ཆུ་དབར་བུ།
སྐུ་མཚན་དཔེ་གངས་ཅན་ལྗོངས་སུ་བཞད། །
གསུང་ཚངས་དབྱངས་འཛམ་གླིང་ཡོངས་ལ་ཁྱབ། །
ཐུགས་བྱམས་བརྩེས་འགྲོ་ཀུན་བུ་བཞིན་བསྐྱངས། །
མགོན་ཟླ་མེད་བསྟན་འཛིན་རྒྱ་མཚོ་རྒྱལ། །
ཞེས་མཆོད་པར་བརྗོད་པས་སྔོན་བསུས་ཏེ་ལྷ་དང་བཅས་པའི་འགྲོ་བའི་འདྲེན་མཆོག །དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་མགོན་སྐྱབས་དང་མཚོན་རྟགས་བཅས་སུ་གྱུར་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་མེད་ཀྱི་དགོངས་གཞི་ནི་རྒྱ་ཆེ་ལ་གཏིང་ཟབ་པ་དང་། མཐའ་ཡས་ལ་མུ་མེད་པ། རྣམ་གྲངས་ཧ་ཅང་མང་པོའི་ཐོག་ནས་གསང་གསུམ་གྱི་མཛད་བཟང་བསྐྱངས་དང་སྐྱོང་བཞིན་པའི་དགོངས་གཞི་རྣམས་ནི་འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་། ཡུལ་དུས་ཀྱི་དགོས་མཁོ་དང་འཚམ་པའི་ལྟ་གྲུབ་དང་། ལམ་ལུགས། དངོས་པོ། ལས་འགུལ་སོགས་ཀྱི་ཐད་གསར་གཏོད་ཀྱི་མཛད་བཟང་ཇི་སྙེད་ཅིག་བསྐྱངས་པ་རྣམས་ཁོ་བོ་ལྟ་བུས་ཇི་བཞིན་བརྗོད་པ་ག་ལ་ནུས། འོན་ཀྱང་ས་བཅད་མ་སྟོང་ཙམ་དང་། གལ་གནད་ཆེ་བ་འགའ་ཞིག་དཔེ་མཚོན་གྱི་ཚུལ་དུ་ཞུ་བ་ལ།
དང་པོ། ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་གྱི་གོ་རིམ།
ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་ནི། མགོན་པོ་གང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དང་། ཆོས་པ་ཞིག་ཡིན་པའི་ཆ་ནས། བོད་མི་ཞིག་ཡིན་པའི་ཆ་ནས་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་ཚུལ་བཀའ་སྩལ་ཡོད། དེ་ཡང་ཐུགས་བསྐྱེད་དང་པོ་དེ་འཛམ་གླིང་འདིའི་སྟེང་གི་སྐྱེ་བོ་དུང་ཕྱུར་བདུན་ཅུ་ཐམ་པ་དང་། ཐུགས་བསྐྱེད་གཉིས་པ་དེ་ཆོས་དད་ཅན་སྐྱེ་བོ་དུང་ཕྱུར་དྲུག་ཅུ་ཐམ་པ། ཐུགས་བསྐྱེད་གསུམ་པ་དེ་རང་ཅག་གངས་ཅན་པ་ས་ཡ་དྲུག་ལ་དམིགས་པ་ཞིག་ཡིན་པས། ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་གལ་གནད་དང་གཞི་རྒྱ་ཆེ་བས། གལ་གནད་ཆེ་རིམ་ལྟར་དུ་བཀའ་སྩལ་ཡོད།
༼༡༽ ཐུགས་བསྐྱེད་དམ་བཅའི་འབྱུང་རྐྱེན་དང་། འཛམ་གླིང་གི་ཀླན་ཀ
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་གྱི་བཞེད་དགོངས་སྒྲུབ་པ་ལ། ཐོག་མར་ད་ལྟའི་དུས་འདིར་མི་རྣམས་ནས་ཟླུམ་གཟུགས་གོ་ལ་འདིའི་ཐོག་གི་ཀླན་ཀའམ་དཀའ་ངལ་ཆེན་པོ་ལྔ་ལ་གདོང་ལེན་བྱེད་དགོས་ཤིང༌། ཀླན་ཀ་ཆེན་པོ་ལྔ་ནི། ༡༽ འཛམ་གླིང་ཐོག་ཚད་ལས་བརྒལ་བའི་མི་འབོར་འཕེལ་རྒྱས་འགྲོ་བཞིན་པ་དང༌། ༢༽ དཔལ་འབྱོར་འདྲ་མཉམ་མེད་པར་དབུལ་ཕྱུག་གི་བར་ཁྱད་ཆེ་བ། ༣༽ མི་གསོད་ཁྲག་སྦྱོར་སོགས་མངོན་གསུམ་གྱི་གནོད་འཚེ། ༤༽ འཛམ་གླིང་སྤྱི་དང་བྱེ་བྲག་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་ཉམས་གུད། ༥༽ ཆོས་ལུགས་ཕན་ཚུན་དབར་གྱི་འཐེན་འཁྱེར་བཅས་ལྔ་ཡིན། དེ་དག་ལ་གདོང་ལེན་བྱེད་དགོས་པའི་གནས་སུ་གྱུར་ཡོད།
སྤྱིར་ནང་ཆོས་ཀྱི་གཞུང་ལུགས་ནས་གསུངས་པའི་སྙིགས་མ་ལྔ་ནི། ༡༽ དུས་ཀྱི་སྙིགས་མ་རྩོད་ལྡན་གྱི་དུས་དང༌། ༢༽ ཚེ་ཡི་སྙིགས་མ་ཚེ་ལོ་མར་འགྲིབ། ༣༽ སེམས་ཅན་གྱི་སྙིགས་མ་འདུལ་བར་དཀའ་བའི་སེམས་ཅན། ༤༽ ཉོན་མོངས་ཀྱི་སྙིགས་མ་ཉོན་མོངས་དུག་ལྔ་ཚང་བ། ༥༽ ལྟ་བའི་སྙིགས་མ་ཕྱིན་ཅི་ལོག་པ་དང་ལྔ་ཡིན་ནའང༌། གོང་གསལ་དེང་གི་འཛམ་གླིང་འདིའི་ཐོག་གི་ཀླན་ཀ་ཆེན་པོ་ལྔ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྙིགས་མ་ལྔ་ལ་བསྡོམས་ཚིག་གིས་འགྲེལ་བརྗོད་གནང་སྟངས་ཐུན་མོང་མ་ཡིན་པ་ཞིག་དང་། གསར་གཏོད་རང་བཞིན་གྱིས་འགྲེལ་བརྗོད་གནང་སྟངས་ཤིག་ཀྱང་ཆགས་ཡོད།
དེ་ལྟར་དེང་གི་འཛམ་གླིང་འདིའི་ཐོག་གི་ཀླན་ཀའམ་དཀའ་ངལ་ཆེན་པོ་ལྔ་ནི་འབྱུང་བཞི་འཁྲུགས་པ་སོགས་ཀྱི་ཐོག་ནས་བྱུང་བ་མིན་པར། འགྲོ་བ་མིའི་ཡ་རབས་སྤྱོད་བཟང་དང་དྲང་བདེན་གྱིས་ཕོངས་ཤིང་། སྐྱེ་འགྲོའི་སྒོ་གསུམ་གྱི་བྱ་སྤྱོད་བཟང་ངན་གྱི་ཐོག་ནས་བྱུང་བར་བརྟེན། དེ་དག་སེལ་བའི་འོས་འགན་རང་ཅག་སྐྱེ་བོ་རྣམས་ལ་ཡོད་པར་མ་ཟད། སྐྱེ་བོ་རྣམས་ཀྱིས་སེལ་དགོས་པ་ཞིག་ཀྱང་ཡིན་སྟབས། དེ་དག་སེལ་ཐབས་ལ་བླ་ན་མེད་པའི་ལམ་སྟོན་དང་། མགོན་པོ་གང་ཉིད་ཀྱིས་གསར་གཏོད་རང་བཞིན་གྱི་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་གྱི་ཐོག་ནས་མཛད་བཟང་བསྐྱངས་དང་སྐྱོང་བཞིན་པ་ཡིན།
༼ཀ༽ འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་གཏོང་རྒྱུ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་གནང་རྒྱུ་དེ་ལྷག་བསམ་སེམས་སྐྱེད་དང་པོ་དེ་ཡིན། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་ཀྱི་བདེ་སྐྱིད་འབྱུང་གཞིའི་ལྡེ་མིག་ལྟ་བུ་ཡིན། ཞེས་བཀའ་སྩལ་ཡོད། ཀླན་ཀ་ལྔ་པོ་དེ་དག་ལ་གདོང་ལེན་བྱེད་དགོས་ན། ཐོག་མར་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང༌། དེ་ལའང་ཆོས་ཁས་ལེན་མིན་གྱི་རིགས་གཉིས་དང༌། ཆོས་ཁས་ལེན་མཁན་ལའང་འཇིག་རྟེན་བཀོད་པ་པོ་འདོད་དང་མི་འདོད་ཀྱི་ལྟ་གྲུབ་གཉིས་བཅས་ཐབས་ལམ་གསུམ་གྱི་ཐོག་ནས་བྱམས་བརྩེ་དང༌། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་དགོས་པར་བཀའ་སློབ་ལམ་སྟོན་མཛད་ཡོད།
འདི་ལྟར་ཐུགས་བསྐྱེད་དང་པོ་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་བའི་མཛད་བཟང་སྐྱོང་སྐབས་ནང་གི་ཡོན་ཏན་དང་། འགྲོ་བ་མིའི་ཡོན་ཏན་ཞེས་གསུང་ཚིག་གཙོ་བོ་གཉིས་བཀའ་སྩལ་ཡོད། དེ་ཡང་བྱམས་དང་སྙིང་རྗེ། བཟོད་སྲན་དང་བསམ་ཤེས། འདོད་ཆུང་ཆོག་ཤེས། འདྲ་མཉམ་དང་དྲང་བདེན། རང་ཁྲིམས་རང་སྲུང་ལ་སོགས་པ་འདི་དག་ལ་ཡ་རབས་སྤྱོད་བཟང་ཞེས་བྱ་ཞིང་། དེ་ལྟའི་བཟང་སྤྱོད་ཀྱི་ཡོན་ཏན་གོང་མཐོར་སྤེལ་བ་ལ། ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ལ་འཇུག་པའི་ཐབས་ལམ་ཆ་ཚང་བ་ཞིག་དང་། ཀུན་ལ་ཁྱབ་ཐུབ་པ་ཞིག་ཡོང་བ་ལ། གཞི་རྩའི་རྩ་འཛིན་གཉིས་ལས། རྩ་འཛིན་དང་པོ། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་དགོས་པར་བཀའ་སྩལ་ཡོད།
