བོད་ལ་དགེ་བཤེས་ཐོག་མ་གཙང་ཕྱོགས་ལས་བྱུང་། ས་སྐྱའི་མཁས་པ་བྱམས་ཆེན་རབ་འབྱམས་པ་སངས་འཕེལ་ཞུ་བ་དེ་ཉིད་ཀྱིས། གཞུང་ལུགས་རབ་འབྱམས་མཐའ་ཡས་པ་ལ་བསླབ་པ་སློབ་གཉེར་མཐར་ཕྱིན་ནས། བསྟན་འགྲོའི་ཞབས་ཏོག་རྒྱ་ཆེར་སྨན་པའི་སླད་དུ། འབྲས་ཡུལ་སྐྱེད་ཚུལ་དུ་དགོན་པ་བཏབ་པ་ལས་ཆད་པའི་མཚན་ཉིད་གྲྭ་ཚང་དྲུག་བྱུང་བ་དེ་རྣམས་སུ་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་བ་མཐར་ཕྱིན་ནས་གྲྭ་སྐོར་དམ་བཅའ་བཞག་པའི་ཚེ། དགེ་བཤེས་དེ་ལ་རབ་འབྱམས་པ་ཞེས་པའི་མཚན་བཏགས་པ་བྱུང་། དེ་ནས་དགེ་བཤེས་རབ་འབྱམས་པ་ཞེས་པའི་མཚན་རྟགས་བྱུང་བ། བོད་ལ་དགེ་བཤེས་མཚན་རྟགས་ཐོག་མ་ཡིན་ཟེར།
ཙ་ཕུག་པས་དཔྱད། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གཞུང་ཆེན་དཀའ་པོད་རྩ་འགྲེལ་བཅུའི་གྲྭ་སྐོར་དམ་བཅའ་བཞག་པ་འདི་ནས་དཀའ་བཅུ་ཞེས་པའི་དགེ་བཤེས་མཚན་བཏགས་བྱུང་། དཀའ་བཅུའི་སྲོལ་རྒྱལ་ཚབ་རིན་པོ་ཆེས་བཏོད། དེའི་རྗེས་ནས་གསང་ཕུར་གླིང་སྟོད་སྨད་ཀྱི་གྲྭ་ཚང་བཅུ་གསུམ་བསྲེས་ནས་ཚོགས་པའི་མཁས་དབང་འདུས་པ་རྒྱ་མཚོའི་དབུས་སུ་གཞུང་ཆེན་དཀའ་པོད་རྩ་འགྲེལ་བཅུའི་གྲྭ་སྐོར་དམ་བཅའ་འཇོག་མཁན་བྱུང་བ། དེ་ནས་གླིང་བསྲེས་དཀའ་བཅུ་ཞེས་པའི་དགེ་བཤེས་མིང་བཏགས་བྱུང་འདུག འོན་ཀྱང་གསང་ཕུ་ལ་རབ་འབྱམས་པ་ཞེས་པའི་དགེ་བཤེས་མིང་བཏགས་ཀྱང་ཡོད། དྲི་མེད་འོད་ཟེར་གྱིས་དན་འབག་པ་སློབ་དཔོན་གཞོན་ནུ་དོན་གྲུབ་དང་། མྱོས་མཐིངས་པ་སངས་རྒྱས་གྲགས་པ་གཉིས་བཤེས་གཉེན་དུ་བསྟེན་ནས། མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་ནས་མཐར་ཕྱིན་པ་ན། དགོན་པ་དེ་རང་ལ་རབ་འབྱམས་པའི་མཚན་བཏགས་བཞེས། དགེ་བཤེས་གྲྭ་སྐོར་དམ་བཅའ་བཞག་པ་ནས་ཀློང་ཆེན་རབ་འབྱམས་པ་ཞེས་མཚན་སྙན་གྲགས་དུས་ད་ལྟའི་བར་ཕྱོགས་ཀུན་ལ་ཁྱབ་པ་དེ་ཡིན།
