ང་གསུམ། ལྷ་སའི་རིས་མེད་རི་ཁྲོད་ཁག་ ༡༩ ཡི་ལོ་རྒྱུས་སྙིང་བསྡུས།

ང་གསུམ། ལྷ་སའི་རིས་མེད་རི་ཁྲོད་ཁག་ ༡༩ ཡི་ལོ་རྒྱུས་སྙིང་བསྡུས།

༡ དགེ་འཕེལ་རི་ཁྲོད་ནི་ལྷ་ས་འབྲས་སྤུངས་དགོན་གྱི་རྒྱབ་རིའི་སྟེང་དུ་ཆགས་ཤིང༌། སྤྱི་ལོ་ ༡༦༡༧ ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱིས་ཕྱག་བཏབ། དེ་གར་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ། གྲུབ་ཐོབ་དཔའ་བོ་རྡོ་རྗེ། ཀློང་རྡོལ་བླ་མ་རིན་པོ་ཆེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ༸རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱི་སྒྲུབ་ཁང་མང་དག་ཡོད།
༸རྒྱལ་དབང་ལྔ་པ་ཆེན་པོས་རི་ཁྲོད་དུ་ལྗགས་བསྙེན་མཛད་སྐབས་དབང་འདུས་མེ་ཏོག་ཅེས་པའི་མེ་ཏོག་ཡ་མཚན་ཅན་དུ་མ་ཤར་བ་ཕྱིས་ཚང་མའི་མཐོང་ཆོས་སུ་ཡོད་པར་གྲགས། ༸རྒྱལ་བ་བསྐལ་བཟང་རྒྱ་མཚོས་དགེ་འདུན་ ༦༥ གཏན་འབེབས་གནང༌། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོས་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་བཤེས་གཉེན་སྐལ་བཟང་གནས་ཀྱི་བླ་མར་བསྐོ་བཞག་གནང་བ་བཅས་སོ།།

༢ ལྷ་ལུང་རི་ཁྲོད་ནི་གནས་ཆུང་དགོན་ནས་སྤྱི་ལེ་ ༣ ཙམ་གྱི་སར་གནས་ཆུང་རི་རྒྱུད་ཀྱི་ཤར་ངོས་སུ་ཆགས་ཤིང༌། དེ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་མྱོང་བའི་བྲག་ཕུག་ཡོད་སར་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་གནས་ཆུང་སྐུ་བརྟེན་ཤཱཀྱ་ཡར་འཕེལ་གྱིས་རི་ཁྲོད་བཏབ་སྟེ་གྲྭ་གྲངས་ ༡༥ བཙུགས། དགོན་བདག་གནས་ཆུང་གྲྭ་ཚང་ཡིན། དེང་སྒྲུབ་ཁང་ཙམ་ལས་རིག་གསར་སྐབས་གཏོར་བཤིག་གིས་ཉམས་གསོ་ཞུ་ཐུབ་མེད་ལ། རི་ཁྲོད་ཀྱི་ཉེ་འདབས་ས་ཕུང་སྒང་ཞེས་པའི་གྲོང་ཚོ་དེར་སྔོན་མིང་གླིང་བུ་ཐང་ཞེས་ཟེར། དེའི་གོ་དོན་ནི། བཙན་པོ་གླང་དར་གྱི་དབུ་ལ་ར་ཅོ་ཡོད་པ་འགེབ་ཆེད་དུ་དབུ་སྐྲ་ལྷས་མ་བརྒྱབས་པའི་ཤོད་སྲོལ་དེ་དྲངས་སྲོལ་འདུག་ལ། རྒྱལ་པོ་གླང་དར་བཀྲོངས་སྐབས་ལྷ་ལུང་དཔལ་རྡོར་རི་ཁྲོད་འདིར་བཞུགས་པས་ལྷ་ལུང་རི་ཁྲོད་ཅེས་མིང་ཐོག་ཚུལ་ཡང་གསལ་ལོ།།

༣ དགོན་པ་གསར་རི་ཁྲོད་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་བྲག་རི་ཁུལ་རི་ལྡེབས་སུ་གནས་ཤིང༌། དེ་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་པཎ་ཆེན་སྐུ་ཕྲེང་བདུན་པའི་ཡུམ་བློ་བཟང་ཆོས་ཀྱི་སྒྲོན་མས་ཕྱག་བཏབ། བཀྲས་ལྷུན་དུ་བཞུགས་པའི་གནས་ཀྱི་བླ་མ་སྐུ་ཕྲེང་དང་པོ་ཡེ་ཤེས་སྙན་གྲགས་མཆོག་རི་ཁྲོད་འདིར་གདན་དྲངས་ཏེ་ཐོག་མར་དགེ་འདུན་བཞི་གྲྭ་གཅིག་ནས་རིམ་བཞིན་རྒྱུན་བཞུགས་དགེ་སློང་ཞལ་གྲངས་ ༡༣ དུ་གཏན་འབེབས་མཛད། སྔོན་འབྲས་སྤུངས་སྔགས་པའི་ཁོངས་ཡིན་ལ་ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