རྩ་འཛིན་གཉིས་པ་ནི། ང་ཚོའི་ལུས་པོའི་གྲུབ་སྟངས་དངོས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་དང་། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་ཡིན་པར་བཀའ་སྩལ་ཡོད། རྩ་འཛིན་དེ་གཉིས་ཀྱི་ཐོག་ནས། ང་ཚོ་རང་ཉིད་དང་གཞན་གྱི་བདེ་ཐབས་གཉིས་སོ་སོར་འབྱེད་མི་ཐུབ་པའི་འབྲེལ་ལམ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཅིང་། གཞན་གྱི་བདེ་དོན་ལ་ང་ཚོས་བཅོས་མིན་གྱི་སེམས་ཁུར་ཞིག་གོང་འཕེལ་གཏོང་ཐུབ། ཅེས་སོགས་རྒྱས་པར་གསུངས་ཡོད།
དེ་ལྟར་ཆོས་དང་མ་འབྲེལ་བའི་ཚུལ་ཁྲིམས་དང༌། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་གཉིས་པོ་མིའི་བཟང་སྤྱོད་ཀྱི་མི་གཤིས་རིན་ཐང་ཡར་རྒྱས་གཏོང་བའི་ཐབས་ལམ་མེད་དུ་མི་རུང་ཞིག་ཡིན་པར་བཀའ་སྩལ་བས་དེ་ནི་སྐྱེ་འགྲོ་ཡོངས་ཀྱི་བསམ་པའི་སློབ་སྟོན་དུ་གྱུར་པའི་ལེགས་བཤད་དང་། འགྲོ་བའི་ཡིད་ཀྱི་གསོ་སྨན་དུ་གྱུར་ཡོད་པས་ན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་ནི་ཐབས་ལམ་གསར་པ་ཞིག་དང༌། དམིགས་བསལ་གྱི་ཐབས་ལམ་ཞིག་ཡིན་པར་མ་ཟད། ཁྱད་དུ་འཕགས་ཤིང༌ཕུལ་དུ་བྱུང་བའི་གདམས་ངག་ཅིག་དང་། བླ་མེད་ཀྱི་གསར་གཏོད་ཅིག་ཀྱང་ཡིན།
༼ཁ༽ ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ལྷག་བསམ་སེམས་བསྐྱེད་གཉིས་པ་དེ་ཡིན། ཞེས་བཀའ་ཕེབས་ཤིང་། སྐབས་ལ་ལར་ཐུགས་བསྐྱེད་རྣམ་བཞིར་འབྱེད་སྐབས། སྤྱིར་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་ཕན་ཚུན་མཐུན་ལམ་དང་། བྱེ་བྲག་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་ཇོ་ནང་བཅས་པའི་དབར་མཐུན་ལམ་གོང་འཕེལ་བཏང་སྟེ། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་ཡོང་ཐབས་ལ་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་བརྟེན། སྤྱི་བྱེའི་དབྱེ་བ་རྒྱས་བསྡུས་ཙམ་ལས་ཐུགས་བསྐྱེད་རྣམ་གསུམ་དང་རྣམ་བཞི་གཉིས་མི་འགལ་ལོ།།
དེ་ཡང་ཆོས་ལུགས་ལ་བཟང་ངན་གྱི་རྣམ་དབྱེ་འབྱེད་རྒྱུ་མེད་པར་ཆོས་ལུགས་ཐམས་ཅད་ཀྱི་དམིགས་ཡུལ་སྐྱེ་འགྲོར་ཕན་བདེ་བསྐྲུན་རྒྱུ་གཅིག་མཚུངས་ཡིན་པ་དང༌། འགྲོ་བ་རྣམས་ཀྱི་དབང་པོ་རྣོ་བརྟུལ་དང༌། ཁམས་མོས་དང་བསམ་པའི་དབང་ལས་ཆོས་ལུགས་མི་འདྲ་བ་རྣམས་བྱུང་བས། ཆོས་ལུགས་རྣམས་ཀྱིས་སྔར་ཡང་འགྲོ་བ་དུང་ཕྱུར་མང་པོར་ཕན་པ་དང༌། ད་ལྟའང་ཕན་ཐོགས་བཞིན་པར་མ་ཟད། མ་འོངས་པར་ཡང་ཕན་པར་འགྱུར་བས་ཆོས་ལུགས་ཕན་ཚུན་གུས་བརྩི་དང༌། ཕན་ཚུན་སློབ་སྦྱོང་། ཕན་ཚུན་ལེགས་ཆ་ལེན་རེས་བཅས་བྱས་ནས་ཆོས་ལུགས་ཐམས་ཅད་མཐུན་ལམ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་གལ་ཆེ་བར་གཟིགས་ཤིང༌། དེ་ལྟར་ལམ་སྟོན་མཛད་པ་ལྟར་མགོན་པོ་གང་ཉིད་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན། འདི་ནི་ད་བར་ཕྱི་ནང་གི་སྟོན་པ་གང་ཞིག་དང༌། ནང་པའི་བླ་སྤྲུལ་སུས་ཀྱང་མ་གསུངས་པའི་གདམས་ངག་ཐུན་མོང་མ་ཡིན་པ་ཞིག་ཡིན།
གཞན་ཡང་སྤྱིར་ཆོས་ལུགས་ཚང་མར་སྡེ་ཚན་གསུམ་དུ་དབྱེ་བ་འབྱེད་རྒྱུ་ཡོད་པར་གསུངས་ཤིང་། དེ་ཡང་ ༡༽ ཉམས་ལེན་དང་འབྲེལ་བའི་ཆོས་ཀྱི་སྡེ་ཚན་དང་། ༢༽ ཆོས་ལུགས་རང་རང་ནས་གསུངས་པའི་ལྟ་གྲུབ་ཀྱི་སྡེ་ཚན། ༣༽ ཡུལ་ལུང་སོ་སོའི་རིག་གཞུང་ངམ་གོམས་སྲོལ་དང་འབྲེལ་བའི་སྡེ་ཚན་བཅས་གསུམ་ཡོད་པ་ལས། སྡེ་ཚན་ནམ་ངོས་དང་པོའི་ཐོག་ཆོས་ལུགས་ཚང་མས་བྱམས་བརྩེ་དང་། བཟོད་པ། ཆོག་ཤེས་སོགས་ཀྱི་བཟང་པོའི་བསླབ་བྱ་སྟོན་མཁན་གཅིག་མཚུངས་ཡིན་པར་མ་ཟད། ལྷག་པར་ཆོས་ལུགས་ཚང་མ་སྐྱེ་འགྲོའི་བདེ་ཐབས་ཀྱི་དགོས་དམིགས་གཅིག་མཚུངས་ཡིན་པ་དང་། ངོས་གཉིས་པ་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་། དེ་ནི་སྐྱེ་འགྲོའི་ཁམས་མོས་དང་བསྟུན་ནས་དགོས་མཁོ་ཡོད་པ་དང་། ཕན་ཐོགས་ཀྱང་ཡོད་པའི་བཀའ་སློབ་ཕེབས་ཤིང་། ངོས་གསུམ་པ་རིག་གཞུང་ངམ་གོམས་སྲོལ་གྱི་ཆ་རྣམས་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བསྒྱུར་བཅོས་འགྲོ་དགོས་པའི་ལམ་སྟོན་མཛད་ཡོད།
དེ་ལྟར་ཆོས་ལུགས་ཕན་ཚུན་གྱི་མི་མཐུན་པའི་ཆ་ལ་དགག་སྒྲུབ་དང་། འཐེན་འཁྱེར། དམའ་འབེབས་སོགས་ཡོངས་སུ་སྤངས་ནས། ཆོས་ལུགས་སོ་སོའི་དགོས་དམིགས་དང་། ཁྱད་ཆོས་ཤེས་པའི་ཐོག་ནས་ཆོས་ལུགས་ཚང་མ་ཞི་བདེ་མཉམ་གནས་ཀྱི་ཐོག་ནས་སྤྱི་ཚོགས་དང་། སྐྱེ་འགྲོ་རྣམས་ལ་ཕན་བདེ་སྒྲུབ་པའི་ཐབས་ཚུལ་ཁྱད་པར་བ་ཞིག་ཡིན་པས། མཐུན་ལམ་མཉམ་གནས་དགོས་པ་དང་། མཉམ་གནས་ཐུབ་པ། མཐུན་ལམ་མཉམ་གནས་ཀྱི་དགེ་མཚན་སོགས་རྒྱ་ཆེ་ལ་གཏིང་ཟབ་པའི་ལམ་སྟོན་གསེར་གྱི་ཐིག་པ་ལྟ་བུ་མཛད་ཡོད།
༼ག༽ བོད་དོན་འཐབ་རྩོད་དང་། ཆོས་རིག་འཛིན་སྐྱོང་སྤེལ་གསུམ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་འགན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད། བོད་མི་ཞིག་ཡིན་པ་དང༌། ཏཱ་ལའི་བླ་མའི་སྐྱེ་ཕྲེང་དུ་གཏོགས་པ་མ་ཟད། ཁྱད་པར་དུ་ཕྱི་ནང་དུ་ཡོད་པའི་བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་དོ་ཁུར་བྱ་རྒྱུ་ངོས་ཀྱི་ལྷག་བསམ་སེམས་སྐྱེད་གསུམ་པ་ཡིན་པར་རྒྱུན་དུ་ཡིད་བཅངས་བྱེད་ཀྱི་ཡོད། ཅེས་བཀའ་སྩལ་པ་ལྟར། ༡༽ བོད་དོན་བདེན་གསལ་ཐབས་དང༌། བོད་ཀྱི་སྐྱེ་འགྲོའི་བདེ་ཐབས། ལྷག་པར་བཙན་འོག་ཏུ་གནས་པའི་བོད་འབངས་རྣམས་ཀྱི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དང་། ༢༽ ཡང་སྒོས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་ཐོག་ཐུགས་འགན་བཞེས་རྒྱུ། ༣༽ ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་བཅས་གསུམ་ནི་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་པ་དེ་ཡིན་པར་གསུངས་ཡོད་པ་ལས།