སློབ་དཔོན་གཞོན་ནུ་དོན་གྲུབ་དེ། སེང་ཆེན་བརྒྱད་ཀྱི་ནང་ཚན་དན་འབག་པ་སྨྲ་བའི་སེངྒེའི་སློབ་མ་ཡིན་ནམ་སྙམ། ཀློང་ཆེན་རབ་འབྱམས་པའི་འཁྲུངས་ཡུལ་ནི། ལྷོ་ཁ་གྲྭ་ནང་ལུང་པའི་མདའ་གཏེར་སྟོན་གྲྭ་པ་མངོན་ཤེས་ཅན་གྱི་གདན་ས་གྲྭ་ནང་། དེ་ནས་རིམ་པར་པཎ་ཆེན་བྱམས་པ་གླིང་པའི་གདན་ས་སྐུ་འབུམ་མཐོང་གྲོལ་ཆེན་མོ། འདི་ནས་ཉེ་བར་ཀློང་ཆེན་རབ་འབྱམས་པའི་འཁྲུངས་གནས་མཇལ་རྒྱུ་འདུག དེ་ནས་གངས་རི་ཐོད་དཀར་སོགས་དེ་ཉིད་ཀྱི་སྒྲུབ་གནས་ཡང་མང་པོ་མཇལ་རྒྱུ་ཡོད། རྟགས་གསལ་གཏོང་བ་དང་དམ་བཅའ་བགྲོ་གླེང་སྐབས་ཀྱི་ལུས་ཀྱི་རྣམ་འགྱུར་རྣམས་ཆ་པ་ཆོས་ཀྱི་སེངྒེས་མཛད་པ་རེད་ཅེས་ཐོས། རྣམ་འགྱུར་ཙམ་མ་ཡིན་པར་དེའི་སྐབས་ཀུན་སློང་གསལ་འདེབས་པ་ནས། ཏིང་འཛིན་སྔགས་དང་ཕྱག་རྒྱ་སོགས་ཐོག་མའི་སྦྱོར་བ་དང་། བར་གྱི་དངོས་གཞི་སྒྲོ་སྐུར་ཆོད་ཅིང་རྟོགས་པ་རྙེད་ཚུལ་དང་། མཇུག་གི་བསྔོ་སྨོན་བཅས་སྒོ་གསུམ་གྱི་བྱ་བ་ཤིན་ཏུ་མང་པོ་ཡོད་ཀྱང་མང་དོགས་ནས་མ་བྲིས་སོ།།
དེ་ནས་འཇམ་མགོན་བླ་མ་རྩེ་ཙོང་ཁ་པ་ཆེན་པོས་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཛུགས་གནང་བ་ནས་ལྷ་ས་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་བཞག་པ་རྣམས་ལ་ལྷ་སའི་རབ་འབྱམས་པ། ཚིག་བསྡུས་ན། ལྷ་རམས་པ་ཞེས་པའི་དགེ་བཤེས་མཚན་བཏགས། དེ་བཞིན་ཚོགས་མཆོད་སྨོན་ལམ་ལ་གྲྭ་སྐོར་དམ་བཅའ་བཞག་པའི་དགེ་བཤེས་རྣམས་ལ་ཚོགས་རམ་པ། འབྲས་སྤུངས་དགོན་པའི་ཚོགས་ཆེན་རྡོ་བཅལ་སྟེང་དམ་བཅའ་བཞག་པའི་དགེ་བཤེས་ལ་རྡོ་རམས་པ། གནས་དེ་དང་དེ་ལ་དམ་བཅའ་བཞག་པའི་དཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཞེས་མཚན་བཏགས་པའོ།།
རྡོ་རམས་པའི་ཐོག་མ་༸རྒྱལ་བ་སྐུ་ཕྲེང་བདུན་པ་རེད་ཅེས་ཐོས། ༸རྒྱལ་དབང་ལྔ་པ་ཅེན་པོ་རྡོ་རམས་པའི་མཚན་བཏགས་བཞེས་གནང་བ་རེད་ཅེས་ཟེར་མཁན་ཡང་བྱུང་། འབྲས་སྤུངས་དགོན་པའི་ཚོགས་ཆེན་རྡོ་བཅལ་སྟེང་༸རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་གཅིག་ཡོད། རྡོ་རམས་པའི་དམ་བཅའི་བཞུགས་ཁྲི་དེའི་མདུན་ནས་འཇོག་དགོས་ཀྱི་འདུག དེ་ལ་དཔག་ན་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་གཅིག་གིས་དམ་བཅའ་བཞག་པའི་བཞུགས་ཁྲི་རིན་པ་གདོན་མི་ཟའོ།།