༤ དགོན་པ་གསར་རྩེ་རི་ཁྲོད། ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་བྲག་རི་ཁུག་དང་འབྲས་སྤུངས་གཉིས་ཀྱི་བར་དགོན་པ་གསར་རྩེ་དང༌། དགོན་པ་གསར་ཤོད་གཉིས་ཡོད། དགོན་གསར་ཤོད་རི་ཁྲོད་ནས་སྐར་མ་བཅོ་ལྔ་ཙམ་འཛེགས་ན་སེ་ར་བྱ་བྲལ་ཁང་ཚན་གྱི་ཁོངས་དགོན་གསར་རྩེའི་རི་ཁྲོད་དེ་ཆགས་ཤིང༌། དགོན་པ་གསར་རྩེ་བཀྲ་ཤིས་ཐེག་ཆེན་གླིང་ཐོག་མར་ཕྱག་བཏབ་མཁན་ནི་དགོན་གསར་རིན་པོ་ཆེའི་སྐུ་ཕྲེང་དང་པོ་སེར་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་བཤེས་བློ་བཟང་སྙན་གྲགས་ལགས་ཞུ་བས་ཕྱག་བཏབ། དགུང་ལོ་ཆུང་དུས་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་སློབ་གཉེར་གནང་སྟེ་དགེ་བཤེས་ཐོན་ནས་བླ་མ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་གཞུང་ལ་གསན་ཐོག སེ་ར་རྩེ་དང༌། ཀེའུ་ཚང༌། ར་ཁ་བྲག མཁར་རྡོ་སོགས་ཉེ་སྐོར་གྱི་རི་ཁྲོད་མང་པོར་སྒྲུབ་པ་མཛད། བྲག་རི་ངག་དབང་དོན་གྲུབ་སྐུ་གཤེགས་ཁར་དམ་པ་དེའི་སྐུ་ཚབ་ཏུ་བསྐོ་གཞག་གནང་བ་ལྟར་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་དུ་སྐུ་ཚེ་ཐ་མའི་བར་རྒྱུན་བཞུགས་གནང༌། ཕྱི་ལོ་ ༡༧༨༠ ལོར་སྐུ་གཤེགས། རི་ཁྲོད་འདི་ཡང་རྒྱལ་ཕུང་དམངས་གནོད་ཀྱི་རིག་གསར་སྐབས་གཏོར་བཤིག་གིས་ད་ལྟ་གྱང་ཤུལ་ཙམ་ལས་ཉམས་གསོ་གང་ཡང་ཞུ་ཐུབ་མེད་པ་བཅས་སོ།།

༥ བྲག་རི་རི་ཁྲོད་ནི་དགོན་གསར་རི་ཁྲོད་ནས་སྤྱི་ལེ་ ༤ ཙམ་སོང་ན་རི་རྒྱུད་དེ་ཁུལ་དུ་གནས་ཤིང༌། རི་ཁྲོད་དེར་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རྣམ་གཉིས་བཞུགས་མྱོང་ཞིང༌། དེ་རྗེས་ཕ་དམ་པ་སངས་རྒྱས་ཀྱང་ཡུན་རིང་བཞུགས་ཏེ་ཌ་དྲིལ་དང་རྐང་གླིང་སོགས་ཀྱི་རྗེས་ཀྱང་གསལ། དེ་རྗེས་བྲག་རི་རྡོ་རྗེ་འཆང་སྐུ་ཕྲེང་རིམ་པ་བཞུགས་སྟབས་བླ་མའི་མཚན་གྱི་ཐོག་མར་བྲག་རི་ཞེས་ཐོགས། ཁུལ་དེར་པ་རི་ཁུག་ཅེས་པའང་བྲག་རི་ཁུག་ཅེས་པ་ནས་སྒྲ་འགྱུར་བ་ཡིན། རྟེན་གཙོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་སོགས་ཇི་སྙེད་བཞུགས་པ་དང༌། རིག་གསར་སྐབས་གཏོར་བཤིག་གིས་ད་ལྟ་ལྷ་ཁང་ཉམས་གསོ་ཞུས་ཏེ་ཆོས་ལུང་སྤྲུལ་གྱི་སྐུ་བརྙན་དང༌། ཟངས་མདོག་དཔལ་རིའི་བློས་བསླངས་དཀྱིལ་འཁོར་སོགས་མཇལ་རྒྱུ་ཡོད་པ་བཅས་སོ།།