༼༡༽ བོད་དོན་བདེན་མཐའ་གསལ་ཐབས་དང་། ཆབ་སྲིད་ཀྱི་གསར་གཏོད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༣༥ ཟླ་ ༥ ཚེས་ ༥ ཉིན་བོད་འབངས་རྣམས་ཀྱི་བསོད་ནམས་ཀྱི་གོ་སྐལ་དུ་སྐུ་བལྟམས་ཤིང་། ཕྱི་ལོ་ ༡༩༤༠ ཟླ་ ༢ ཚེས་ ༢༢ ཉིན་ཕོ་བྲང་པོ་ཏ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་པ་དང་། ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༡༧ ཉིན་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་བཞེས་པ་ནས་བཟུང་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ བར་མི་ལོ་ཧྲིལ་པོ་ ༦༠ ཐམ་པའི་རིང་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་ནས་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་མང་གཙོའི་ལམ་སྲོལ་གསུམ་གཞི་རྩར་བཟུང་སྟེ་བོད་འབངས་རྣམས་ཀྱི་སྣེ་འཁྲིད་མཛད་པ་དང༌། བོད་དང་བོད་མི་རིགས་ཀྱི་སླད་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་ཡོད་ཅིང་། ལོ་ངོ་དེ་དག་གི་རིང་ལ་ཆབ་སྲིད་དང་འབྲེལ་བའི་གསར་གཏོད་གང་དག་བསྐྱངས་པ་ནི། ༡༽ དེ་ལྟར་ཆོས་སྲིད་ཀྱི་མཛད་འགན་ཡོངས་རྫོགས་ཕྱག་བསྟར་བསྐྱེད་བཞེས་གནང་བའི་མཛད་ཆེན་གྱི་ཐོག་མའི་གྲས་སུ་ཕྱི་ལོ་ ༡༩༥༤ ལོར་བོད་ལྗོངས་ལ་སྤྱི་ཚོགས་ལེགས་བཅོས་གསར་འཛུགས་དང་། ༢༽ དེ་མཚུངས་ཕྱི་ལོ་ ༡༩༥༦ ལོར་[1]གྱོད་ཞིབ་ལས་ཁུངས་གསར་འཛུགས་གནང་སྟེ་བོད་འབངས་ཀྱི་བདེ་སྐྱིད་ཁོ་ནའི་སླད་དུ་སྲིད་ལུགས་ཀྱི་ལམ་སྲོལ་གསར་གཏོད་གནང་འགོ་བཙུགས། དེ་ཡང་དཔལ་འབྱོར་གྱི་ཆ་ནས་དབུལ་ཕྱུག་གི་བར་ཁྱད་ཆུང་དུ་གཏོང་བ་དང་། ཁྲིམས་ལུགས་ཀྱི་ཆ་ནས་སྤྱི་སྙོམས་དྲང་བདེན་ཡོང་བ། དབང་ཆའི་ཆ་ནས་གཡོག་ལས་ཚ་འདེད་མེད་པར་བོད་འབངས་རྣམས་མི་སྨོན་རང་སྐྱིད་ངང་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཐབས་གནང་རྒྱུ་སོགས་བོད་འབངས་སྐྱེ་འགྲོའི་བདེ་ཐབས་ཀྱི་སླད་དུ་ཡིན།
༣༽ ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༥ ཉིན་བཙན་བྱོལ་བོད་གཞུང་གསར་འཛུགས་བཀའ་དྲིན་བསྐྱངས་ཏེ་ཆོས་སྲིད་གཉིས་ཐད་ནས་བོད་འབངས་རྣམས་སྣེ་ཁྲིད་དང་། གནས་ཡུལ་རྒྱལ་ཁབ་ལ་བསྟུན་མཁས་སོགས་ཀྱི་སྒོ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱར་འཛུགས་གནང་བ་ནི་ཆེས་བསམ་ཡུལ་ལས་འདས་པའི་གསར་གཏོད་ཀྱི་མཛད་པ་ཞིག་དང་། དེ་ཡང་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་མ་ལག་དང་མཚུངས་པ་གསར་གཏོད་མཛད་ཡོད།
༤༽ ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༡༠ ཉིན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མཐའ་དག་འཚེ་བའི་ཞི་བའི་ལམ་དུ་བསྒྱུར་གནང་མཛད་པ་ནི་ཐུན་མོང་མ་ཡིན་པ་ཞིག་དང་། འདི་ནི་སྔར་བོད་གངས་ཅན་གྱི་ལྗོངས་དང༌། འཛམ་གླིང་ཤར་ནུབ་ཀྱི་ནང་པའི་རྒྱལ་ཁབ་གང་དུའང་མ་བྱུང་བའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཆགས་ཡོད།
༥༽ ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆབ་སྲིད་ཀྱི་ལམ་ལུགས་དེ་མི་དམངས་ཀྱི་ཆེད་དུ་མི་དམངས་ཀྱིས་བཙུགས་པའི་མི་དམངས་ཀྱི་གཞུང་གི་ཁྱད་ཆོས་ལྡན་པའི་མང་གཙོའི་ལམ་སྲོལ་ཅན་དུ་བསྒྱུར་གནང་མཛད་དེ་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་དབུ་བརྙེས་ཤིང་། འདི་ནི་འཛམ་གླིང་གི་དབུ་ཁྲིད་གཞན་གྱིས་གནང་མི་ཐུབ་པའི་མཛད་པ་ཆེན་པོ་ཞིག་ཡིན།
༦༽ ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༣ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་གཏན་འབེབས་གསལ་བསྒྲགས་བསྐྱངས་ཏེ། མང་གཙོའི་ལམ་ལུགས་ཕྱག་ལེན་གནང་ཕྱོགས་དང་། མང་གཙོ་དང་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་གང་མདུན་སྤོས་ཐད་ལམ་སྟོན་རབ་དང་རིམ་པ་གནང་ཡོད།
༧༽ ཕྱི་ལོ་ ༡༩༦༣ ཟླ༌ ༣ ཚེས་ ༡༠ ཉིན་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་རྒྱས་པ་གཏན་ལ་ཕབ་སྟེ། ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་ནས་བཟུང་བཙན་བྱོལ་བོད་གཞུང་འདི་བཞིན་གང་ཟག་གི་དབང་སྒྱུར་མིན་པར་ཁྲིམས་ལུགས་ཀྱིས་མངའ་དབང་བསྒྱུར་བའི་ཕྱོགས་སུ་སྔར་མེད་ཀྱི་གོམ་སྟབས་རླབས་ཆེན་ཞིག་སྤོས་ཡོད།
༨༽ ཕྱི་ལོ་ ༡༩༧༩ ལོར་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞི་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་ཡོང་ཐབས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དགོངས་ཡངས་དཀྱེལ་ཆེའི་བླ་ན་མེད་པའི་སྲིད་བྱུས་དགོངས་བཞེས་ཕྱག་བསྟར་གནང་ཡོད།
༩༽ ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་མ་འོངས་བོད་ཀྱི་རྩ་ཁྲིམས་ལ་དུས་བསྟུན་འོས་འཚམ་བསྒྱུར་བཅོས་གནང་སྟེ། མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་གཞི་བཟོ་འགོད་དང་། བཙན་བྱོལ་དུ་གནས་རིང་མང་གཙོའི་ལམ་སྲོལ་དང་མཐུན་པའི་བཅའ་ཁྲིམས་གཏན་འབེབས་དགོས་རྒྱུ་བཅས་ཀྱི་གསར་གཏོད་གནང་།
༡༠༽ ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༢༦ ཉིན་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་གསལ་བསྒྲགས་སྩལ་ཏེ། མང་གཙོའི་གཞུང་འདི་ཉིད་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་གི་གསར་གཏོད་མཛད་ཡོད་ལ། མ་འོངས་པར་༸གོང་ས་མཆོག་ནས་བོད་གཞུང་གི་འགན་ཁུར་དང་། ལམ་ལུགས་རྗེས་འབྲེལ་གྱི་ཆབ་སྲིད་ཀྱི་མཚན་གནས་གང་ཡང་བཞེས་རྒྱུ་མིན་ཞེས་རླབས་ཆེན་གྱི་དགོངས་གཞི་རྒྱ་ཆེ་མཛད་ཡོད།
༡༡༽ ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་གནང་སྲོལ་གཏོད་དེ། དེ་ནས་བཟུང་བཀའ་བློ་ཁྲི་པས་ཆབ་སྲིད་ཀྱི་ཐུགས་འགན་སྔར་ལྷག་ཤུགས་ཆེ་བཞེས་གནང་གིས་མགོན་པོ་གང་ཉིད་ཕྱེད་བགྲེས་ཡོལ་གྱི་ཚུལ་དུ་བཞུགས་འཇགས་མཛད་ནས་མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད།