བཀྲ་ཤིས་ལྷུན་པོ་དགོན་་དང་། ལྷ་རྩེ་དགོན། ངམ་རིང་ཆོས་སྡེ། ཕུན་ཚོགས་གླིང་དགོན་སྡེ་རྣམས་སུ་དགེ་བཤེས་དམ་བཅའ་བཞག་པ་རྣམས་ལ་དཀའ་ཆེན་མཚན་བཏགས། དྭགས་པོ་བཤད་སྒྲུབ་གླིང་དང་། ལྷོ་ཁ་མངའ་རིས་གྲྭ་ཚང་རྣམས་སུ་དགེ་བཤེས་དམ་བཅའ་བཞག་པ་ལ་རབ་འབྱམས་པའི་མཚན་བཏགས། རྗེ་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་བཞག་པའི་དགེ་བཤེས་ལ་སྨོན་ལམ་རབ་འབྱམས་པ་ཞེས་པའི་མཚན་བཏགས། བླ་བྲང་བཀྲ་ཤིས་འཁྱིལ་ལ་དགེ་བཤེས་དམ་བཅའ་བཞག་ན་རྡོ་རམས་པའི་མཚན་བཏགས། མཽངྒལ་ཡུལ་ཏཱ་ཁུ་རི་སོགས་མཽངྒལ་སྟོད་སྨད་ལྷོ་བྱང་རྣམས་སུ་མཚན་ཉིད་ཡོད་པ་དོན་དགོན་སྡེ་ཤིན་ཏུ་མང་པོ་ཡོད་པ་དེ་དག་ལ་དགེ་བཤེས་དམ་བཅའ་བཞག་པ་ན་ཕལ་ཆེ་བ་ལ་དཀའ་བཅུའི་མཚན་བཏགས། རབ་འབྱམས་པའི་མཚན་བཏགས་པ་འགའ་རེ་ཡོད། མཚན་ཉིད་གྲྭ་ཚང་ལ་གཞུང་དཀའ་པོད་ལྔའི་དམ་བཅའ་བཞག་ནས་རྒྱུད་པ་གྲྭ་ཚང་ལ་ཞུགས་ནས་སྔགས་ཀྱི་དམ་བཅའ་བཞག་པ་ན། རྡོ་རྗེ་འཛིན་རམས་པ་ཞེས་པའི་མཚན་བཏགས། སྨན་པ་གྲྭ་ཚང་ཁུངས་ནས་སྨན་གྱི་སློབ་སྦྱོང་མཐར་ཕྱིན་པ་ན་སྨན་རམས་པ་དང་། དུས་འཁོར་གྲྭ་ཚང་ཁུངས་ནས་སློབ་གཉེར་མཐར་ཕྱིན་པ་ན་རྩིས་རམས་པ་ཞེས་པའི་མཚན་བཏགས་པ་སོགས་ནང་པའི་ཆོས་དར་སའི་ལུང་པ་སོ་སོའི་ལུགས་སོ་སོ་མི་འདྲ་བ་མང་པོ་ཡོད།
འབྲས་སྤུངས་དགོན་པའི་གྲྭ་ཚང་བཞི། སེ་ར་དགོན་པའི་གྲྭ་ཚང་གསུམ། དགའ་ལྡན་དགོན་པའི་གྲྭ་ཚང་གཉིས། བཀྲ་ཤིས་ལྷུན་པོ་དགོན་པའི་གྲྭ་ཚང་བཞི། ཞོགས་པ་མང་ཇ་དུས་རྒྱུན་ཚོགས་ཆེན་ཁང་དུ་མཉམ་དུ་ཚོགས། ཆོས་ར་དང་གྲྭ་ཇ་རྣམས་གྲྭ་ཚང་སོ་སོར་ཚོགས། དེ་བཞིན་དགོན་པ་གཅིག་ལ་གྲྭ་ཚང་མང་པོ་ཡོད་པ་རྣམས་དེ་ལྟར་ཡིན། འབྲས་སྤུངས་དགོན་པའི་གྲྭ་ཚང་བཞིའི་གྲྭ་པ་རྣམས་དབྱར་ཆོས་ཆེན་མོ་ཟླ་བ་གཅིག་དང་། དགུན་ཆོས་ཆེན་མོ་ཟླ་བ་གཅིག་བཅས་ཟླ་ཆོས་གཉིས་ཀྱི་རིང་སྐུ་རིམ་ཆོས་ར་ཚོགས་ཆེན་རྡོ་བཅལ་སྟེང་ལྷན་དུ་ཚོགས་ཀྱི་རེད། དགུན་ཆོས་ཆེན་མོའི་སྐུ་རིམ་ལ་གྲྭ་ཚང་སོ་སོའི་ཕར་ཕྱིན་སྤོས་སྐོར་དང་། ཕར་ཕྱིན་དམ་བཅའ་བཞག འདི་ནི་ཕར་ཕྱིན་སློབ་གཉེར་མཐར་ཕྱིན་པའི་དགའ་སྟོན་ཡིན། དགེ་བཤེས་དམ་བཅའ་བཞག་པ་རྣམས་ཀྱང་དེ་བཞིན་གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་པའི་དགའ་སྟོན་རེད། འབྲས་སྤུངས་དགོན་པའི་སྔ་དྲོ་མང་ཇ་ཚོགས་སྐབས་མཚན་ཉིད་གྲྭ་ཚང་གསུམ་གྱི་དགེ་འདུན་པ་རྣམས་ནས་རྒྱན་འཇུག་གཉིས་དང་། མདོ་རྩ། མཛོད་རྩ། རྣམ་རྩ། རྩ་ཤེས། བཞི་བརྒྱ་པ་སོགས་དང་། སྔགས་པ་གྲྭ་རྣམས་ནས་སྔགས་གཞུང་གསང་འདུས་རྩ་རྒྱུད་སོགས་སོ་སོའི་ནུས་ཚོད་ཀྱིས་གཞུང་དེ་དག་གི་བཤད་པ་གནང་ནས་བཤད་པ་རབ་འབྱམས་པ་ཞེས་པའི་མཚན་བཏགས་གནང་གི་ཡོད།