༦ འཇོག་པོ་རི་ཁྲོད་ནི་ལྷ་ས་གྲོང་ཁྱེར་ཉང་བྲན་ལུང་པའི་ནུབ་ཀྱི་ཕུར་གནས་ཤིང༌། དེ་ནི་སེ་རའི་འཇོག་རི་ངག་དབང་བསྟན་འཛིན་གྱིས་དུས་རབས་བཅོ་བརྒྱད་པའི་ནང་ཕྱག་བཏབ། འཇོག་རི་ངག་དབང་བསྟན་འཛིན་ནས་འཕན་པོ་འཇོག་པོར་ཡོད་པའི་སློབ་མ་ཁྲིད་ནས་ཉང་བྲན་ཕུར་རི་ཁྲོད་འདི་ཉིད་ཕྱག་བཏབ་སྟེ་བཞུགས་ནས་འཕན་པོ་འཇོག་པོའི་མིང་དེ་རི་ཁྲོད་དེར་ཐོགས་པ་ཡིན་སྐད་དང༌། སེ་རའི་མཐའ་སྐོར་གྱི་རི་ཁྲོད་རྣམས་ཀྱི་ནང་ནས་འཇོག་པོ་རི་ཁྲོད་ནི་ས་བབ་མཐོ་ཤོས་ཀྱི་རི་ཁྲོད་ཅིག་ཡིན་ལ། འཇོག་པོ་རི་ཁྲོད་ཀྱི་ཉེ་འདབས་སུ་འབྲོག་པ་སྡོད་ས་ཡང་ཧ་ཅང་ཡག་པོ་ཡོད། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་སྟེ་སྤྱི་ལོ་ ༡༩༥༩ ལོར་གྲྭ་གྲངས་ ༨ ཡོད་པས་རི་བོ་དགེ་ལུགས་པའི་ཕྱག་བཞེད་གནང་བཞིན་ཡོད་པ་དང༌། དགོན་བདག་འཇོག་པོ་བླ་བྲང་ཡིན་ནོ།།

༧ བཀྲིས་ཆོས་གླིང་རི་ཁྲོད་ནི་ལྷ་ས་གྲོང་ཁྱེར་ཉང་བྲན་ཕུའི་ཕ་བོང་ཁའི་དབུ་སྟོད་དུ་གནས་ཤིང༌། ཐོག་མར་གནས་འདིར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཕྱག་བཏབ་ཟེར། དུས་རབས་ ༡༦ ནང་པཎ་ཆེན་སྐུ་ཕྲེང་གསུམ་པས་ཀྱང་སྒྲུབ་པ་ཉམས་བཞེས་མཛད། རི་ཁྲོད་འདིར་གདུགས་ཀྱི་ཡུ་བ་འཁེལ་བས་གདུགས་ཡུ་དགོན་ཞེས་གྲགས། དུས་རབས་བཅོ་བརྒྱད་ནང་སེ་ར་དགོན་ནས་མཐུན་རྐྱེན་འབུལ་བ་དང་སྦྲགས་གདུགས་ཡུ་རི་ཁྲོད་དེ་བཞིན་སེ་ར་སྔགས་པ་གྲྭ་ཚང་ལ་བདག་ཐོབ་སྩལ་བ་ནས་བཟུང་བཀྲ་ཤིས་ཆོས་གླིང་ཞེས་མཚན་གསོལ། སྤྱི་ལོ་ ༡༩༢༧ ལོར་སེ་ར་ནས་བཀྲ་ཤིས་ཆོས་གླིང་སླར་ཡང་ཕ་བོང་ཁ་བླ་བྲང་ལ་ཕྱིར་འབུལ་ཞུས། དེ་ནས་ཕ་བོང་ཁ་གནས་བླར་ཕེབས་སྲོལ་བྱུང༌། སྤྱི་ལོ་ ༡༩༥༩ ལོར་གྲྭ་གྲངས་ ༢༡ དང༌། དེང་སྐབས་སེ་ར་སྔགས་པའི་དགེ་འདུན་པ་ ༤ ཡིས་བདག་འཛིན་གནང་མུས་ཡིན།

༨ རྟག་བརྟན་གཟིམ་ཕུག་རི་ཁྲོད་ནི། བཀྲ་ཤིས་ཆོས་གླིང་རི་ཁྲོད་ཀྱི་ཤར་ངོས་རི་ཁུག་གི་ལྡེབས་སུ་གནས་ཤིང༌། དེ་ནི་སྤྱི་ལོའི་དུས་རབས་ ༡༦ པའི་ནང་དབེན་ས་པ་བློ་བཟང་དོན་གྲུབ་ཀྱིས་སྒྲུབ་པ་མཛད་དེ་བཞུགས་མྱོང་བ་རེད་ཅེས་པའི་བྲག་ཕུག་ཅིག་ཡོད་པ་དེར་རབ་བྱུང་ ༡༦ པའི་ལྕགས་རྟ་སྤྱི་ལོ་ ༡༩༣༠ ལོའི་ཡས་མས་སུ་གདུགས་ཡུ་བཀྲ་ཤིས་ཆོས་གླིང་གི་གནས་འཛིན་ཕ་བོང་ཁ་བྱམས་པ་བསྟན་འཛིན་གྱིས་སྒྲུབ་ཁང་བཏབ། སྟག་ཕུ་རྡོ་རྗེ་འཆང་དང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ཕ་བོང་ཁ་སོགས་བཞུགས་མྱོང་ཞིང༌། བྲག་ཕུག་ནང་བདེ་མཆོག་གི་སྤྱན་གྱི་རང་བྱོན་ཞིག་དང༌། ན་རོ་མཁའ་སྤྱོད་མའི་སྒྲུབ་ཆུར་གྲགས་པའི་ཆུ་མིག སྟེང་དུ་ཆོས་འབྱུང་གི་རང་བྱོན་སོགས་མཇལ་རྒྱུ་ཡོད། དགོན་བདག་སྐྱབས་རྗེ་ཕ་བོང་ཁ་བླ་བྲང་ནས་གནང་ལམ་ཡོད།