༡༢༽ ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་སྟེ། ཕྱི་ལོ་ ༡༦༤༢ ལོར་གསར་དུ་དབུ་བརྙེས་པ་ནས་ ༢༠༡༡ བར་ལོ་ངོ་ ༣༦༩ ཙམ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་དབུ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་ནི་དུས་རབས་མཐུན་པའི་རླབས་ཆེན་གྱི་ཐག་གཅོད་དང་། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་གསེར་གྱི་ཡིག་འབྲུར་འབུར་དོད་དུ་འགོད་འོས་པའི་མཛད་པ་ཞིག་ཡིན། གཞན་ཡང་བླ་མེད་ཀྱི་ལམ་སྟོན་རིམ་པར་གནང་སྟེ། བོད་མི་རྣམས་རང་མགོ་རང་ཐོན་དང་། རང་ས་རང་སྲུང་། རང་མི་རང་ལས་ཡོང་ཐབས་སོགས་ལ་གོམ་ཞེང་ཆེན་པོས་མདུན་བསྐྱོད་རིམ་པར་གནང་བ་ནི་བྱུང་རབས་ཀྱི་དོན་སྙིང་ལྡན་ཞིང་། གསར་གཏོད་རང་བཞིན་གྱི་མཛད་བཟང་མང་དུ་བསྐྱངས་གནང་ཡོད་པ་འདི་དག་ནི་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཞིག་ཡིན།
༼༢༽ བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་མཛད་པ་ལྟར། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་མཛད་འཕྲིན་ལ་མཚོན་ནའང་། བོད་ཀྱི་ཐུན་མོང་མ་ཡིན་པའི་འཚེ་བ་མེད་ཅིང་། བྱམས་བརྩེ་ལྡན་པའི་རིག་གཞུང་དེ་དག་སྲུང་སྐྱོབ་བྱ་རྒྱུ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་གི་ལམ་སྲོལ་བཟང་པོ་ཉམས་མེད་རྒྱུན་འཛིན་གནང་རྒྱུ། དེ་བཞིན་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་ཉམས་མེད་རྒྱུན་འཛིན་གནང་རྒྱུ། འཛམ་གླིང་གི་སྤྱི་ནོར་དུ་གྱུར་པའི་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ལག་ཡོངས་སུ་ཚང་བ་འདི་ཉིད་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ། འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ནས་མི་རབས་རྗེས་མར་རྒྱུད་སྤྲོད་གནང་རྒྱུའི་ཐོག་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ཡིན།
༼༣༽ འཛམ་གླིང་སྤྱི་དང་བྱེ་བྲག་གི་ཁོར་ཡུག་སྲུང་སྐྱོབ།
དེ་ཡང་སྤྱིར་འཛམ་གླིང་གི་ཁོར་ཡུག་ཉམས་གུད་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་ཉམས་གུད། ཡང་སྒོས་བོད་གངས་ཅན་གྱི་ལྗོངས་ཀྱི་ཁོར་ཡུག་ཉམས་གུད་དུ་ཕྱིན་དང་འགྲོ་བཞིན་པར་བརྟེན་ཨེ་ཤ་ཡའི་གླིང་དང་བཅས་པའི་མི་འབོར་དུང་ཕྱུར་ ༡༠ ལྷག་ཙམ་གྱི་འཚོ་གནས་དང་འབྲེལ་བའི་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཐུང་ཆུ་གཙང་མ་སོགས་ཁོར་ཡུག་སྲུང་སྐྱོབ་ཐད་ཐུགས་ཁུར་ལྷུར་བཞེས་མཛད་རྒྱུ་བཅས་ནི་ཐུགས་ཀྱི་དམ་བཅའ་གསུམ་པ་དེ་ཡིན་བཀའ་སྩལ་ཡོད།
༡༽ ཆོས་རིག་གི་ལྟེ་གནས་གསར་བཞེངས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་དང་བཅས་པ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ། ལྷག་པར་སྔར་ཡོད་རྒྱུན་འཛིན་དང་། སྔར་མེད་གསར་གཏོད་ཀྱི་མཛད་འཕྲིན་རླབས་ཆེན་ཤ་སྟག་བསྐྱངས་གནང་ཡོད་པ་ལས། དང་པོ་ཆོས་རིག་གི་ལྟེ་གནས་ཁང་གསར་བཞེངས་གནང་བར་མཚོན་ན།
ཀ༽ ཕྱི་ལོ་ ༡༩༥༩ ལོར་སྦག་སར་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཐོས་བསམ་ཐར་འདོད་གླིང་གསར་འཛུགས་མཛད་པ་ནས་བཟུང་རྒྱ་བལ་འབྲུག་གསུམ་དུ་ཆོས་སྡེ་ཁག་ ༢༦༢ གསར་བཞེངས་མཛད་ཅིང་། རིས་མེད་ཀྱི་དགོན་སྡེ་དེ་དག་ཏུ་དགེ་བཙུན་ཞལ་གྲངས་ ༣༠༠༠༠ ཙམ་གྱིས་ལུང་རྟོགས་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་ཐོག་ནས་ཐོས་བསམ་འཆད་ཉན་གནང་བཞིན་པར་མ་ཟད། དེ་བཞིན་དགོན་སྡེ་དེ་དག་གི་ཡན་ལག་དང་ཉིང་ལག་གི་ཚུལ་དུ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ཏུ་ཆོས་ཚོགས་གྲངས་ ༡༠༠༠ ཙམ་གསར་འཛུགས་ཀྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་དང་། སྐྱེ་འགྲོའི་བདེ་ཐབས་ཀྱི་ཞབས་འདེགས་གཟེངས་སུ་ཐོན་པ་ཞུ་མུས་ཡིན་པ་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཁ་བྲལ་ཐབས་གཏན་ནས་མེད།
ཁ༽ རིག་གཞུང་གི་སྡེ་ཚན་བསྐྱར་གསོ་དང་གསར་འཛུགས་བསྐྱངས་པའི་ཁྲོད། ༡༽ ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ལ་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་དང་། ༢༽ ཕྱི་ལོ་ ༡༩༦༡ ལོར་སྨན་རྩིས་ཁང་ཁག་སར་འཛུགས་གནང་། (ཡན་ལག ༤༩ ཡོད།) ༣༽ ཕྱི་ལོ་ ༡༩༦༥ ལོར་ལྡི་ལི་བོད་ཁང་དང་། ༤༽ ཕྱི་ལོ་ ༡༩༦༧ ལོར་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། ༥༽ ཕྱི་ལོ་ ༡༩༧༡ བོད་ཀྱི་དཔེ་མཛོད་ཁང་། ༦༽ ཕྱི་ལོ་ ༡༩༩༥ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ༧༽ ཕྱི་ལོ་ ༡༩༨༨ འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བཅས་ཀྱང་གསར་འཛུགས་བཀའ་དྲིན་ཆེ་གནང་མཛད་ཡོད།
ག༽ རྒྱ་བལ་འབྲུག་གསུམ་དང་བཅས་པའི་བཙན་བྱོལ་གྱི་སྤྱི་ཚོགས་ནང་སློབ་གྲྭ་ཁག་གསར་སྐྲུན་མཛད་པར་མཚོན་ནའང་། ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་ཐོག་མར་མ་སུ་རི་བོད་ཁྱིམ་གསར་འཛུགས་མཛད་པ་ནས་བཟུང་སྟེ། བོད་ཁྱིམ་རྣམ་གཉིས་དང་། སམ་བྷོ་ཊ། བོད་སློབ་འཛིན་ཚོགས། གངས་ཅན་བདེ་རྩ་བཅས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ཁག་ ༧༠ ལྷག་གསར་བཙུགས་ཀྱིས་རང་རིགས་ཀྱིས་མཚོན་སློབ་ཕྲུག་ཁྲི་ཚོ་འགའ་ཞིག་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། མཐོ་སློབ། ཆེས་མཐོའི་གཙུག་ལག་སློབ་གཉེར་བཅས་ཀྱི་ཤེས་ཡོན་སློབ་སྦྱོང་གི་སྐལ་བཟང་གོ་སྐབས་སྩལ་ཐོབ་བྱུང་ཡོད།
ང༽ གཞིས་ཆགས་ཁག་གསར་འཛུགས་ཐད་ཐོག་མར་ཕྱི་ལོ་ ༡༩༦༠ ཟླ་ ༡༢ ཚེས་ ༡༦ ལ་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གསར་འཛུགས་གནང་བ་ནས་བཟུང་སྟེ་རྒྱ་བལ་འབྲུག་གསུམ་གྱི་ཁུལ་དུ་གཞིས་ཆགས་ཁག་ ༤༥ ཙམ་དང་། གཞན་ཡང་ལས་ཁུངས་དང་། རྒས་གསོ་ཁང་། སྨན་ཁང་། དེང་རབས་བཟོ་ལས་སྡེ་ཁག་སོགས་གསར་བསྐྲུན་ཇི་སྙེད་གནང་སྟེ། བོད་འབངས་རྣམས་ལ་གཞལ་ཐབས་བྲལ་བའི་བཀའ་དྲིན་གྱིས་བསྐྱངས་གནང་ཡོད།
༢༽ ཆོས་ལུགས་ཐད་ཀྱི་དགོངས་གཞི་དང་གསར་གཏོད།
དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་རྟོགས་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཟུང་འབྲེལ་གྱིས་འཛིན་དགོས་པ་ལས། བཤད་སྒྲུབ་ཡ་བྲལ་དུ་སོང་བའི་འཐུས་ཤོར་ལས་སྐྱོབ་སླད། ༡༽ ཐོག་མར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་། དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་སོགས་ལོ་རྒྱུས་ཐོག་གི་སྔགས་པ་གྲྭ་ཚང་ཁག་ལ་གཞུང་ཆེན་མཚན་ཉིད་སློབ་གཉེར་གསར་འཛུགས་བཀའ་དྲིན་བསྐྱངས་པ་དང་། ༢༽ གདན་ས་གསུམ་གྱི་གཙོས་རིས་མེད་བཤད་གྲྭ་ཁག་ཏུ་སྒྲུབ་གྲྭ་གསར་གཏོད་མཛད་པ། ༣༽ བཤད་སྒྲུབ་གཉིས་ལྡན་གྱི་ཆོས་སྡེ་ཁག་ཏུ་སློབ་གྲྭ་གསར་འཛུགས་བཅས་མདོར་ན་སློབ་གྲྭ་དང་། བཤད་གྲྭ། སྒྲུབ་གྲྭ་བཅས་གྲྭ་གསུམ་ཚང་ཐབས་ལ་གསར་གཏོད་རིམ་པར་བསྐྱངས་ཏེ་གནའ་དེང་གཉིས་ལྡན་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་དང་། རྒྱལ་བསྟན་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་ཡོང་ཐབས་ལ་རླབས་ཆེན་གྱི་དགོངས་གཞི་བཞིན་བསྟན་པའི་མཛད་ཁུར་བསྐྱེད་བཞེས་མཛད་དེ་སྔར་ཡོད་རྒྱུན་འཛིན་གྱི་མཛད་བཟང་དང་། སྔར་མེད་གསར་གཏོད་ཀྱི་རྨད་དུ་བྱུང་བའི་མཛད་བཟང་བསམ་བརྗོད་ལས་འདས་པ་ཤ་སྟག་ཆགས་ཡོད།
༤༽ དེ་བཞིན་ཕྱི་ལོ་དགུ་བརྒྱ་དྲུག་ཅུའི་ནང་དུ་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཐོག་མར་མངོན་རྟོགས་རྒྱན་གྱི་བཤད་ལུང་སྨིན་སྩལ་གྱིས་རྟེན་འབྲེལ་ལེགས་བསྒྲིགས་དང་བཅས་མཚན་ཉིད་རིག་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱེད་དགོས་པའི་ལམ་སྟོན་དང་བཅས་གཞུང་ཆེན་མཚན་ཉིད་སློབ་གཉེར་གྱི་སྲོལ་བཟང་གཏོད་ཅིང་། དེ་རྗེས་རིས་མེད་ཀྱི་བཙུན་དགོན་གཞན་ཁག་ཏུའང་གཞུང་ཆེན་མཚན་ཉིད་སློབ་གཉེར་སྲོལ་བཟང་གསར་འཛུགས་བསྐྱངས། ༥༽ བཙུན་མའི་འཇང་དགུན་ཆོས་གསར་གཏོད་ཀྱིས་ད་བར་བཙུན་མའི་འཇང་དགུན་ཆོས་ཉེར་གསུམ་བར་ལྷན་ཚོགས་གནང་ཐུབ་པ་བྱུང་བ། ༦༽ དགེ་བཤེས་མའི་མཚན་རྟགས་གནང་སྲོལ་གཏོད་པ་ལྟར་འདི་ལོར་དགེ་བཤེས་མ་སྐབས་གཉིས་པ་བར་ཐོན་ཐུབ་པ་བཅས་ཀྱི་རླབས་ཆེན་གྱི་དགོངས་གཞི་དང་། ཕུལ་དུ་བྱུང་བའི་ལམ་སྟོན་གཞིར་བཟུང་གསར་གཏོད་ཀྱིས་འབྲས་བཟང་གཡུར་དུ་ཟ་བ་སྨིན་པ་འདི་དག་ནི་འཛམ་གླིང་སྤྱི་དང་། ལྷག་པར་ནང་པའི་རྒྱལ་ཁབ་ཁག ཡང་སྒོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ལས་སྔར་སུས་ཀྱང་མ་བསྐྱངས་ཤིང་། བསྐྱངས་མ་ཐུབ་པའི་མཛད་བཟང་ཤ་སྟག་ཆགས་ཡོད།
༧༽ གཞན་ཡང་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་སྲོལ་གསར་གཏོད་དང་། རིས་མེད་གཞུང་ཆེན་བགྲོ་གླེང་གསར་གཏོད་མཛད་པས་སློབ་གཉེར་དང་། ཆོས་བརྒྱུད་མཐུན་ལམ་སོགས་གང་ཅིར་དགེ་མཚན་ཤིན་ཏུ་ཆེན་པོ་བྱུང་ཞིང་ཡོད།
༨༽ ཕྱི་ལོ་ ༡༩༨༣ ཟླ་ ༡༠ ཚེས་ ༩ ཉིན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བྱེད་གལ་ཆེ་བའི་ལམ་སྟོན་གཅིག་མིན་དུ་མར་བཀའ་སློབ་ཕེབས། དེ་ཡང་སེར་སྐྱ་གཉིས་ལས་སྐྱ་བོ་རྣམས་ལ་མཚོན་ན། འཛམ་གླིང་སྤྱིའི་ཤེས་ཡོན་གྱི་སྡེ་ཚན་གྱི་ནང་ནས་ཚན་རིག་དང༌། ཆབ་སྲིད། ཁྲིམས་ལུགས། ཁོར་ཡུག དཔལ་འབྱོར། འཕྲོད་བསྟེན། ལོ་རྒྱུས་ལ་སོགས་པ་ཤེས་ཡོན་གྱི་སྡེ་ཚན་ཁག་ནས་རིག་ཚན་བྱེ་བྲག་པར་རིགས་གཅིག་རྐང་འཛིན་གྱི་མཁས་དབང་གསོ་སྐྱོང་བྱེད་དགོས་པ་དང་གཅིག གཉིས་ནས་སེར་མོ་བ་རྣམས་ལ་མཚོན་ན། བོད་ཀྱི་ནང་ཆོས་སློབ་གཉེར་ཁང་ཁག་ཚང་མས་གཞུང་ཆེན་མཚན་ཉིད་རིགས་པའི་གཞུང་ལ་སློབ་གཉེར་གནང་དགོས་པ་དང༌། ཡང་སྒོས་རིས་མེད་གདན་ས་ཁག་ནས་གཞུང་ཆེན་བཀའ་པོད་ལྔ་དང༌། སྔགས་ཀྱི་གཞུང་དང་བཅས་པར་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་དགོས་པ་དང༌གཉིས། དེ་བཞིན་སེར་སྐྱ་གཉིས་ཀའི་ངོས་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནའ་དེང་གི་ཤེས་ཡོན་ཁག་ལ་རིགས་གཅིག་རྐང་འཛིན་གནང་དགོས་པ་དང༌། རིགས་གཅིག་རྐང་འཛིན་པའི་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་བྱེད་དགོས་པའི་ལམ་སྟོན་རིམ་པར་སྩལ་ཡོད།
༩༽ སྔར་འཕགས་བོད་ཀྱི་བྱུང་རབས་ཁྲོད་རྒྱན་དྲུག་མཆོག་གཉིས་ལས་པཎ་གྲུབ་བཅུ་བདུན་ཞེས་མ་གྲགས་ཀྱང་། མགོན་པོ་གང་ཉིད་ནས་དཔལ་ནཱ་ལེནྡྲའི་རིང་ལུགས་ཀྱི་སྐྱེས་མཆོག་གྲངས་ལས་འདས་པ་བྱོན་པའི་ཁྲོད་ནས་ཟབ་རྒྱས་ཀྱི་ཆོས་ཚུལ་ཐད་ཕྱག་རྗེས་ཕུལ་དུ་བྱུང་བའི་པཎ་གྲུབ་བཅུ་བདུན་ཞེས་འབུར་དོད་དུ་གསར་གཏོད་མཛད་དེ་ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༥ ཉིན་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་དང་། པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་གསར་བཞེངས་ཀྱི་ལྗགས་བཀོད་མཛད་དེ་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་འདི་བཞིན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པར་གསལ་སྟོན་མཛད་པས། བོད་བརྒྱུད་ནང་བསྟན་འདི་ཉིད་སངས་རྒྱས་ཀྱི་ཆོས་ལུགས་མིན་པར་བླ་མའི་ཆོས་ལུགས་ཡིན་པར་སྨྲ་བ་པོ་རྣམས་ཀྱི་སྨྲ་ངན་མཐའ་དག་ཚར་བཅད་ནས་དེང་སྐབས་བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ལག་ཡོངས་སུ་ཚང་བ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་ལ། དེ་བཞིན་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཆོས་བརྒྱུད་ཀྱི་འབྱུང་ཁུངས་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ལས་བརྒྱུད་པ་གཅིག་གྱུར་ཡིན་པས། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་སུ་ཕྱེ་ནས་བསྟན་པ་སྤྱི་བཙན་གྱི་གལ་གནད་ལ་གཟིགས་ནས་ཕན་ཚུན་མཐུན་ལམ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་པའི་བླ་མེད་ཀྱི་ལམ་སྟོན་དང་། རླབས་ཆེན་དགོངས་བཞེད་ལྟར་གསར་གཏོད་རིམ་པར་མཛད་ཡོད།
