ང་གཉིས། ལྷ་སའི་རིས་མེད་བཙུན་དགོན་ཁག་ ༩ ཡི་ལོ་རྒྱུས་སྙིང་བསྡུས།

ང་གཉིས། ལྷ་སའི་རིས་མེད་བཙུན་དགོན་ཁག་ ༩ ཡི་ལོ་རྒྱུས་སྙིང་བསྡུས།

༡ མཚམས་ཁུང་བཙུན་དགོན་ནི། ལྷ་སའི་ལྷོ་ཕྱོགས་གླིང་སྐོར་ལམ་གྱི་ཉེ་འགྲམ་དུ་གནས་ཤིང༌། ཐོག་མར་སྤྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་ཅིང༌། དེར་ཆོས་རྒྱལ་རང་ཉིད་སྐུ་མཚམས་སུ་བཞུགས་གནང་མཛད། ཕྱིས་གྲུབ་ཆེན་ཀུ་ཅོར་རྟོགས་ལྡན་པས་ ༼སྤྱི་ལོ་ ༡༣༨༦། ༡༤༤༥།༽ མཚམས་ཁུང་བཙུན་དགོན་ཆུང་ངུ་ཞིག་ཕྱག་བཏབ་ཅིང༌། གནས་འཛིན་དུ་བཙུན་མ་བཅུ་སྐོར་ཁོང་གི་ཞལ་སློབ་ཏུ་བཞུགས་པར་ཕྱིས་མཚམས་ཁུང་ཨ་ནེའི་དགོན་པ་ཞེས་གྲགས།

རྟེན་གཙོ་ལྷ་མོའི་ཞལ་འབག་དམ་སྦྱར་མ་དང༌། ཆོས་རྒྱལ་གྱི་མཚམས་ཁུང་དུ་རྡོ་ནག་ལས་གྲུབ་པའི་ཆོས་རྒྱལ་ཉིད་ཀྱི་ཕྱག་བཟོ་ཆོས་རྒྱལ་ང་འདྲ་མ་སོགས་བཞུགས། སྤྱི་ལོ་ ༡༩༥༩ ལོའི་གོང་དུ་བཙུན་མ་ཞལ་གྲངས་ ༡༢༧ ཙམ་ཡོད། ད་ཡོད་བཙུན་མ་ཞལ་གྲངས་ ༡༠༩ ནས་རི་བོ་དགེ་ལྡན་པའི་སྔགས་ཆོག་ཕྱག་བཞེས་གནང་གི་ཡོད།

༢ གར་རི་དགོན་བསམ་གཏན་གླིང་ནི། ལྷ་ས་གྲོང་ཁྱེར་གྱི་ཉང་བྲན་ཕུར་གནས་ཤིང༌། དེ་ནི་སྤྱི་ལོ་ ༡༡༡༣ ལོར་ཕ་དམ་པ་སངས་རྒྱས་ཀྱིས་ཕྱག་བཏབ་ཅིང༌། ཕ་དམ་པ་དགོན་པ་ཆགས་ཡུལ་དུ་ཕེབས་སྐབས་མ་དང་མཁའ་འགྲོ་རྣམས་ཀྱིས་གར་འཁྲབ་པར་གཟིགས་པས་གར་དགོན་ཞེས་མཚན་གསོལ། ཐོག་མར་གྲུབ་མཐའ་ཞི་བྱེད་དང་སྤྱི་ལོ་ ༡༧༩༢ ཙམ་ལ་བཙུན་མ་རྣམས་ནས་བྲག་རི་མཁན་ཆེན་གྱི་ཞབས་ལ་གཏུགས་ཏེ་རི་བོ་དགེ་ལྡན་པའི་ཕྱག་བཞེད་མཛད་པར་འགྱུར། སྔོན་དགོན་བདག་བྲག་རི་བླ་བྲང་ནས་གནང་ཞིང༌། རྟེན་གཙོར་ཛྷི་ཀྵིམ་གྱི་ཕ་དམ་པ་སངས་རྒྱས་ཀྱི་སྐུ་བརྙན་བྱིས་པ་ལོ་གཉིས་ཙམ་སོགས་བཞུགས། དགོན་འདིར་སྤྱི་ལོ་ ༡༩༥༩ བར་བཙུན་མ་ཞལ་གྲངས་ ༡༧༠ སྐོར་ཡོད་ལ་དེང་བཙུན་མ་ ༣༠༠ ཙམ་མཆིས་པ་བཅས་སོ།།