༩ སེ་ར་རྩེ་སྒྲུབ་ཁང་རི་ཁྲོད་ནི། ལྷ་ལྡན་སེ་ར་དགོན་པའི་རྒྱབ་རིའི་ངོས་སྟེང་དུ་ཆགས་ཤིང༌། དེ་ནི་དུས་རབས་བཅོ་བརྒྱད་པའི་ནང་སྒྲུབ་ཁང་དགེ་ལེགས་སྙན་གྲགས་རྒྱ་མཚོས་ཕྱག་བཏབ། མ་འོངས་པའི་བསྟན་རྒྱུན་ལ་དགོངས་ཏེ་སེ་ར་རྩེའི་སྒྲུབ་ཁང་དུ་སྒྲུབ་སྡེ་འཛུགས་པར་མཛད་དེ་ཐོག་མར་དགེ་སློང་ ༡༧ ལོངས་པའི་དགེ་འདུན་གྱི་སྡེ་ཆགས། གྲུབ་མཐའ་དགེ་ལུགས་པའི་ཆོས་རྒྱུན་འཛིན་བཞིན་ཡོད་ལ། པཎ་ཆེན་བློ་བཟང་ཡེ་ཤེས་ནས་སེ་ར་རྩེ་སྒྲུབ་ཁང་དང༌། ཕུར་བུ་ལྕོག ར་ཁ་བྲག་སྒྲུབ་སྡེ་སོ་སོར་བཅའ་ཡིག་གནང་ནས་སྒྲིག་ལམ་དེ་ག་སོར་གནས་དགོས་ཚུལ་དང༌། འདུལ་བའི་བསླབ་བྱ་གཞིར་བཞག་བྱས་ཏེ་ཐེག་པ་ཁུར་བླངས་དགོས་ཚུལ་སོགས་རྒྱས་པར་གསུངས་ནས་སྒྲུབ་སྡེ་སོ་སོར་བཤད་སྒྲུབ་གཉིས་ལྡན་གྱི་སློབ་མ་ཇེ་རྒྱས་ཇེ་འཕེལ་དུ་སོང་བ་ཡིན་ནོ།།

༡༠ སེ་ར་ཆོས་སྡིངས་ནི་སེ་ར་དགོན་གྱི་དབུ་སྟོད་དུ་གནས་ཤིང༌། དེ་ནི་སྤྱི་ལོ་ ༡༤༠༧ ལོར་རྗེ་ཙོང་ཁ་པས་ཕྱག་བཏབ། དབེན་གནས་དེ་ནི་བྱམས་ཆེན་ཆོས་རྗེས་སེ་ར་དགོན་ཕྱག་མ་བཏབ་གོང་ནས་ཆགས་ཡོད་ཅིང༌། སྤྱི་ལོ་ ༡༤༠༩ ལོར་རྗེ་ཙོང་ཁ་པ་ཆེན་པོས་གནས་འདིར་གསུང་རབ་ཀྱི་དྲང་ངེས་རྣམ་པར་འབྱེད་པའི་བསྟན་བཅོས་དང༌། རྩ་ཤེའི་རྣམ་བཤད་ཆེན་མོ་བཞི་བརྒྱ་པ། བྱང་ཆུབ་ལམ་རིམ་དང་སྔགས་རིམ། བླ་མ་ལྔ་བཅུ་པ་དང༌། རྩ་ལྟུང་སོགས་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་ ༦༠༠ ཙམ་འདུས་ནས་བཀའ་ཆོས་ཞིབ་པར་གསུངས། ལྷ་ལྡན་སྨོན་ལམ་ཆེན་མོ་དང༌། དགའ་ལྡན་དགོན་ཕྱག་བཏབ་པ་སོགས་བསྟན་པའི་མཛད་འཕྲིན་རླབས་ཆེན་ལེགས་གྲུབ་བྱུང་བ་ཡང་གནས་འདིར་བཞུགས་དུས་ནས་བསམ་གཏན་གྱི་ཐུགས་འདུན་བཟང་པོ་འཁྲུངས་སོ།།