༡༠༽ གཞན་ཡང་དགོན་སྡེ་ཁག་ལ་ཚན་རིག་སློབ་གཉེར་གྱི་སྲོལ་བཟང་གཏོད་པ་སྟེ། དེ་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་རྡོར་གདན་དུ་ནང་ཆོས་ཚན་རིག་བར་བགྲོ་གླེང་གི་དགེ་མཚན་སོགས་ལས་བརྩམས་ཏེ་ལམ་སྟོན་བཀའ་སློབ་ཐོག་མར་སྩལ་བ་ནས་བཟུང་མགོན་པོ་གང་ཉིད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གཞུང་ནས་བྱུང་བའི་ཚན་རིག་དང་། དེང་རབས་ཚན་རིག་བར་ཀུན་ཕན་གྱི་བགྲོ་གླེང་གསར་གཏོད་མཛད་དེ་ཕྱི་ལོ་ ༡༩༨༧ ཟླ་ ༡༠ པར་༸རྒྱལ་བའི་ཕོ་བྲང་དུ་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་དང་པོ་བསྐྱངས་པ་ནས་བཟུང་ད་བར་ལྷན་ཚོགས་ཐེངས་ ༣༣ བར་བསྐྱངས་ཡོད།
དེ་ལྟར་ཆོས་དང་ཚན་རིག་དབར་བགྲོ་གླེང་དང་། གོ་བསྡུར་སོགས་ཀྱི་ལམ་བཟང་ནས་ཕན་ཚུན་སློབ་སྦྱོང་དང༌། ལེགས་ཆ་ལེན་རེས་བྱ་རྒྱུར་ཕན་ཐོགས་རླབས་ཆེན་བྱུང་ཞིང་། དེ་ཡང་ནང་དོན་རིག་པའི་གཞུང་ལུགས་ལྟར་ན། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་སུ་སྐུ་གཉིས་དང༌། ཡང་ན་གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་ཞེས་གསུངས་པ་ལྟར། ནང་པ་དང་ཚན་རིག་པ་གཉིས་ཀ་གཞི་དངོས་པོའི་གནས་ཚུལ་འཚོལ་མཁན་གཅིག་མཚུངས་ཡིན་པས། ཕྱི་ཡི་དངོས་ཁམས་རིག་པ་དང་། ནང་གི་སེམས་ཁམས་རིག་པ་བཅས་ཕྱི་ནང་གི་ཤེས་བྱའི་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ་ཤེས་ཡོན་གྱི་ཆ་ལག་ཡོངས་སུ་ཚང་བ་ཞིག་ཡོང་ཐབས་དང་། ཆོས་ཚན་གཉིས་པོའི་དགོས་དམིགས་གཅིག་མཚུངས་ལྟར་མཉམ་རུབ་ཀྱི་ཐོག་ནས་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ལ་ཕན་ཐོགས་ཞབས་འདེགས་སྒྲུབ་རྒྱུ་བཅས་ཀྱི་རླབས་ཆེན་གྱི་དགོངས་བཞེད་གཉིས་ཀྱི་ཐོག་ནས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་ལ། འདི་དག་ནི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གང་གིས་ཀྱང་མ་བསྐྱངས་པའི་གསར་གཏོད་རང་བཞིན་གྱི་རླབས་ཆེན་གྱི་མཛད་འཕྲིན་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན།
༡༡༽ དེ་བཞིན་བཀའ་བསྟན་གྱི་དགོངས་འགྲེལ་མཛད་ཚུལ་ལ་དམིགས་བསལ་གྱི་གསར་གཏོད་ཅིག་མཛད་ཡོད་པ་ནི། རྒྱལ་བའི་བཀའ་བསྟན་གྱི་བརྗོད་བྱ་ལ་དབྱེ་ན། ནང་ཆོས་ནས་གསུངས་པའི་ཚན་རིག་དང༌། ནང་ཆོས་ནས་གསུངས་པའི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་བཅས་སྡེ་ཚན་གསུམ་དུ་ཕྱེ་གནང་མཛད་ཅིང་། དེའི་དགོས་དམིགས་གོང་ཞུས་གཉིས་གཙོ་བོར་ཡིན་པར་བཀའ་ཕེབས་ཤིང་། དེ་བཞིན་སྡེ་ཚན་གསུམ་དུ་ཕྱེ་བའི་སྡེ་ཚན་དང་པོ་གཉིས་ཆོས་ལུགས་ལ་ངོས་འཛིན་མི་བྱེད་པར་ཚན་རིག་དང་། ཨང་རྩིས་སོགས་དང་འདྲ་བར་ཤེས་ཡོན་གྱི་སྡེ་ཚན་ཞིག་ལ་ངོས་འཛིན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་། ལྷག་པར་ཆོས་ཁས་ལེན་མཁན་རྣམས་སྨོས་མེད་ཐོག ཆོས་ཁས་མི་ལེན་མཁན་དང་། ཡང་སྒོས་ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ནའང་ནང་ཆོས་ནས་གསུངས་པའི་ཚན་རིག་དང་། ནང་ཆོས་ཀྱི་ལྟ་གྲུབ་ཀྱི་སྡེ་ཚན་གཉིས་ལ་སློབ་སྦྱོང་བྱེད་དགོས་པ་དང་། བྱེད་ཐུབ་པ། བྱས་ན་དགེ་མཚན་དང་ཕན་ཐོགས་ཡོད་པའི་ལམ་སྟོན་མཛད་ཡོད།
༡༢༽ དེ་འབྲེལ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་སློབ་དེབ་ཀྱང་ཕྱོགས་སྒྲིག་མཛད་དེ་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་ཕན་ཐོགས་དགེ་མཚན་རླབས་ཆེན་ཞིག་བྱུང་ཡོད་པ་མིག་མཐོང་ལག་ཟིན་ལགས་ཤིང་། འདིའི་ཐོག་ནས་ཀྱང་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་གནས་ཡོང་བ་དང༌། བོད་མིའི་གཟི་བརྗིད་དང་མཚན་སྙན་ཡངས་པའི་འཛམ་བུའི་གླིང་ལ་ཁྱབ་པ། དེའི་ནུས་མཐུ་ལ་བརྟེན་ནས་བོད་དང་བོད་མི། བོད་མིའི་ཆོས་དང་རིག་གཞུང༌། སྐད་དང་ཡི་གེ་སོགས་མི་ནུབ་པར་རྒྱུན་གནས་ཐུབ་ཐབས་ཀྱི་བཞེད་དགོངས་ལྟར་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་འདི་དག་རེ་རེ་ནས་སྔར་མེད་གསར་གཏོད་རང་བཞིན་གྱི་རླབས་ཆེན་གྱི་མཛད་འཕྲིན་ཐུན་མོང་མ་ཡིན་པ་རེ་རེ་ཆགས་ཡོད།
༣༽ ཤེས་ཡོན་ཐད་ཀྱི་དགོངས་གཞི་དང་གསར་གཏོད།
༡༽ དེ་ཡང་མ་འོངས་པའི་སོན་རྩར་གྱུར་པའི་རང་རིགས་ན་གཞོན་རྣམས་འདབ་ཆགས་གཤོག་པ་གཉིས་ལྡན་ལྟར་གནའ་དེང་གི་ཤེས་ཡོན་ཟུང་ལྡན་ཤ་སྟག་ཡོང་སླད་ཤེས་ཡོན་བསྟི་གནས་ཀྱི་སློབ་གྲྭ་ཁག་གསར་འཛུགས་དང་བཅས་ཕྱི་ལོ་ ༡༩༦༡ ཟླ་ ༡༡ ཚེས་ ༢༠ ཉིན་བོད་ཀྱི་ཤེས་རིག་གི་ཉིང་བཅུད་མ་བོར་བའི་བོད་ཀྱི་སློབ་དེབ་གསར་བཟོ་དང་། ༢༽ དེ་བཞིན་སློབ་གཞི་དང་སློབ་ཁྲིད་ཀྱི་ཐབས་ལམ་གསར་གཏོད་ཐད་འཛམ་གླིང་ཐོག་དེང་སྐབས་བྱམས་བརྩེ་དང་དྲང་བདེན། ཡ་རབས་སྤྱོད་བཟང་སོགས་ཀྱིས་ཕོངས་ཤིང་། དེའི་རྒྱུ་རྐྱེན་ཡང་ན་གཞོན་རྣམས་ལ་ཐོག་མར་ཤེས་ཡོན་སློབ་སྦྱོང་སྤྲོད་སྐབས་ཕྱི་ཡི་དངོས་པོ་ཁྲ་ཁྲ་ཟིང་ཟིང་ལས་ནང་སེམས་ཀྱི་རིན་ཐང་དང་། བྱམས་བརྩེ། ཡ་རབས་སྤྱོད་བཟང་སོགས་དང་འབྲེལ་བའི་བརྗོད་བྱར་བྱས་པའི་ནང་དོན་སྐོར་སློབ་དེབ་ནང་མེད་པ་དང་། སློབ་ཁྲིད་བྱེད་སྲོལ་མེད་པ་སོགས་ཀྱིས་ལན་པར་གཟིགས་ནས་སློབ་གྲྭ་ཁག་གི་སློབ་དེབ་ནང་བྱམས་པ་དང་བརྩེ་བ། གཞན་ཕན་དང་བཟོད་སྲན། ཡ་རབས་སྤྱོད་བཟང་སོགས་ཀྱི་སློབ་ཚན་གསར་བཅུག་གི་གསར་གཏོད་གནང་རྒྱུའི་དགོངས་བཞེད་ལྟར་ཕྱག་ལེན་བསྟར་བཞིན་ཡོད།
༣༽ ནང་དོན་རིག་པ་ཙམ་མིན་པར་བོད་ཀྱི་རིག་གནས་ཆུང་བ་ལྔ་དང་། གཞན་ཡང་འཛམ་གླིང་འདིའི་སྟེང་གི་ཚན་རིག་དང༌། ཁྲིམས་ལུགས། རྫས་འགྱུར། དམག་དོན། སྐྱེ་དངོས། དཔལ་འབྱོར། འཕྲོད་བསྟེན། ལོ་རྒྱུས། སྤྱི་ཚོགས་རིག་གནས་ལ་སོགས་པ་ཤེས་ཡོན་གྱི་རིགས་མཐའ་དག་རིགས་ལམ་གྱི་ཐོག་ནས་སློབ་འཁྲིད་གནང་བཞེད་ཀྱིས་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་བྱ་རྒྱུའི་ལམ་སྲོལ་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་གསར་གཏོད་དབུ་བཙུགས་གནང་སྟེ། འཛམ་གླིང་འདིའི་ཤེས་ཡོན་སློབ་ཁྲིད་ཀྱི་ཐབས་ལམ་དང་། ཁ་ཕྱོགས་རྣམ་པ་གསར་རྐྱང་ཞིག་གི་ལམ་དུ་སྣེ་འཁྲིད་མཛད་བཞེད་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཕྱག་ལེན་བསྟར་བ་དང་། བར་སྐབས་ཉམས་གུད་ཕྱིན་པ་བསྐྱར་གསོ་མཛད་ཅིང་། ཐབས་ལམ་འདིའི་ཐོག་ནས་བོད་མིས་འཇིག་རྟེན་ཀུན་ལ་ཕན་ཐོགས་རྒྱ་ཆེ་བསྐྲུན་རྒྱུའི་གོ་སྐབས་དང་། ཆ་རྐྱེན། འོས་འགན་ཡོད་པར་དགོངས་བཞེད་གནང་བཞིན་ཡོད་ལ། འཛམ་གླིང་ཐོག་ཞབས་འདེགས་སྒྲུབ་དགོས་པའི་ལམ་སྟོན་ཡང་མཛད་ཡོད།
