༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་ཆོས་ལུགས་ཐུན་མོང་ལ་བཀའ་དྲིན་ཆེ་བ།

༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་ཆོས་ལུགས་ཐུན་མོང་ལ་བཀའ་དྲིན་ཆེ་བ།

ཆོས་ལུགས་ཐུན་མོང་ལ་བཀའ་དྲིན་ཆེ་བ།

ཕན་བདེ་སྣང་གསལ།

འདོད་མའི་ཆོས་ལུགས་སམ་ལྟ་གྲུབ་ལྡན་པའི་ཆོས་ལུགས་གང་ཞིག་ཡིན་ནའང་ཐོག་མར་འགྲོ་བ་མིའི་སྤྱི་ཚོགས་ཤིག་གི་དཀའ་ངལ་སེལ་བའི་ཐབས་སུ་བྱུང་བ་ནི་སྟོན་པ་སོ་སོའི་རྣམ་ཐར་མཇལ་བ་ཙམ་གྱིས་མཐུན་སྣང་དུ་གྲུབ་ཅིང་། ཐབས་ཚུལ་དེ་ཉིད་ཀྱིས་བསམ་མོས་མ་གཅིག་པའི་འགྲོ་བ་དུང་ཕྱུར་མང་པོའི་ཡིད་ལ་ངལ་གསོ་སྟེར་ཐུབ་པ་བྱུང་བས་འཇིག་རྟེན་འདིའི་ཕྱོགས་ཆ་ཐམས་ཅད་དུ་རིམ་པ་བཞིན་ཆོས་ལུགས་འདྲ་མིན་ནགས་མེ་ཇི་བཞིན་དར་ཁྱབ་བྱུང་ཡོད། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ཀྱི་ཁྱབ་ཁོངས་སུ་འཇིགས་ཤིང་སྐྲག་པའི་ཉེར་འཚེ་སྣ་མང་ཡ་མཚན་ཅན་དང་འཕྲད་སྐབས་དེ་དག་གི་རྒྱབ་ཕྱོགས་སུ་མངོན་གཟུགས་མ་ཡིན་པའི་ནུས་སྟོབས་ལྷག་པར་ཆེ་བའི་སྐྱེ་བོ་རེ་ཡོད་ངེས་པས་རང་ཉིད་ཀྱི་བྱ་སྤྱོད་འགའ་ཤས་ལ་དེ་དག་མི་དགའ་བ་བྱུང་བས་ཁྲོས་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དང་། ཡང་སྐབས་འགར་རང་གི་བྱ་སྤྱོད་ལ་དེ་དག་མགུ་བས་རོགས་མགོན་བྱེད་བཞིན་ཡོད་པ་ལྟ་བུ་བསམ་བློའི་འདུ་ཤེས་མངོན་འགྱུར་དུ་བྱུང་། ས་ཆུ་རི་བྲག་སོགས་འབྱུང་བའི་རྣམ་འགྱུར་གང་ཞིག་བྱུང་སའི་གནས་དེར་ལྷ་ཀླུ་གནོད་སྦྱིན་སོགས་ནུས་སྟོབས་ཅན་གྱི་སྐྱེ་བོར་མོས་ཏེ་རང་ཉིད་ལ་འཇིགས་སྐྲག་སྡུག་བསྔལ་མི་འབྱུང་བའི་འོ་དོད་འབོད་པ་ནས་རིམ་པ་བཞིན་འདོད་མའི་ཆོས་ལུགས་དར་ཁྱབ་བྱུང་། རང་གི་མགོན་དང་དཔུང་གཉེན་ལ་ལྷ་དང་དགྲ་གེགས་མཚན་མ་ཅན་ལ་འདྲེ་ཞེས་བཏགས་ཏེ་ལྷ་གསོལ་འདྲེ་འདུལ་གྱི་ལས་གཞི་ཚུགས། མངོན་མེད་ལྷ་འདྲེའི་ཕན་གནོད་ལྐོག་གྱུར་གྱི་རིགས་ལ་འགྲེལ་བྱེད་པའི་སྐྱེ་བོ་མང་དག་བྱུང་བས་མདོ་སྡེ་དར་བའི་སྔ་ལྟས་ལྷ་འདྲེའི་སྒྲུང་གཏམ་གྱིས་འདོད་མའི་ཆོས་ལུགས་དེ་བཞིན་སྟབས་བདེ་ནས་བྱེད་སྒོ་སྣ་ཚོགས་ཅན་དུ་མཛུབ་ཁྲིད་བྱས་སོ།།