༡༡ ཀེའུ་ཚང་ནུབ་རི་ཁྲོད་ནི་སེ་ར་ཤར་དུར་ཁྲོད་ནས་སྤྱི་ལེ་ ༤ ཡི་བྱང་ངོས་གླང་ཆེན་རི་རྒྱུད་དུ་ཆགས་ཤིང༌། རི་ཁྲོད་དེར་ཐོག་མར་གུང་ཐང་བླ་མ་ཞང་དང༌། རྗེ་ཙོང་ཁ་པའི་བཞུགས་གནས་སོགས་ཡོད། དེ་རྗེས་དུས་རབས་བཅོ་བརྒྱད་པའི་ནང་སེར་བྱེས་མཁན་པོ་བྱམས་པ་སྨོན་ལམ་དེར་བཞུགས་ཏེ་ཕྱག་བཏབ། ཐོག་མར་དགེ་འདུན་བཞི་གྲྭ་གཅིག་དང༌། དེ་རྗེས་གྲྭ་ཚད་དགེ་སློང་ ༢༥ ཡིན་ཀྱང་ཕྱིས་དགེ་འདུན་ ༨༠ ཙམ་བར་འཕེལ་ཏེ་དགེ་འདུན་གྱི་སྡེ་ཆགས། སྔོན་འདུ་ཁང་ཀ་བ་དྲུག་ནང་སྐུ་གསུང་ཐུགས་རྟེན་གྲངས་མེད་དང༌། བྲག་ལྡེབས་སུ་ཐུབ་དབང་སྐུ་བརྐོས་པ་དེ་དག་སེ་ར་ཤར་དུར་ཁྲོད་དུ་ཞལ་གཟིགས་ཡོད་པས་སེ་ར་ཤར་དུ་བསྐྱལ་བའི་ཕུང་པོར་འཕོ་བ་མི་དགོས་ཞེས་ཟེར་སྲོལ་ཡོད། རི་ཁྲོད་འདི་ཉིད་ཀེའུ་ཚང་སྐུ་ཕྲེང་རིམ་བྱོན་གྱི་བླ་བྲང་ནས་ཞལ་འཛིན་གནང་ལམ་ཡོད་དོ།།

༡༢ ཀེའུ་ཚང་ཤར་རི་ཁྲོད་ནི། ཀེའུ་ནུབ་རི་ཁྲོད་ནས་བྱང་ལམ་རྒྱུད་སོང་ན་གཡང་གཟར་ཅན་གྱི་བྲག་ལྡེབས་སུ་གནས། དེ་ནི་དུས་རབས་ ༡༨ པའི་དུས་མཇུག་ཏུ་ཀེའུ་ཚང་འཇམ་དབྱངས་བློ་གསལ་གྱིས་ཕྱག་བཏབ། ཕུར་ལྕོག་སྤྲུལ་སྐུ་ན་རིམ་ནས་ཞལ་བདག་མཛད། སྤྱི་ལོ་ ༡༩༥༩ ལོར་དགེ་འདུལ་ཞལ་གྲངས་ ༡༠ སྐོར་ཡོད། ཀེའུ་ཚང་ཤར་ནུབ་རི་ཁྲོད་གཉིས་ནི་ཆགས་དབྱིབས་བྲག་རི་གཡང་གཟར་ཆེ་ལ་རྔམས་བརྗིད་ལྡན་པའི་བྲག་སྐེད་དུ་བཏབ་ཡོད་ལ། སྔར་བཤན་པ་ངེས་འབྱུང་སྐྱེས་པ་ཞིག་དང་མཚམས་པ་ང་རྒྱལ་ཅན་གཉིས་བྲག་ལས་མཆོངས་པའི་སྒྲུང་གཏམ་ལྟར་བཤན་པ་འཕུར་བ་དོག་སྡེའི་ཞིང་ཁ་ཞིག་གི་སྟེང་དུ་བབས་པས་དེར་དུས་ཕྱིས་བསང་ཁོག་ཅིག་དང༌། མཚམས་པ་ས་སྟེང་དུ་བརྡབ་སྟེ་གཤེགས་པས་དེའི་ཤུལ་དུ་མཆོད་རྟེན་ཞིག་ཀྱང་བཞེངས་ཡོད། དེང་སྐབས་བསང་ཁོག་དང་མཆོད་རྟེན་གཉིས་ཀ་མིག་གི་མཐོང་ཡུལ་དུ་བསྡད་མེད། ཀེའུ་ཚང་ཤར་རི་ཁྲོད་ནི་དགོན་བདག་ཕུར་ལྕོག་བླ་བྲང་ནས་བྱེད་པ་ཡིན།