༣ ཉང་བྲན་ཆུ་བཟང་རི་ཁྲོད་ནི། སེ་རའི་གཡོན་ངོས་རི་གཤམ་དུ་ཆགས་ཤིང༌། སྤྱི་ལོ་ ༡༦༩༦ ལོར་སྡེ་སྲིད་སངས་རྒྱས་མཚོས་ཡུམ་གྱི་ཚོགས་བསགས་སྒྲིབ་སྦྱང་གནང་སར་ཕྱག་བཏབ། དེ་ནས་ཆུ་བཟང་བླ་མ་དང་སྟག་ཕུའི་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་ཕེབས་ནས་དགོན་དེ་རྒྱ་བསྐྱེད་བྱུང༌། སྔར་སེ་ར་ནས་དགེ་སློང་བརྒྱད་རེ་གཏན་བཞུགས་གནང་དགོས། སྲོང་བཙན་སྒམ་པོས་གཏེར་ནས་བཞེས་པའི་རྡོ་སྐུ་རྟེན་གཙོར་བཞུགས། ༸རྒྱལ་བ་ལྔ་པ་ཆེན་པོ་མཆོག་གནས་དེར་ཞབས་བཅག་མྱོང་ཞིང༌། རི་ཁྲོད་དེའི་ལྟག་ཏུ་བྱ་རྒོད་ཆུ་མིག་ཅེས་ཆུ་བཟང་བ་ཞིག་ཡོད་པར་བྱ་རྒོད་ཀྱིས་ཆུ་བཏུངས་པ་༸རྒྱལ་དབང་ལྔ་པ་ཆེན་པོས་གཟིགས་པས་ཆུ་མིག་དེར་བྱ་རྒོད་ཆུ་མིག་དང༌། རི་ཁྲོད་དེར་ཆུ་བཟང་ཞེས་མཚན་གསོལ། ༡༩༨༢ ལོར་ཉམས་གསོ་དང་བཅས་བཙུན་དགོན་དུ་གྱུར། དེང་བཙུན་མ་ ༧༠ སྐོར་ཡོད།

༤ ནེ་ཆུང་རི་ཁྲོད་ནི་ལྷ་ས་དོག་སྡེའི་ཕུའི་ཤར་ངོས་རི་ལྡེབས་སུ་ཆགས་ཤིང༌། དེ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཞང་གཡུ་བྲག་པའི་སློབ་མ་རབ་འབྱམས་ཆོས་རྗེས་ཕྱག་བཏབ། དགོན་དེ་ཆགས་ཡུལ་དུ་ནིའུ་གསིང་ཆུང་ངུ་ཞིག་ཡོད་པས་ནེའུ་ཆུང་རི་ཞེས་དང༌། ཡང་གནས་དེར་མི་ཆུང་གི་དབྱིབས་འདྲ་བ་ཞིག་ཡོད་པས་མི་ཆུང་རི་དང༌། ཡང་ཉིན་ཞིག་རབ་འབྱམས་ཆོས་རྗེའི་གཏོར་ཆས་ཀྱི་སྣོད་བྱ་ནེ་ལེས་འཁྱེར་ཏེ་དགོན་པ་ཆགས་ཡུལ་དེར་བསྐྱལ་བས་ནེ་ཕྱུང་རི་ཞེས་མཚན་ཆགས་སྐད། སྔོན་དགོན་བདག་སེ་ར་བླ་སྤྱིས་གནང་ཞིང་བཙུན་མ་ ༡༨༠༼༡༢༥༽ ཡོད་ལ་དེང་སྐབས་བཙུན་མ་ ༨༨ ནས་དགེ་ལྡན་པའི་ཕྱག་བཞེད་མཛད་བཞིན་ཡོད། གནས་ཀྱི་བླ་མ་འགྲོ་མགོན་གཡུ་བྲག་པ་ཡིན། རྟེན་གཙོར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་བཞུགས་སོ།།

༥ གནས་སྒོ་གདོང་བཙུན་དགོན། མཚན་རྒྱས་པར་གནས་གདོང་བྱམས་གླིང་དགོན་ཞེས་ཞུ། དོག་སྡེའི་ཤར་ནས་གནས་ནང་ཞེས་པར་སོང་ན་ནག་སྒང་གྲོང་ཚོའི་བྱང་ངོས་རི་ལྡེབས་སུ་ཆགས། དེ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་མཁར་རྡོ་སྐུ་ཕྲེང་གསུམ་པ་རིག་འཛིན་ཆོས་རྡོར་རམ་ལ་ལར་ཤར་ཆེན་ནམ་མཁའ་རྒྱལ་མཚན་ནས་ཕྱག་བཏབ་ཅེས་འཁོད། རི་ཁྲོད་དེ་ཐོག་མར་ཡུལ་དེའི་ཕུ་ལ་ཟངས་མདོག་དཔལ་རི་ཞེས་རི་སྐོར་རྒྱག་ས་དང༌། གུ་རུའི་སྒྲུབ་ཕུག་སོགས་ཡོད་སར་གནས། རྗེས་སུ་རྐུན་ཇག་གིས་རྐྱེན་བྱས་ཏེ་གནས་ནང་གི་བཙུན་དགོན་དང་གནས་སྒོ་གདོང་གི་གྲྭ་པའི་བཞུགས་གནས་བརྗེས་པ་ཡིན། དགོན་བདག་མཁར་རྡོ་བླ་བྲང་ཡིན། དེང་བཙུན་མ་ ༤༠ ཡོད། རྟེན་གཙོར་གསར་བཞེངས་གནང་བའི་འཕགས་པ་ལོ་ཀེ་ཤཱ་རི་སོགས་བཞུགས་སོ།།

