོ་ཁང་ཞིག་ཡོད་སྟབས་སྤྲོ་བདེ་ཁང་གསར་ཞེས་གྲགས། སྔོན་བཙན་ཁང་དེར་དོལ་རྒྱལ་དང༌། བསེ་ཁྲབ་པའི་སྐུ་བརྙན་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དེའི་བདག་ཐོབ་རི་བོ་ཆོས་གླིང་ལ་གནང་བས་དེ་ནས་གྲྭ་པ་བཅུ་གཅིག་དང་སྐུ་རྟེན་བཅས་བཏང་ནས་བཙན་ཁང་དེར་རྒྱུན་བཞུགས་བྱེད། ད་ལྟ་སྔོན་གྱི་བཙན་ཁང་དེར་ཉམས་གསོ་བྱས་པའི་ནང་སྔོན་གྱི་སྐུ་བརྙན་གྱི་ཚབ་གསར་དང༌། དོལ་རྒྱལ་གྱི་སྐྱེས་རབས་ལྡེབས་རིས་སོགས་ཡོད།

༡༡ ཀརྨ་དགོན་གསར་ནི། ཀརྨ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་ཀྱི་གྲགས་པས་བསྐུལ་མ་གནང་དོན་སྤྱི་ལོ་ ༡༥༠༣ ལོར་རིན་སྤུངས་སྡེ་པ་དོན་ཡོད་རྡོ་རྗེས་ལྷ་སའི་གྲོང་ཁྱེར་གྱི་ཤར་ངོས་ས་ནག་མར་སེ་འབྲས་དགེ་གསུམ་གྱི་ཁ་གནོན་དུ་དགོན་གསར་ཐུབ་བསྟན་ཆོས་འཁོར་ཟེར་བ་བཏབ་པ་དེར་ཡོངས་གྲགས་སུ་ཀརྨ་དགོན་གསར་ཞེས་འབོད། དེ་མཇུག་སྐྱོང་མ་ཐུབ་པའི་ལོ་རྒྱུས་ཀརྨ་པའི་རྣམ་ཐར་ནང་གསལ་ཞིང༌། ལོ་རྒྱུས་ལ་ལར་སེ་འབྲས་གཉིས་ཀྱི་ཁ་གནོན་དུ་དམིགས་ཏེ་ཤུན་གདོང་དཀར་རྫོང་བརྩིགས་པ་ཞེས་སོགས་གསལ་ཞིང༌། གདན་ས་གསུམ་གྱི་ཁ་གནོན་ཀརྨ་དགོན་གསར་ཟེར་བ་གསར་རྒྱག་བྱས་ནས་ཡུན་རིང་མ་སོང་བར་སེར་འབྲས་དགེ་གསུམ་གྱི་དགེ་འདུན་པས་བཤིག་པ་དང༌། ས་ཆ་དེའི་རྒྱུད་ལ་ཀརྨ་དགོན་གསར་ཞེས་མིང་ཐོགས། དེང་སྐབས་ས་གནས་དེའི་མིང་དུ་ཀརྨ་ཀུན་བཟང་ཞེས་འབོད་བཞིན་འདུག་པ་བཅས་སོ།།

༡༢ ས་སྐྱའི་ཕོ་བྲང་གསར་པའི་ལྷ་ཁང་ནི། ལྷ་ལྡན་གཙུག་ལག་ཁང་གི་ནུབ་ངོས་དང་ཇུས་འདིང་གླིང་གི་ལྷོ་ངོས་ཉེ་འགྲམ་དུ་གནས་ཤིང༌། རྒྱ་ཁྱོན་ཀ་གཉིས་ཀྱི་སའི་ལྷ་ཁང་ནང་རྟེན་གཙོར་འཇམ་མགོན་ས་སྐྱ་པཎ་ཆེན་གྱི་འདྲ་སྐུ་སྨན་འདམ་ལས་གྲུབ་པའི་འདྲ་སྐུ་མི་ཚད་མ་དང༌། ས་སྐྱ་གོང་མ་རྣམ་ལྔའི་འདྲ་སྐུ་ཁྲུ་གང་ཙམ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན། འབུམ་པོད་སོགས་བཞུགས་སུ་གསོལ་ཞིང༌། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་སྤྱན་གསལ་ཀུན་འཕེལ་ལགས་ཀྱི་མི་བརྒྱུད་ནས་ས་ཁང་འདི་དག་དཔལ་ས་སྐྱ་དགོན་པར་འབུལ་སྦྱོར་མཛད་ཅིང༌། ས་སྐྱ་དགོན་ནས་རྒྱུ་སྦྱར་གྱིས་ཕྱི་ལོ་ ༡༩༨༧ ལོར་ལྷ་ཁང་གསར་བཞེངས་གནང་ཞིང༌། དེང་སྐབས་དགེ་འདུན་ཞལ་གྲངས་གཉིས་ཀྱིས་ས་ལུགས་ཕྱག་བཞེས་མཛད་བཞིན་ཡོད་པ་བཅས་སོ།།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།