༡༣ རྭ་ཁ་བྲག་རི་ཁྲོད་ནི་ཀེའུ་ཚང་ནུབ་རི་ཁྲོད་ནས་སྐར་མ་ ༡༠ ཙམ་གྱེན་ལམ་དུ་འཛེགས་ན་རི་ཁྲོད་དེ་ཆགས་ཤིང༌། དེ་ནི་སྤྱི་ལོའི་དུས་རབས་ ༡༤ པར་རྗེ་ཙོང་ཁ་པས་ཕྱག་བཏབ་ཅིང༌། དྲང་ངེས་ལེགས་བཤད་སྙིང་པོ་ཡང་གནས་དེར་མཛད། ཡབ་སྲས་གསུམ་གྱི་སྒྲུབ་ཁང་བྲག་ཕུག་ཀྱང་ཡོད། རྗེ་ཙོང་ཁ་པ་སྐུ་གཤེགས་པའི་ཕྱི་ལོ་སྟེ་ ༡༤༢༠ ལོར་བྱམས་ཆེན་ཆོས་རྗེས་དགའ་ལྡན་ལྔ་མཆོད་དང་པོ་དེ་གནས་དེར་གཏོང་གནང་མཛད་པས་ལྔ་མཆོད་ཁང་ཞེས་པའི་ལྷ་ཁང་དེའང་དེ་ལྟར་བྱུང༌། དེ་རྗེས་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་ནས་ཨ་དགའ་བསོད་ནམས་བཟང་པོ་སོགས་ཀྱིས་བསྐྱངས། སྔོན་དགེ་འདུན་ ༡༩ དང་དེང་ཞལ་གྲངས་ ༢༠ ཡོད། སྔར་སེ་ར་རྩེའི་སྒྲུབ་ཁང་གི་ཁོངས་ཡིན། རིག་གསར་སྐབས་རྩ་གཏོར་སོང་སྟེ་ད་ལྟ་ཉམས་གསོ་གནང་བ་འགའ་ཞིག་མཇལ་རྒྱུ་ཡོད་དོ།།

༡༤ ཕུར་ལྕོག་རི་ཁྲོད་རིགས་གསུམ་བྱང་ཆུབ་གླིང་ནི། རྭ་ཁ་བྲག་ནས་སྤྱི་ལེ་ ༣ ཙམ་གྱི་སར་དོག་སྡེའི་ཕུར་གནས་ཤིང༌། ཕུར་བུ་ལྕོག་ཅེས་པ་ནི་ཞང་འགྲོ་མགོན་གཡུ་བྲག་གིས་བྲག་ཕུར་བུའི་དབྱིབས་ཅན་གྱི་སྟེང་དུ་ཕོ་བྲང་ཟུར་ལྕོག་བཏབ་པས་མཚན་དེ་ལྟར་ཐོགས། དེ་ནས་སྤྱི་ལོ་ ༡༧༠༦ ཙམ་ལ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་རིགས་གསུམ་ལྷ་ཁང་གི་ཤུལ་ཙམ་ལ་སྒྲུབ་གནས་བཏབ། ཕྱིས་ཕུར་བུ་ལྕོག་ངག་དབང་བྱམས་པ་ལ་གཏད་པས་གནས་མིང་བླ་མར་ཐོགས་ཏེ་ཕུར་ལྕོག་ངག་དབང་བྱམས་པ་ཞེས་པ་དེ་ནས་བྱུང༌། ཐོག་མར་དགེ་འདུན་བཞི་གྲྭ་གཅིག་ནས་ ༨༠ བར་འཕེལ། དེང་དགེ་འདུན་ ༡༠༠ ཡོད། རྟེན་གཙོ་སྒྲུབ་ཁང་དུ་འཇིགས་བྱེད་སོགས་རྟེན་དང་བརྟེན་པར་བཅས་པའི་སྔོན་གྱི་སྐུ་ཚབ་གསར་བཞེངས་མཛད་པ་མཇལ་རྒྱུ་ཡོད།

༡༥ ར་ས་སྤུང་ལུང་རི་ཁྲོད་ནི། ཕུར་ལྕོག་རི་ཁྲོད་དང་ཉེ་བར་ཕུ་དོག་ཅིང་མདའ་བདེ་བའི་ཡུལ་དོག་སྡེའི་ནང་དུ་གནས་ཤིང༌། དེ་ནི་དུས་རབས་བཅུ་བདུན་ཙམ་དུ་སེར་སྨད་མཁན་པོ་སྤང་ལུང་བློ་བཟང་ཐུགས་རྗེས་ཕྱག་བཏབ་གནང་མཛད། སྤྱི་ལོ་ ༡༨༢༠ ལོར་བོད་དང༌། ཁམས། རྒྱ། སོག་བཅས་ཀྱི་བླ་སྤྲུལ་སྐྱེ་ཕྲེང་དེབ་གཞུང་ནང་གསལ་བར་གཞིགས་ན། རི་ཁྲོད་འདིའི་བླ་སྤྲུལ་གྱི་སྐྱེ་ཕྲེང་དང་པོ་དཔོན་སློབ་ངག་དབང་རབ་བརྟན་ཁམས་རྒྱལ་ཐང་དུ་འཁྲུངས། དགུང་ལོ་ང་བཞི་པར་གཤེགས། དེའི་སྐྱེ་བ་བློ་བཟང་བཀྲ་ཤིས་ལྷ་ལྡན་དུ་འཁྲུངས། ད་ལྟ་དགུང་ལོ་བཞི་བཅུ་ཞེ་དགུ་གྲྭ་སའི་སྐྱིད་སྡུག་ཁོངས་གཏོགས་ནི་སེ་ར་དགོན་གྲྭ་ཚང་སྨད་སྤོམ་འབོར་ཁང་བཙན་ཡིན། རི་ཁྲོད་དེར་གནས་པའི་བྱ་བྲལ་བ་རྣམས་ནས་རི་བོ་དགེ་ལུགས་པའི་ཕྱག་བཞེད་མཛད་པ་ཡིན།

