དྲུག་ཅུ། པོ་ཏཱ་ལའི་རྒྱབ་ངོས་ཀྱི་གནའ་ཤུལ་གྲགས་ཅན། ཀ) རྫོང་རྒྱབ་ཀླུ་ཁང༌།

དྲུག་ཅུ། པོ་ཏཱ་ལའི་རྒྱབ་ངོས་ཀྱི་གནའ་ཤུལ་གྲགས་ཅན། ཀ) རྫོང་རྒྱབ་ཀླུ་ཁང༌།

རྫོང་རྒྱབ་ཀླུ་ཁང་ནི། དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམར་པོ་རིར་ཕོ་བྲང་པོ་ཏཱ་ལ་བཞེངས་སྐྲུན་མཛད་པ་ཕྱིས་རིམ་བཞིན་དམག་འཁྲུག་དང་རང་བྱུང་གནོད་འཚེས་ཉམས་རྒུད་བྱུང་ཞིང༌། ཕག་གྲུའི་དབང་སྒྱུར་སྐབས་རྒྱལ་པོའི་ཕོ་བྲང་ཉམས་ཆགས་སོང་ཤུལ་དུ་སྐྱིད་ཤོད་རྫོང་བཏབ་པ་དེ་ལ་ལྟོས་ནས་རྫོང་རྒྱབ་ཅེས་འབོད་སྲོལ་བྱུང་བ་ཡིན་ནམ་སྙམ།

མདོར་ན་ཁུལ་དེར་ཀླུའི་ཕོ་བྲང་མ་བཞེངས་གོང་ལ་རྫོང་རྒྱབ་ཅེས་པ་ལས་རྫོང་རྒྱབ་ཀླུ་ཁང་ཞེས་འབོད་སྲོལ་བྱུང་མེད་པ་ལོ་རྒྱུས་ཡིག་ཆ་ལས་མཁྱེན་རྟོགས་ཐུབ་ཅིང༌། རྫོང་རྒྱབ་ཀླུ་ཁང་ནི་དུས་རབས་བཅུ་བདུན་པར་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་ཕྱི་ལོ་ ༡༦༤༥ ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་ཕོ་བྲང་དཀར་པོ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཅས་སྔ་རྗེས་སུ་བཞེངས་སྐྲུན་མཛད་སྐབས་ཕོ་བྲང་རྒྱས་སྐྲུན་ལ་མཁོ་བའི་ས་བསྔོགས་ནས་བྱུང་བའི་རང་བྱུང་གི་མཚེའུ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༧༠༠ ལོར་རྒྱལ་དབང་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་མཚོ་མཆོག་དགུང་གྲངས་བཅུ་བདུན་དུ་བཞེས་སྐབས་བོད་ཁམས་ཡོངས་ལ་ཆར་ཆུ་དུས་འབབ་དང༌། ལོ་ཕྱུགས་རྟག་ལེགས། ནད་མུག་ཞི་ཐབས་སོགས་དགོས་དམིགས་ཁྱད་པར་ཅན་ལ་དམིགས་ནས་རྫོང་རྒྱབ་ཀྱི་ལྕང་གསེབ་མཚེའུའི་ཐོག་ཀླུའི་ཕོ་བྲང་ཟུར་བརྒྱད་གསར་བཞེངས་ཀྱིས་དེའི་ནང་ཀླུ་མལ་གྲོ་གཟི་ཅན་གྱིས་གཙོས་ཀླུ་ཆེན་བརྒྱད་རྩེན་པར་བྱེད་སའི་ལྟེ་གནས་ཀླུའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་གསར་དུ་ཕྱག་བཏབ་གནང་མཛད་པ་ནས་བཟུང་རྫོང་རྒྱབ་ཀླུ་ཁང་ཞེས་པའི་ཐ་སྙད་འདི་ཆགས་ཤིང༌། སྔར་གྱི་ལྕང་གསེབ་དེ་ཉིད་དེ་བས་མཛེས་སྡུག་དང་ལྡན་པར་གྱུར་གཤིས། དམངས་གཞས་སུ།

ལྷ་ས་ལྷ་ས་སྐྱིད་པ། །དེ་ལས་ལྷ་ཀླུ་སྐྱིད་པ། །

ལྷ་ས་ལྷ་ཀླུའི་བར་ན། །རྫོང་རྒྱབ་ཀླུ་ཁང་སྐྱིད་པ། །

ཞེས་གཏོང་སྲོལ་ཡང་བྱུང་ཡོད། དེ་རྗེས་ཕྱི་ལོ་ ༡༧༩༡ ལོར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་ཕོ་བྲང་ཐོག་བརྩེགས་གསུམ་ལྡན་ཕྱོགས་བཞིར་སྒོ་བཞི་ཅན་འདི་ཉིད་རྒྱ་སྐྱེད་བསྐྲུན་གནང་མཛད། དུས་དེ་ནས་བཟུང་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་བདག་འཛིན་བྱེད་ཅིང༌། སྔར་རང་ས་རང་སྲུང་གི་སྐལ་བཟང་ལུགས་བཟང་གི་སྐབས་རྫོང་རྒྱབ་ཀླུ་ཁང་ནི་ས་ག་ཟླ་བའི་དུས་ཆེན་ཉིན་གྲོང་ཁྱེར་གྱི་མི་རྣམས་ཀོ་གྲུ་བཏང་སྟེ་སྤྲོ་སྐྱིད་བྱེད་སའི་ལྟེ་བ་ཞིག་དང༌། རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཡོད་པའི་གནའ་བོའི་འཛུགས་སྐྲུན་ཞིག་ཡིན། རིག་གསར་སྐབས་གཏོར་སྐྱོན་ཉམས་ཆགས་ཚབས་ཆེན་བྱུང་བ་སྤྱི་ལོ་ ༡༩༨༡ ལོར་ཉམས་གསོ་ཞུས་ཏེ་ད་ལྟ་མི་མང་སྤྱི་གླིང་ཞིག་ཏུ་གྱུར་ཡོད།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།