༥༽ མགོན་པོ་གང་ཉིད་ནས་ནམ་རྒྱུན་དམ་ཆོས་བདུད་རྩི་དོན་དུ་གཉེར་བའི་རྒྱ་ཆེའི་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྨིན་སྩལ་སྐབས་ཐོག་མར་ནང་ཆོས་ངོ་སྤྲོད་དང་། ནང་ཆོས་ངོ་འཕྲོད་ནས་ཉམས་ལེན་བྱེད་ལུགས་ཀྱི་རིམ་པ་གཉིས་སུ་ཕྱེ་ནས་བཀའ་སྩལ་བར་མ་ཟད། ནང་ཆོས་ངོ་སྤྲོད་གནང་ལུགས་ཐུན་མོང་མ་ཡིན་པ་དང་། དེ་འབྲེལ་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གསར་གཏོད་དང་། ལྷག་པར་སྐྱ་བོ་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་རིགས་ལམ་སློབ་གཉེར་བྱས་ཏེ་རྟགས་གསལ་གྱི་ལམ་ནས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྤྲོས་པ་འདི་དག་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་ཐོག་གསེར་གྱི་ཡིག་འབྲུར་འགོད་འོས་འབའ་ཞིག་ཆགས་ཡོད།
༤༽ བོད་ཀྱི་སྐད་ཡིག་གི་རིན་ཐང་དང་སྲུང་སྐྱོབ།
བོད་ཀྱི་སྐད་ཡིག་གི་ཆ་ནས་བོད་མི་རིགས་འདི་སྤོབས་པ་སྐྱེ་འོས་པའི་མི་རིགས་ཤིག་ཡིན་པ་དང༌། བོད་ཡིག་ལ་མཚོན་ན། འཛམ་གླིང་ཐོག་ཚད་མཐོར་ངོས་འཛིན་བྱེད་བཞིན་པའི་ལེགས་སྦྱར་གྱི་སྐད་ཡིག་དང༌། ཡོ་རོབ་ཁུལ་གྱི་སྐད་ཡིག་དང་འགྲན་ཐུབ་པ། ལྷག་པར་ནང་ཆོས་ཐོག་བོད་ཡིག་གི་རྩལ་ལག་ཡོངས་སུ་རྫོགས་པས་རྩ་འགངས་ཆེ་བ། བོད་ཀྱི་སྐད་ཡིག་འདི་ཉིད་འཛམ་གླིང་འདིའི་ཐོག་གི་སྐད་ཡིག་ཆེས་རྙིང་ཤོས་ཀྱི་གྲས་སུ་ཚུད་པ་ཞིག་ཡིན་སྟབས་དུས་ཡུན་རིང་པོའི་ལོ་རྒྱུས་ཡོད་པ། སྐད་ཡིག་གསོན་པོའི་ཁྲོད་[2]ནས་འཛམ་གླིང་གི་སྤྱི་ནོར་དང༌། བོད་མི་རིགས་ཀྱིས་གཅེས་ནོར། རིག་གཞུང་གི་ཉིང་བཅུད་དུ་གྱུར་པའི་ནང་ཆོས་ཀྱི་བརྗོད་དོན་ཡོངས་སུ་རྫོགས་པ་སྟོན་པ་ལ་བོད་ཡིག་ལས་ལྷག་པའི་སྐད་ཡིག་གཅིག་ཀྱང་མེད་པ། ནང་ཆོས་ལ་མཚོན་ན་སྐད་རིགས་གཞན་གྱི་ཐོག་ཏུ་བསྒྱུར་བ་ལས་བོད་ཡིག་ཐོག་བསྒྱུར་བ་རྣམས་ལྡབ་འགྱུར་གྱི་ལེགས་པ་སོགས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱས་ཏེ་སྦྱོང་སྤྱོད་སྤེལ་གསུམ་མཛད་དགོས་པའི་ལམ་སྟོན་མང་དུ་གནང་ཡོད། དེང་དུས་ཀྱི་ཚན་རིག་དང༌། ཆབ་སྲིད་སོགས་ཀྱི་ཐོག་ཏུ་བོད་ཡིག་བེད་སྤྱོད་མ་བྱུང་བས་ཡར་རྒྱས་འགྲོ་མ་ཐུབ་པས་རྗེས་ལུས་ཐེབས་པ་ལས། སྤྱིར་ཡི་གེ་རང་ངོས་ནས་བཤད་ན་བོད་ཡིག་འདི་ཧ་ཅང་ཚད་མཐོ་པོ་ཡིན་པ། སྐད་ཡིག་གི་ཐོག་ནས་བོད་མིའི་རྣམ་དཔྱོད་མཚོན་པ་སོགས་ཀྱི་ཁྱད་ཡོན་ཡོད་པར་བརྟེན་སྲུང་སྐྱོབ་བྱས་ན་བྱེད་རིན་ཡོད་པ་ཞིག་ཡིན་པའི་ལམ་སྟོན་རིམ་པར་ཕེབས་ཡོད། དེར་བརྟེན་དེང་སྐབས་བོད་མིའི་ཁྲོད་བོད་ཀྱི་སྐད་ཡིག་སྦྱང་འདོད་མེད་པའི་ནད་གཞི་དང༌། སྦྱོང་མཁན་ལྐུགས་པར་བརྩི་བའི་ནད་གཞི། ཤེས་མཁན་རྗེས་ལུས་ཅན་དུ་བརྩི་བའི་ནད་གཞི་འདི་གསུམ་ལས་གྲོལ་ཐུབ་ན་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ཡུན་དུ་གནས་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།
གཉིས་པ། དུས་རབས་དང་མཐུན་པའི་དགོངས་གཞི་དང་གསར་གཏོད།
༡༽ དུས་རབས་ཉི་ཤུ་པ་དེ་འཚེ་བ་དང༌དམག་འཁྲུག་ཁོ་ནའི་ངང་དུ་འདས་པ་དང༌། དུས་རབས་ཉེར་གཅིག་པ་འདི་ཉིད་གྲོས་མོལ་གྱི་དུས་རབས་ཤིག་དང༌། ཞི་བདེ་ལྷིང་འཇགས་ཀྱི་དུས་རབས་ཤིག་ཏུ་བསྐྲུན་དགོས། དེར་བརྟེན་འཛམ་གླིང་གི་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པའི་དགོངས་བཞེད་དང༌ལམ་སྟོན་རིམ་པར་མཛད་ཡོད།
༢༽ གཞན་ཡང་རང་ཅག་ནང་པ་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་དང༌། ནང་པ་ཤེས་ཡོན་ཅན་ཞིག་བྱེད་དགོས་ཞེས་ལམ་སྟོན་གྱི་བཀའ་སློབ་ལན་མང་ཕེབས་གསལ། དེ་ཡང་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པ་ནི། བོད་པར་མཚོན་ན་༸རྒྱལ་བའི་བཀའ་བསྟན་རྣམས་སློབ་དེབ་ཏུ་ངོས་འཛིན་གྱིས་ཐོས་བསམ་སློབ་སྦྱོང་བྱས་ཏེ་དབང་རྟུལ་དད་པའི་རྗེས་འབྲང་མ་ཡིན་པར་དབང་རྣོན་གྱི་ཆོས་ཀྱི་རྗེས་འབྲང་པའི་ནང་པ་ཞིག་དང་། ཤེས་ནས་དད་པ་ཐོབ་པའི་ནང་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་གྱི་བཀའ་སློབ་གལ་ཆེ་ལན་མང་ཕེབས་ཡོད། དེ་འབྲེལ་གྱི་བཀའ་བསྟན་གྱི་སྙིང་དོན་ཟུར་དུ་བཏོན་ནས་སློབ་དེབ་ཕྱོགས་སྒྲིག་བྱེད་དགོས་པའི་ལམ་སྟོན་ཡང་གནང་ཡོད།
༣༽ ལྷག་པར་མཁས་བཙུན་བཟང་གསུམ་ཞེས་པ་སྔར་བླ་མ་སྐྱེས་ཆེན་དམ་པའི་མཚན་ཉིད་ལྟ་བུར་མ་བཞག་པར་བོད་མི་ཚང་མ་མཁས་བཙུན་བཟང་གསུམ་འཛོམས་པ་ཤ་སྟག་ཡོང་ཐབས་ལ་འབད་བརྩོན་ཞུ་དགོས་པ་དང༌། སྐྱ་བོ་ཕོ་མོ་རྒན་གཞོན་དབྱེར་མེད་ཀྱིས་ནང་ཆོས་ཀྱི་གཞུང་ལ་སློབ་གཉེར་བྱེད་དགོས་པ། ལྷག་པར་བོད་ཀྱི་མ་འོངས་པའི་སོན་རྩར་གྱུར་པའི་བོད་ཕྲུག་རྣམས་ནས་ཕྱི་ཡི་འཛུགས་སྐྲུན་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་འཛམ་གླིང་གི་སྤྱི་ནོར་དང༌། བོད་མི་རིགས་ཀྱི་གཅེས་ནོར། རིག་གཞུང་གི་ཉིང་བཅུད་དུ་གྱུར་པའི་བོད་ཀྱི་ཆོས་དང་རིག་གཞུང་སོགས་སྲོལ་རྒྱུན་གྱི་ཤེས་ཡོན་སློབ་སྦྱོང་དང༌། དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་བཅས་འདབ་གཤོག་གཉིས་ལྡན་ལྟར་གནའ་དེང་གི་ཤེས་ཡོན་གཉིས་ལྡན་ཡོང་ཐབས་ལ་ཐོས་བསམ་སློབ་གཉེར་བྱས་ཏེ། ཤེས་ཡོན་ཅན་གྱིས་ཕྱུག་པའི་བོད་ཕྲུག་ཤ་སྟག་ཐོན་དགོས་པ། བོད་མིའི་ཐུན་མོང་མ་ཡིན་པའི་བྱམས་བརྩེ་དང་། ཡ་རབས་ཀྱི་སྲོལ་བཟང་མ་ཉམས་པ་ཞིག་དང༌། མ་འོངས་པའི་བོད་ཕྲུག་རྣམས་ཡ་རབས་སྤྱོད་བཟང་ལྡན་ཞིང༌། བོད་མིའི་དྲི་མ་མ་ཡལ་བའི་བོད་ཕྲུག་ཤ་སྟག་འབྱུང་ཐབས། ལྷག་པར་བོད་ཀྱི་མི་རབས་གསར་པའི་འགན་བབ་གཙོ་བོ་ནི། ཤེས་ཡོན་དང་བཟང་སྤྱོད་ལྡན་པའི་མི་རིགས་དང༌། ཤེས་ཡོན་དང་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་དགོངས་བཞེད་སོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་དེང་རབས་དང་མཐུན་པའི་དགོངས་བཞེད་དང་། དུས་བསྟུན་ལམ་སྟོན་གྱི་བཀའ་སློབ་ལྕི་ནན་ཡང་ཡང་ཕེབས་ཡོད་ཀྱང༌། དོན་དངོས་ལག་ལེན་ཐོག་ལོ་ངོ་ལྔ་བཅུ་རིང་འཐུས་ཤོར་ཕྱིན་ཡོད།