༦ རག་བཙུན་དགོན་ནི། ལྷ་ས་གྲོང་ཁྱེར་ཁོངས་རྔ་ཆེན་ཤང༌། རྔ་ཆེན་གློག་ཁང་གི་ཉེ་འདབས་སུ་གནས་ཤིང༌། དེ་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་སྡེ་དཔོན་མདོ་མཁར་ ༼རག་ཤག༽ བའི་མི་ངོ་བཙུན་མ་ཞིག་གིས་ཕྱག་བཏབ་གནང་མཛད་ཅིང༌། རག་ཤག་ནས་བདག་འཛིན་གནང་བཞིན་ཡོད་ལ། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་ ༡༩༥༩ ལོར་རག་ཤག་གི་མི་ངོ་བཙུན་མ་དཔོན་གཡོག་ཞལ་གྲངས་གཉིས་ཡོད་འདུག་ཅིང༌། སྤྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་ལོ་བཅུའི་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་རྙིང་བཞི་རྩ་གཏོར་གྱི་ཟང་ཟིང་ལས་འགུལ་གྱི་རླུང་འཚུབ་ཁྲོད་བོད་ཆོལ་གསུམ་གྱི་དགོན་གནས་སྤྱི་དང་འདྲ་བར་རག་བཙུན་དགོན་ཡང་སྐབས་དེར་ཕྱི་ནང་སྣོད་བཅུད་དང་བཅས་པ་རྩ་གཏོར་སོང་སྟབས་དེང་སྐབས་ཉམས་གསོ་ཐུབ་མེད།

༧ ལྕགས་པོ་རི་གྲུབ་ཐོབ་ལྷ་ཁང་ནི། ལྷ་ལྡན་ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་གི་བྱང་ངོས་ཉེ་འགྲམ་དུ་ཆགས་ཤིང༌། དེ་ནི་སྤྱི་ལོ་ ༡༩༨༤ ཙམ་ལ་ལྷ་ལྡན་དགའ་ལྡན་ཁང་གསར་ཨེམ་རྗེ་ལགས་ནས་རྒྱུ་སྦྱར་གྱིས་གསར་བཞེངས་མཛད་ཅིང༌། ཐོག་མར་ལོ་ངོ་གཅིག་ཙམ་རིང་དགའ་ལྡན་ཁང་གསར་ནས་དཀོན་གཉེར་གཅིག་བཙུགས་གནང་གི་བདག་སྐྱོང་དང༌། དེ་རྗེས་སྔ་འགྱུར་ཤུག་གསེབ་ཨོ་རྒྱན་རྫོང་བཙུན་དགོན་དུ་འབུལ་སྦྱོར་མཛད། དེ་ནས་བཟུང་ཤུག་གསེབ་བཙུན་དགོན་ནས་བདག་སྐྱོང་གནང་བཞིན་ཡོད་ལ། ནང་རྟེན་གཙོ་བོ་སློབ་དཔོན་པདྨ་འབྱུང་གནས་དང༌། གྲུབ་ཆེན་ཐང་སྟོང་རྒྱལ་པོ་མི་ཚད་མ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྟོང་སྐུ་བཞུགས་སུ་གསོལ་ཞིང༌། བཙུན་མ་ཞལ་གྲངས་ ༨ ནས་སྔ་འགྱུར་རྙིང་ལུགས་ཕྱག་བཞེས་མཛད་བཞིན་ཡོད།