༡༦ མཁར་རྡོ་རི་ཁྲོད་དམ་མཚན་རྒྱས་པར་མཁར་རྡོ་བསམ་གཏན་གླིང་ནི། དོག་སྡེའི་ཤར་ནུབ་གཉིས་མཚམས་ཀྱི་རི་སྟེང་དུ་ཆགས་ཤིང༌། རི་ཁྲོད་དེ་རིག་གསར་སྐབས་གཏོར་བཤིག་ཕོག་པའི་གྱང་རོའམ་རྗེས་ཤུལ་ཙམ་ཞིག་དེང་སྐབས་མཇལ་རྒྱུ་ཡོད། རི་ཁྲོད་དེ་ནི་སྤྱི་ལོ་ ༡༧༠༦ ལོར་མཁར་རྡོ་བཟོད་པ་རྒྱ་མཚོའམ་བློ་བཟང་སྒོམ་ཆུང་ཞུ་བས་ཕྱག་བཏབ་གནང་མཛད་ཅིང༌། ཐོག་མར་གང་ཉིད་གནས་ངེས་མེད་ཡེར་པ་དང༌། འཕན་པོ། རྭ་སྒྲེང༌། འོལ་ཁ་སོགས་སུ་རྡེའུ་བཅུད་ལེན་དང༌། མེ་ཏོག་བཅུད་ལེན། ཆུའི་བཅུད་ལེན་སོགས་མཛད་དེ་བྱོན། དེ་ནས་ད་ལྟའི་གནས་དེར་ཕེབས་ཏེ་རི་ཁྲོད་འདི་ཉིད་ཕྱག་བཏབ། བླ་མའི་མཚན་རི་ཁྲོད་ལ་ཐོགས་པའམ་རི་ཁྲོད་ཀྱི་མཚན་བླ་མར་ཐོགས་པ་གང་ཡིན་མ་ངེས། རི་ཁྲོད་དེ་རིག་གནས་གསར་བརྗེའི་སྐབས་རྩ་གཏོར་དུ་སོང་སྟེ་ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

༡༧ རག་རི་ཁྲོད་ནི་ལྷ་ས་གྲོང་ཁྱེར་ཤར་ངོས་སུ་གནས་ཤིང༌། དེ་ནི་དུས་རབས་བཅུ་དགུ་པའི་ནང་དགའ་ལྡན་ཁྲི་ཐོག་དོན་དྲུག་པ་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྲིད་སྐྱོང་ལོ་བཅུ་གནང་མྱོང་བའི་སྡེ་དྲུག་སྐུ་ཕྲེང་གསུམ་པ་མཁྱེན་རབ་དབང་ཕྱུག་གིས་ཕྱག་བཏབ། རྟེན་གཙོར་ཐུབ་དབང་དང༌། གནས་བརྟན་བཅུ་དྲུག་གི་སྐུ་བརྙན་སོགས་བཞུགས་ཤིང༌། གྲྭ་གྲངས་ ༡༠ སྐོར་ཡོད་ལ། སྔོན་དགོན་བདག་སྡེ་དྲུག་བླ་བྲང་ནས་གནང་བཞིན་ཡོད། སྡེ་དྲུག་སྲིད་སྐྱོང་སྐབས་བོད་གཞུང་དང་དགའ་ལྡན་དགོན་བར་དམག་འཁྲུག་ལངས་ཤིང༌། དེ་ནི་ཕྱི་རབས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་སྲིད་འགྱུར་གྱི་དུས་ཟིང་ཆེ་གྲས་ཤིག་ཡིན་ལ། དེ་ནི་སྤྱི་ཁྱབ་དགའ་ལྡན་དགོན་གྱི་གྲྭ་པ་དཔལ་ལྡན་དོན་གྲུབ་དང་འབྲེལ་ཞིང་རྒྱལ་རབས་ཁག་ཏུ་གསལ་བས་འདིར་མ་སྤྲོས་སོ།།

༡༨ གར་པ་རི་ཁྲོད་ནི་ལྷ་སར་གནས་ཤིང༌། དེ་ནི་གླིང་སྤྲུལ་སྐུ་ཕྲེང་བཞི་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན། དགའ་ལྡན་ཁྲི་ཐོག་དོན་ལྔ་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོའམ། ལོ་རྒྱུས་ལ་ལར་ཁྲི་ཆེན་རྒྱལ་མཚན་ནས་ཕྱག་བཏབ་ཅེས་འཁོད་པས་གང་ཡིན་དཔྱད་པར་འཚལ། གླིང་ཚང་སྐུ་ཕྲེང་ན་རིམ་ནས་ཞལ་བདག་གནང༌། རབ་བྱུང་ ༡༦ པའི་ས་ཕག་ལོ་སྟེ་སྤྱི་ལོ་ ༡༩༥༩ ལོར་དགེ་འདུན་ཞལ་གྲངས་ ༡༦ ཡོད་པ་རྣམས་ནས་རི་བོ་དགེ་ལྡན་པའི་ཕྱག་བཞེད་མཛད་ཀྱི་ཡོད་ཅིང༌། དགོན་བདག་གླིང་བླ་བྲང་ཡིན།