དབྱར་ཆོས་ཆེན་མོ་ལ་བཤད་པ་ཚར་ནས་རང་རང་སོ་སོའི་གྲྭ་ཚང་ལ་གྲྭ་ཇ་ཚོགས་སྐབས་བཤད་པ་ཚོགས་ཆེན་ལ་ཇི་ལྟར་གནང་བ་བཞིན་གནང་དགོས། དེ་དག་ལ་སྡེ་པ་གཞུང་ནས་རང་རང་སོ་སོའི་མིང་གི་སྟེང་རབ་འབྱམས་པ་ཞེས་པའི་མཚན་ཡོད་པའི་ཤོག་ལྷེ་རེ་རེ་གནང་གི་འདུག དེ་རབ་འབྱམས་པ་ཡིན་པའི་རྟགས་མཚན་སྤ་སེ་རེད་འདུག དེ་ཁྱེར་ནས་བོད་སོག་གི་ལུང་པ་གང་དུ་སོང་ནའང་དགེ་བཤེས་ཀྱི་ལག་ཁྱེར་རེད། བཤད་པ་རབ་འབྱམས་པ་ལ་སྡེ་པ་ལ་གཞུང་ནས་མཐོང་ཆེན་པོ་གནང་གི་འདུག བོད་ལུང་པའི་ཐོག་མའི་དགེ་བཤེས་མིང་བཏགས་རབ་འབྱམས་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ་མི་ཤེས། དབྱར་དགུན་གཉིས་ལ་གཞུང་གི་སྐུ་ཚབ་རྩེ་དྲུང་རེ་རེ་རབ་འབྱམས་པ་རྣམས་ལ་ཤོག་ལྷེ་སྤ་སེའི་ཚོད་དེ་གནང་ཆེད་ཕེབས་དགོས་ཀྱི་འདུག ཚོགས་ཆེན་རྡོ་བཅལ་ཆེན་མོའི་སྟེང་དབྱར་ཆོས་ཆེན་མོའི་སྐུ་རིམ་ལ་སྒོ་བློ་གཉིས་ཀྱི་དཔེ་ཆ་བ་རྣམས་གཞུང་ཆེན་བགྲོ་གླེང་ཐོག་ནས་ཕན་ཚུན་དམ་བཅའ་བཞག་རྟགས་གསལ་གཏོང་རེས་གནང་སྟེ། སློབ་གཉེར་འཕེལ་བའི་ཐབས་ཆོས་ཀྱི་དགའ་སྟོན་བསམ་གྱིས་མི་ཁྱབ་པ་དང་། སྒོ་སྐུར་ཆོད་ཅིང་དོན་རྟོགས་པ་ཐེ་ཚོམ་ཆོད་ཅིང་ངེས་པ་རྙེད་པ་རྟོགས་པ་ཁྱད་པར་ཅན་མང་པོ་འཁྲུངས་རྒྱུ་ཡོད། དེ་ལྟར་དམ་བཅའ་འཇོག་མཁན་རྣམས་རིགས་གྲྭ་ཆེན་མོའི་རིང་ཚོགས་ཆེན་འདུ་ཁང་ནང་སྔ་དྲོ་དང་དགུང་ཚིགས་ཀྱི་ཚོགས་སྐབས་མཁས་མང་འདུས་པའི་དབུས་སུ་ཚོགས་ལངས་བཞེངས་དགོས། གཞུང་གང་གི་དམ་བཅའ་བཞག་ཟིན་པ་དེའི་བཤད་པ་དང་། གཞུང་དེའི་སྟེང་ནས་བགྲོ་གླེང་གནང་གི་རེད། བདེ་ཡངས་གྲྭ་ཚང་དང་། རྭ་སྟོད་གྲྭ་ཚང་གི་གྲྭ་པ་རྣམས་ཚད་མའི་གཞུང་དང་། སྒོ་བློ་གཉིས་ཀྱི་གྲྭ་པས་གཞུང་ལྷག་མ་བཞིའི་སྟེང་ནས་རང་རང་གི་ཐད་ཀའི་གཞུང་དོན་ལ་དམ་བཅའ་བཞག་ཟིན་པ་ལྟར་རོ།།[1]
[1] ངག་དབང་ཉི་མའི་གསུང་འབུམ། ༼ཆ༽ ལོ་རྒྱུས་ཐོར་བུ། ཤོག་གྲངས་ ༦༢༥