༨ མཁར་རྔ་གདོང་བཙུན་དགོན་ནི། ཕོ་བྲང་པོ་ཏཱ་ལའི་ཤར་ངོས་རི་ཟུར་དུ་གནས་ཤིང༌། རིག་གསར་སྐབས་ཡུན་རིང་ལྷ་ཁང་རྩ་གཏོར་བཏང་སྟེ། ལྷ་སྐུ་རྣམས་བཙོག་གཅིན་འགྲོ་ཡུར་ཁག་གི་རྡོ་ཟམ་དུ་བརྒྱབ་ཅིང༌། ཆོས་དད་ཅུང་སླར་གསོ་བྱུང་རྗེས་ཆོས་རྒྱལ་སྲོང་བཙན་སྐབས་རབ་གནས་ཕོགས་པར་གྲགས་པའི་རྡོ་བརྐོས་ཀྱི་ཤཱཀྱ་ཐུབ་པའི་གཙོ་ཞལ་དང༌། གུ་རུ་མཚོ་སྐྱེས་རྡོ་རྗེ། ཁྲོ་བོ་མི་གཡོ་བ། རྒྱལ་ཆེན་ཡུལ་འཁོར་སྲུང་བཅས་མང་ཚོགས་ནས་ཡར་བཏོན་ཏེ་སྤྱི་ལོ་ ༡༩༧༨ ལོར་མཁར་རྔ་གདོང་གྲུ་འཛིན་ཞིང་གི་སྒོ་མོ་དང་པོའི་རང་བྱོན་ཡོད་སའི་ལྷ་ཁང་དུ་གདན་དྲངས་ནས་བཞུགས་སུ་གསོལ་ཞིང༌། ནེའུ་ཆུང་རིའི་བཙུན་དགོན་གྱི་བདག་སྐྱོང་བྱེད་ཀྱི་ཡོད་ལ། བཙུན་མ་ཞལ་གྲངས་ ༡༠ སྐོར་ནས་རི་བོ་དགེ་ལྡན་ལུགས་ཕྱག་བཞེས་མཛད་ཀྱི་ཡོད་པ་བཅས་སོ།།

༩ སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་ནི། ར་མ་སྒང་གྲོང་དབུས་སུ་ཆགས་ཤིང༌། ཐོག་མར་གནས་དེར་བོད་རྒྱལ་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་ནམ། སད་ན་ལེགས་མཇིང་ཡོན་གྱིས་སྤྱི་ལོའི་དུས་རབས་དགུ་པར་ངའི་ལྷ་ཁང་ཡབ་མེས་གོང་མ་རྣམས་ལས་ལྷག་པ་ཉི་ཟླའི་རྒྱ་ཙམ་ཞིག་བཞེངས་དགོས་གསུངས་པར། བློན་པོ་རྣམས་ཀྱིས་ཉི་ཟླའི་རྒྱ་ཙམ་བཞེངས་ན་བྱང་འབྲོག་ཡངས་པར་བཞེངས་པ་ལས་ས་གཞན་ལ་མི་ཤོང་བས། བྱང་འབྲོག་ཡངས་པར་བཞེངས་ན་རྒྱལ་བློན་ཀུན་གྱི་ལོངས་སྤྱོད་དབུས་སུ་བྱེད་པས་ལྷ་ཁང་སྟོང་པར་ལུས་འགྲོ། སྐར་མ་ཆུང་བའི་རྒྱ་ཙམ་ཞིག་བཞེངས་ན་གནས་དེར་བརྩིག་ཆོག་པ་འདུག་ཅེས་ཞུས་པས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་ཞེས་པའི་མཚན་ཐོགས། དཀོར་བདག་རྒྱལ་པོ་པེ་ཧར་ལའང་སྐར་ཆུང་རྒྱལ་པོ་ཞེས་པའི་མཚན་ཐོགས། རྒྱང་གྲགས་གཅིག་གི་རྨང་བཏིང་ནས་ཕོ་བྲང་ཐོག་སོ་དགུ་ཐོག་གསེར་ཟངས་ཀྱི་རྒྱ་ཕིབས་དང་བཅས་པ་ཡོད་ཅེས་གྲགས། དེའི་ཉེ་འཁྲིས་སུ་བཙུགས་པའི་རྡོ་རིང་ལའང་གཙུག་ལག་ཁང་གི་མིང་བཏགས་ཏེ་སྐར་ཆུང་རྡོ་རིང་དུ་འབོད། དུས་ནམ་ཞིག་ལ་གཙུག་ལག་ཁང་དེ་ཆུས་འཇིག་པ་དང༌། ལྷ་ཁང་ཆུང་ངུ་ཞིག་ནང་དགེ་སློང་ཁ་ཤས་བཞུགས་པར་གྲགས། དེ་ནས་དགེ་སློང་དེ་རྣམས་ཀྱང་བཞུགས་མི་ཐུབ་པར་འགྱུར་མཚམས་ལ་ཕར་རྒྱབ་ཀྱི་ཨ་ནེའི་གྱང་རལ་ཞེས་པའི་བཙུན་མ་རྣམས་གནས་འདིར་སྤོས་རྗེས་འབྲུག་པ་བཀའ་བརྒྱུད་ཀྱི་བཙུན་དགོན་སངས་རྒྱས་དགོན་པ་ཞེས་པའི་མཚན་ཐོགས་པ་ཡིན། རིག་གསར་སྐབས་གཏོར་བཤིག་སོང་བའི་གྱང་རོའི་སྟེང་དེང་གསར་བཞེངས་གནང་བ་ཅུང་ཟད་མཇལ་རྒྱུ་ཡོད།།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།