སྟོང་ཁམས་འཇིག་རྟེན་རྒད་མོའི་བྲང་གཞུང་ན།།

རྒྱུས་མེད་ལྟེ་ཁྲག་ཐོར་བའི་རྐང་གཉིས་ཚོགས།།

མི་འདོད་ཉེར་འཚེ་ཞི་བའི་ཐབས་ཤེས་སུ།།

གསོལ་མཆོད་འདོད་འགྲུབ་ལས་ལ་བྲེལ་ཞིང་མཆིས།།

འགྲོ་བ་མིའི་རིགས་ཀྱི་མེས་པོའི་ཆོས་ལུགས་འཇིག་རྟེན་དུ་དར་བའི་རྒྱུད་རིམ་ནང་འགྲོ་བ་རྣམས་འདི་ཕྱིའི་སྡུག་བསྔལ་ལས་སྐྱོབ་པའི་ལམ་ཁྱད་པར་ཅན་སྟོན་པའི་སྟོན་པ་མང་པོ་བྱོན་ཡོད་ཅིང་། ཁོང་རྣམ་པའི་གསུང་གི་ཆོ་འཕྲུལ་ལས་དུས་ད་ལྟའི་བར་འགྲོ་བ་མང་པོར་ཕན་བདེ་བསྐྲུན་དང་སྐྲུན་བཞིན་ཡོད། སྟོན་པ་དེ་དག་གི་རྗེས་སུ་འབྲངས་པའི་སྐྱེ་བོ་འབུམ་ཕྲག་མང་པོ་ཟླ་བ་རྒྱུ་སྐར་གྱིས་བསྐོར་བ་ཇི་བཞིན་འདུས་པའི་ཚོགས་རྒྱ་ཆེན་པོ་བྱུང་བ་དང་ལྷན་ཅིག་ཏུ་ཆོས་ལུགས་གྲུབ་མཐའ་ཕན་ཚུན་ལྟ་སྤྱོད་མི་མཐུན་པ་སོགས་རྩོད་པའི་རྒུད་ཚོགས་ཀྱི་འགོ་འབུད། ཆོས་ལུགས་ནས་བཤད་པའི་ཐར་པ་དང་ཞིང་ཁམས་བདེ་བ་མཐའ་ཡས་པས་ཁྱབ་པ་དེ་དག་གི་བདེ་བ་ལ་སྤྱོད་པའི་སྐྱེ་བོ་མཐོང་དཀོན་པ་ཙམ་དུ་མ་ཟད། འགྲོ་བའི་མགོན་སྐྱབས་ཀྱི་ཁུར་ཅན་མང་པོ་རང་རང་གི་ཆོས་ལུགས་ནས་སྤང་བྱར་བཤད་པའི་མནོག་ཆུང་གི་བྱ་བ་མང་པོའི་འདུ་འཛིར་གཡེངས་པ་གནག་རྫིའི་མཐོང་ཆོས་ཅན་མང་དག་མཆིས་པ། མི་སྡེའི་སྤྱི་ཚོགས་ནང་ཆོས་ལུགས་དང་འབྲེལ་བའི་དཀའ་རྙོག་གསར་པ་མང་པོ་ལྷག་པ། ཆོས་ལུགས་ཕན་ཚུན་དབར་གྱི་མི་མཐུན་པའི་འགལ་བ་ཤུགས་ཆེར་གླེང་སྟེ་ཆོས་ལུགས་ཀྱི་ལས་འགན་ནི་མི་མཐུན་པ་རྩོད་རྒྱུ་ལྟ་བུར་གྱུར་པ། སྐྱེ་བོའི་བློ་གྲོས་ལས་རིག་གསར་དངོས་པོའི་གསང་གནད་མང་པོ་བཙལ་རྙེད་ཐུབ་པས་འཇིག་རྟེན་འདི་སྣང་གི་ཕུན་ཚོགས་གྲ་རྒྱས་སུ་འཕེལ་བ། དངོས་པོའི་རིག་གནས་ཀྱི་ལྟ་གྲུབ་དར་ཁྱབ་བྱུང་བས་ཆོས་ལུགས་ཀྱི་བཤད་པ་མང་པོ་རྨོང་དད་ཅན་ཡིན་པའི་ཟུར་ཟ་བྱུང་བ་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་དུས་རབས་ཉི་ཤུ་པའི་ནང་ཆོས་ལུགས་འདྲ་མིན་གྱི་བསྟན་པའི་རྒྱལ་མཚན་གོག་པོར་གྱུར་ཏེ་རྗེས་འབྲངས་དང་བཅས་པའི་ཉིན་བྱེད་ཀྱི་སྣང་བ་ནུབ་ལ་ཁད་དུ་ལུས། སྐྱེ་བོ་རྣམས་རིག་གསར་བུ་མོའི་འཇོ་སྒེག་གི་ཐབས་འཕྲུལ་ལ་བློ་ཡིད་སིམས། ཆོས་བྱེད་དམ་པ་དུ་མའི་དབུ་འཕང་སྨད་དེ་ཆོས་ཀྱི་ཆེ་བ་བརྗོད་པའི་སྤོབས་པ་ཉམས་པར་གྱུར་པའི་དུས་དེར་འདྲེན་མཆོག་སྨྲ་བ་ཟླ་མེད་༸གོང་ས་༸སྐྱབས་མགོན་ཆེན་པོ་འདི་ཉིད་ཀྱི་ཐུགས་རྗེའི་འཕྲིན་ལས་གཤོག་ཡང་དཀར་པོས་ཆོས་ལུགས་རྗེས་འབྲངས་དང་བཅས་པའི་དབུ་འཕང་དགུང་སྔོན་དབྱིངས་སུ་བཏེགས་པར་མཛད་དོ།།