༡༩ རི་བརྒྱ་བསམ་གཏན་གླིང་ནི་ལྷ་ས་ནས་ཤར་ངོས་སུ་སྤྱི་ལེ་ ༤ སར་དགུ་རྩ་གྲོང་གི་བྱང་ངོས་རི་ལྡེབས་སུ་གནས། རི་ཁྲོད་དེ་ནི་སྤྱི་ལོའི་དུས་རབས་བཅུ་བདུན་ཙམ་དུ་རི་བརྒྱ་སྤྲུལ་སྐུ་བྱམས་པ་བསྟན་འཛིན་གྱིས་ཕྱག་བཏབ་གནང་མཛད་ཅིང༌། རི་བརྒྱ་ཞེས་པ་ནི་གངས་ཅན་རི་ཆེན་བརྒྱ་ཡི་སྙིང་པོ་བསྡུས་པས་རི་བརྒྱ་ཞེས་དང༌། བཀྲ་ཤིས་རྟགས་བརྒྱད་ཚང་བའི་རི་ཁྱད་པར་ཅན་ཡིན་ཞེས་གྲགས། རྟེན་གཙོར་སྔོན་རྗེ་ཙོང་ཁ་པའི་སྐུ་བརྙན་རྡུལ་མི་བཞེས་པ་ཞེས་པ་སོགས་བཞུགས་སུ་གསོལ་ཡོད། འདི་ནི་སེ་རའི་དགོན་ལག་ཡིན་ཞིང༌། སྔར་དགེ་འདུན་གྲངས་ ༢༠ རི་བོ་དགེ་ལུགས་པའི་ཕྱག་བཞེད་གནང༌། རིག་གསར་སྐབས་རྩ་གཏོར་སོང་སྟེ་ད་ལྟ་རྗེས་ཤུལ་ཙམ་ལས་ཉམས་གསོ་ཞུ་ཐུབ་མེད་དོ།།

གོང་གསལ་རིས་མེད་ཀྱི་དགོན་སྡེ་ཁག ༡༦ དང༌། ལྷ་ཁང་ཁག ༡༢ རིས་མེད་བཙུན་དགོན་ཁག ༩ རི་ཁྲོད་ཁག ༡༩ བཅས་ཀྱི་ལོ་རྒྱུས་ཁག་མདོར་བསྡུས་རེ་བཀོད་པ་དེ་ལྟར་དང༌། དེ་དག་གི་ཁོངས་སུ་མ་གསལ་བ་རྣམས་ལྷ་སའི་ཕྱོགས་བཞིའི་རིགས་གསུམ་མགོན་པོའི་ལྷ་ཁང་བཞི་དང༌། ལྷ་སའི་ཕོ་བྲང་བཞི། ལྷ་སའི་གླིང་བཞི། ལྷ་སའི་སྒང་བཞི། ལྷ་སའི་ལྷ་ཁང་བཞི། ལྷ་སའི་བཙན་ཁང་བཞི་སོགས་བཞི་ཚན་སོ་སོའི་སྐབས་སུ་བཀོད་ཡོད་པས་དེར་གཟིགས་པར་འཚལ་ཞེས་ཞུ།

མདོར་ན་ལྷ་ལྡན་དུ་དགོན་པ་དང་ལྷ་ཁང༌། བཙུན་དགོན་དང་རི་ཁྲོད་སོགས་བཤད་སྒྲུབ་ལས་གསུམ་གྱི་ལྟེ་གནས་དང༌། རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱ་ཡུལ་གྲངས་ ༧༠ ལྷག་ཙམ་ཡོད་པ་ཕལ་མོ་ཆེ་རིག་གནས་གསར་བརྗེ་ཞེས་པའི་རྒྱལ་ཕུང་དམངས་གནོད་ཀྱི་ལས་འགུལ་སྐབས་གཏོར་བཤིག་ཕོག་སྟེ་ཉམས་གུད་ཆེས་ཆེར་ཕྱིན་ཀྱང༌། ཆོས་དད་རང་དབང་གི་སྲིད་ཇུས་སླར་གསོ་བྱུང་བ་དང་ཆབས་ཅིག་དད་ལྡན་མི་མང་གིས་ཆོས་སྡེ་ཕལ་མོ་ཆེ་ཆ་ཤས་ཙམ་རེ་ཉམས་གསོ་ཞུས་ཏེ་དེང་མཇལ་དུ་ཡོད་པ་ནི་དགའ་སྤྲོ་སྐྱེ་འོས་པ་ཤིག་དང༌། དེ་དག་ལ་རིག་གསར་སྐབས་གཏོར་བཤིག་ཤུགས་ཆེ་ཕོག་སྟེ་ཉམས་ཉེས་སུ་གྱུར་ནས་ཉམས་གསོ་ཞུ་མ་ཐུབ་པའང་མི་ཉུང་བ་ཞིག་ཡོད་པ་ནི་ཡིད་སྐྱོའི་གནས་ལས་མ་འདས་སོ།།     །།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།