འཇིག་རྟེན་བྱེད་པོས་གནང་བའི་བདེ་སྐྱིད་དམ།།

རབ་དཀར་ལས་ཀྱི་འབྲས་བུ་ཐར་པའི་བདེ།།

གང་ཡང་སྨྲ་ལ་སྤོབས་པ་ཉམས་པའི་དུས།།

ཟླ་མེད་སྨྲ་བའི་ཁྱུ་མཆོག་ཁྱེད་མིན་སུ།།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྱིས་བོད་བརྒྱུད་ནང་བསྟན་གྱི་རིག་པའི་གཞུང་ལུགས་ལ་བརྟེན་ནས་དེང་རབས་རིག་གསར་དབར་མཐུན་ཕྱོགས་གླེང་སྟེ་མཛའ་གྲོགས་ཀྱི་གསེར་ཟམ་བཙུགས་པ་དང་། འཇིག་རྟེན་འདིའི་སྟེང་གི་ཆོས་ལུགས་ཐམས་ཅད་ལྟ་གྲུབ་མི་འདྲ་བ་སོ་སོར་ཡོད་པ་ཙམ་དུ་མ་ཟད། ལྟ་གྲུབ་ཕན་ཚུན་མི་མཐུན་པའང་མང་དག་ཅིག་ཡོད། འོན་ཀྱང་ཆོས་ལུགས་ཐམས་ཅད་ཀྱི་བསྒྲུབ་བྱ་སྙིང་པོ་ནི་བྱམས་བརྩེ་དར་སྤེལ་དང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་དང་། དེའི་ཐད་ཆོས་ལུགས་ཐམས་ཅད་མཐུན་སྣང་དུ་གྲུབ་པ་ཡིན་ཞེས་ཐུན་མོང་གི་གཞི་རྟེན་གསར་པ་བསྐྲུན། འགྲོ་བ་མིའི་རིགས་ལ་དོན་དམ་པའི་བདེ་སྐྱིད་ཅིག་དགོས་ན་སྣོད་བཅུད་ཐམས་ཅད་འདྲ་མཉམ་ཞི་མཐུན་དགོས་ཤིང་། དེ་ལྟར་ཡོང་བར་ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པུས་འགྲིག་ཐབས་མེད། དེས་ན་མི་ལ་ཕྱི་དངོས་པོའི་མཐུན་རྐྱེན་འཛོམས་དགོས་པ་ཙམ་དུ་མ་ཟད། དེ་ལས་ཀྱང་ཆེས་ལྷག་པའི་ནང་སེམས་ཀྱི་བདེ་སྐྱིད་དགོས་པའི་ལམ་སྟོན་སྒོ་དུ་མ་ནས་ཕེབས་ཡོད། དེང་རབས་གསར་པའི་རིག་གནས་དེ་དག་ནི་ཕྱི་དངོས་པོའི་འཛུགས་སྐྲུན་འཕེལ་རྒྱས་གཏོང་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཡོད་ནའང་ནང་སེམས་ཀྱི་བདེ་སྐྱིད་ཐོབ་པའི་གྲོགས་སུ་འགྱུར་ཐུབ་ཀྱི་མེད་པ་དང་། ནང་སེམས་ཀྱི་བདེ་སྐྱིད་བཅོས་མ་མ་ཡིན་པ་ནི་བྱམས་བརྩེ་ལས་ཐོབ་ངེས་པས་དུས་རབས་འདིའི་ནང་ཆོས་ལུགས་ལ་ཁྲི་བའི་ལས་འགན་ནི་བྱམས་བརྩེའི་ནུས་སྟོབས་གོང་སྤེལ་གཏོང་བར་ཐུན་མོང་གི་འབད་བརྩོན་བྱ་རྒྱུ་དེ་ཡིན་པའི་ཕྱོགས་སྟོན་གནང་བར་བརྟེན། དུས་རབས་གསར་པའི་ནང་ཆོས་ལུགས་ཀྱི་དགོས་མཁོ་ཡོད་པ་དང་། ཆོས་ལུགས་ནང་ཕན་ཚུན་གྱི་མི་མཐུན་པ་རྩོད་པ་ལས་ཐུན་མོང་གི་ནུས་པ་གཅིག་ཏུ་སྤུངས་ཏེ་འཇིག་རྟེན་སྤྱི་ཡོངས་ལ་བྱམས་བརྩེའི་ནུས་སྟོབས་གོང་སྤེལ་གཏོང་བའི་ལེགས་སྐྱེས་འབུལ་དགོས་ཀྱི་འཇིགས་མེད་སེང་གེའི་ང་རོ་ཆེར་བསྒྲགས། དུས་དེ་ནས་བཟུང་ཆོས་ལུགས་ཀྱི་དགོས་མཁོ་ས་རིས་ཐང་གསལ་དུ་ཐོན་པར་བརྟེན་ཆོས་ལུགས་སྤྱི་ཡོངས་ལ་སླར་ཡང་གསོན་ཉམས་གསར་པ་བྱུང་ཡོད། གང་ཉིད་ནས་ཆོས་ལུགས་ཐམས་ཅད་ཞི་མཐུན་མཉམ་གནས་ཡོང་ཕྱིར་ཕན་ཚུན་འབྲེལ་འདྲིས་དགོས་པར་གཟིགས་ཏེ་ཆོས་ལུགས་འདྲ་མིན་གྱི་ལྟེ་གནས་གང་སར་ཞབས་སོར་འཁོད་ནས་ཕན་ཚུན་རྒྱུས་ལོང་ཡོང་བར་འབད་པ་སྒོ་དུ་མ་ནས་གནང་ཡོད། དེར་བརྟེན་ཆོས་ལུགས་ཐམས་ཅད་ཀྱི་བླ་ཆེན་དང་། མཁས་དབང་ཁག་སོགས་ཆོས་ལུགས་མི་སྣ་དང་ཚོགས་པ་མང་པོས་གདན་ཞུས་གཟེངས་བསྟོད་ཕུལ་བ་སོགས་ཆོས་ལུགས་ཀུན་གྱི་སྤྱི་གཙུག་ན་ཉ་གང་ཟླ་བ་ཤར་བ་དང་གཉིས་སུ་མེད་པར་བཞུགས་པ་འདི་ནི་བཀའ་དྲིན་བསྐལ་བའི་བར་དུ་གཞལ་དཀའ་བ་ཡིན་པ་ལུང་རིགས་ཀྱི་སྒྲུབ་བྱེད་མི་དགོས་པར་སོ་སྐྱེ་ཐ་མལ་བའི་མངོན་སུམ་གྱི་ཡུལ་དུ་གྱུར་པས་སོ།།

མི་ཡི་གཤིས་ལ་སེམས་ཀྱི་རིན་ཐང་ཞིག།།

མེད་ན་འཇིག་རྟེན་ཐམས་ཅད་ཉམས་པར་གྱུར།།

དེ་ཡི་ནུས་པ་རིག་གསར་ལ་མེད་པས།།

ཆོས་ཀྱིས་བྱམས་བརྩེའི་ནུས་པ་སྤེལ་ཞིག་ཨང་།།

 

བརྒྱུད་སྐུལ།

མཆན་སྤེལ།