༤༽ དགོན་སྡེའི་མ་འོངས་པའི་རྣམ་པ་ཇི་ལྟ་བུ་ཞིག་དགོས་པའི་དགོངས་གཞི་ནི། མགོན་པོ་གང་ཉིད་ནས་བོད་གཞིས་བྱེས་གཉིས་དང༌། འཛམ་གླིང་གང་སར་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཁག་ཀྱང་སྔར་གྱི་ལམ་དང་ལུགས་སྲོལ་གྱི་དབང་དུ་མ་སོང་བར་དེང་དུས་ལ་ཁ་ཕྱོགས་དགོས་པ་དང༌། མ་འོངས་པར་ཁ་ཕྱོགས་དགོས་པ། རྒྱལ་སྤྱི་དང་འཛམ་གླིང་ལ་ཁ་ཕྱོགས་དགོས་པ། ལྷག་པར་ད་ཡོད་ཀྱི་བྱེད་སྒོ་ཁག་གི་བློ་ཡིད་འཚིམ་ནས་མ་བསྡད་པར་དུས་བསྟུན་ལེགས་བཅོས་དང་མདུན་བསྐྱོད་བྱེད་དགོས་པ་དང༌། གསར་གཏོད་རང་བཞིན་གྱི་འཆར་གཞི་བཏིང་དགོས་པ་སོགས་ཀྱི་གལ་ཆེའི་ལམ་སྟོན་བཀའ་སློབ་མང་པོ་ཞིག་ཕེབས་ཡོད།
༥༽ དེ་དང་མཚུངས་པར་གདན་ས་ཁག་ནས་ཚན་རིག་ལ་སློབ་སྦྱོང་བྱེད་དགོས་པ་དང༌། གདན་ས་ཁག་རང་ངོས་ནས་ཚན་རིག་གི་དགེ་རྒན་གསོ་སྐྱོང་བྱེད་དགོས་པ། གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་གནང་བ་དང་ཆབས་ཅིག་སེམས་རྒྱུད་ཆོས་དང་འདྲེས་དགོས་པ། ཐོས་བསམ་སྒོམ་གསུམ་ཡ་བྲལ་དུ་མ་སོང་བ་ཞིག་བྱེད་དགོས་པ། ཡང་སྒོས་ས་བཅུ་ལམ་ལྔ་སོགས་གསུང་རབ་གླེགས་བམ་གྱི་ཐོག་ཏུ་ལུས་པ་ལྟ་བུ་མ་ཡིན་པར་གང་ཟག་གི་ཐོག་ཏུ་དཔེ་མཚོན་མཛུབ་མོ་འཛུགས་རྒྱུ་ཡོད་པ་ཞིག་དགོས་པའི་ལམ་སྟོན་མཛད་ཡོད།
༦༽ གཞན་ཡང་མ་འོངས་པར་དགོན་སྡེ་ཡོངས་རྫོགས་ཆེས་མཐོའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་བསྒྱུར་ཐབས་དང༌། དེ་ཡང་འཛམ་གླིང་འདིའི་སྟེང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་ངོས་འཛིན་ཐུབ་ཐབས་དང༌། དབུ་ཕར་རབ་འབྱམས་པ་དང༌། དགེ་བཤེས་ཀྱི་མཚན་གནས་ཕྱག་ཁྱེར་རྣམས་ཀྱང་འཛམ་གླིང་འདིའི་ཐོག་གི་ད་ཡོད་ཆེས་མཐོའི་གཙུག་ལག་སློབ་ཐོན་པའི་ལག་ཁྱེར་ལྟར་ངོས་འཛིན་ཐུབ་པ་ཞིག་བྱེད་དགོས་པའི་དགོངས་བཞེད་ལྟར་ལམ་སྟོན་གྱི་བཀའ་སློབ་སྔ་ཕྱིར་སྩལ་ཡོད། ཡང་སྒོས་དགོན་སྡེ་ཁག་ཤེས་ཡོན་གྱི་ལྟེ་གནས་ཤིག་ཏུ་བསྐྲུན་དགོས་པ་དང༌། དགོན་སྡེ་ཞེས་བརྗོད་མ་ཐག་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ལྟར་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་པའི་ངོས་འཛིན་དང་ཚོར་སྣང་སླེབས་ཐུབ་པ་ཞིག་བཟོ་སྐྲུན་དང་། མང་ཚོགས་རྣམས་ནས་ཀྱང་དབུ་ཕར་གྱི་གཞུང་དང༌། ཚད་མ། མཛོད་སོགས་ཀྱི་ཐོག་ནས་བགྲོ་གླེང་དང༌། སློབ་གཉེར་མཐར་ཕྱིན་པ་གནང་སྟེ་ཤེས་ནས་དད་པ་ཐོབ་པ་ཞིག་དང༌། རྒྱལ་བསྟན་སྐྱ་སེར་གཉིས་ཀས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པའི་དགོངས་བཞེད་དང་ལམ་སྟོན་གནང་ཡོད། མདོར་ན་༸གོང་ས་༸སྐྱབས་མགོན་མཆོག་གི་རྒྱ་ཆེ་ལ་གཏིང་ཟབ་པའི་ཤེས་ཡོན་གྱི་ལྟ་གྲུབ་དང༌། གཟིགས་རྒྱང་རིང་བའི་ལམ་སྟོན་དག་གི་སྙིང་དོན་ནི་རང་རེའི་མི་རིགས་འདི་ཤེས་ཡོན་གྱི་ཕྱོགས་ནས་ཤེས་རྟོགས་དང༌། ལག་ལེན་གྱི་ཐོག་ནས་གནས་རིམ་གསར་པ་ཞིག་ཏུ་བསྐྱོད་དགོས་པའི་ལམ་སྟོན་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད།
གསུམ་པ། མཐའ་བསྡོམས།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་མཚོན་ན། འཛམ་གླིང་ཁྱོན་ཡོངས་ལ་སྤྱི་སེམས་སྤེལ་བའི་མཛད་བཟང་དང་། འཇིག་རྟེན་ཁྱོན་ཡོངས་ལ་འཚེ་མེད་ཞི་བདེ་སྤེལ་བ། ཆོལ་གསུམ་བོད་མིའི་ནུས་པ་གཅིག་ཏུ་བསྒྲིལ་བའི་རླབས་ཆེན་གྱི་དགོངས་བཞེད་དང་མཛད་འཕྲིན་སོགས་ཀྱིས་འཛམ་གླིང་ཡོངས་རྫོགས་བཟང་ཕྱོགས་སུ་འཁྲིད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་ལ་ཞི་བདེ་ཁྱབ་སྤེལ་གྱི་མཛད་བཟང་ནི། གཞན་འགྲན་མེད་པའི་མཛད་ཆེན་ཞིག་ཏུ་ངོས་འཛིན་ཆོག་པ་ཞིག་ཡིན། མཛད་ཆེན་འདི་ཉིད་སྐྱོང་བའི་ཐབས་ཚུལ་གཙོ་བོ་ནི། གཞན་དོན་ཁུར་དུ་ལེན་པའི་སྤྱི་སེམས་དང་། བྱམས་བརྩེ་སོགས་ནང་གི་ཡོན་ཏན་དང་། ཆོས་དང་མ་འབྲེལ་བའི་སྒོ་ནས་བཟང་སྤྱོད། འཚེ་བ་མེད་པའི་ལས་འགུལ་སྤེལ་ཐབས། ཆོས་ལུགས་མཐུན་སྒྲིལ་ཐོག་མཉམ་གནས། དྲག་པོའི་གོ་མཚོན་བཀག་སྡོམ་དང་ཉུང་འཕྲི། ལྐོག་ཟ་རུལ་སུངས་བཀག་སྡོམ། འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་སོགས་ཀྱི་དགེ་མཚན་རྒྱ་ཁྱབ་ཏུ་གསུངས་ཤིང་། ལག་ལེན་དངོས་ལ་ཁྲིད་པར་མཛད་པས་འཛམ་གླིང་མིང་མང་གི་སེམས་ཀྱི་དབུ་ཁྲིད་ཨང་དང་པོ་དང་། འཛམ་གླིང་སའི་གོ་ལའི་ཕུལ་བྱུང་གི་དབུ་ཁྲིད་ཨང་དང་གཉིས་སོགས་སུ་བདམས་ཏེ་འཇིག་རྟེན་ཡོངས་ཀྱི་བྱམས་བརྩེ་དང་། ཞི་བདེའི་དེད་དཔོན་གཅིག་པུར་མངའ་གསོལ་བརྩི་བཀུར་ཞུས་ཡོད།
དེ་ལྟར་བླ་མེད་ཀྱི་དགོངས་གཞི་དང་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་སླད་ཕྱི་ལོ་ ༡༩༥༤ ནས་ ༢༠༡༧ བར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༦༤ ནང་ཐེངས་ ༤༨༥ ལྷག་ཙམ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་དང་། ཀུན་ཁྱབ་འགན་འཁུར། དམ་ཆོས་བདུད་རྩིའི་དབང་ལུང་མན་ངག་གི་རྒྱུན་དང་། འཆད་ཁྲིད་ཀྱི་མཚོན་ནུབ་ཕྱོགས་ཡར་ཐོན་སྟོབས་ཆེན་རྒྱལ་ཁབ་ཀྱི་ཆེས་མཐོའི་དཔོན་རིགས་དང་། རིག་ཚན་སྣ་ཚོགས་པའི་མཁས་དབང་། ཆོས་ལུགས་ཁག་གི་བླ་ཆེན་དབུ་ཁྲིད། སྒྱུ་རྩལ་མཁས་ཅན་སོགས་རྒྱལ་སྤྱིའི་ཐོག་མཚན་སྙན་ཤིན་ཏུ་ཆེ་བའི་མི་སྣ་ཁག་ ༥༠༠ ལྷག་མཇལ་འཕྲད་གནང་སྟེ། གསང་གསུམ་གྱི་མཛད་པ་མཐའ་ཡས་ལ་མུ་མེད་པ་དང་། རྒྱ་ཆེ་ལ་གཏིང་ཟབ་པ། སྐྱེ་བོ་ཕལ་པའི་བློ་ཡི་ར་བ་ལས་བརྒལ་བའི་མཛད་འཕྲིན་བསྐྱངས་ཏེ་འཛམ་གླིང་འདིའི་ནང་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་དབུ་ཁྲིད་ཨང་དང་པོ་དང་གཉིས་པར་བདམས་ཐོན་བྱུང་ཡོད་པར་མ་ཟད། འཛམ་གླིང་གི་ཡུལ་གྲུ་གང་ས་ནས་༸གོང་ས་མཆོག་གི་མཛད་འཕྲིན་ལས་བསྔགས་བརྗོད་དང་། ཆེ་མཐོང་། གུས་བཀུར་ཆེན་པོས་སྙན་གྲགས་ཅན་གྱི་གཟེངས་རྟགས་དང་ཕྱག་ཁྱེར་གྲངས་ ༡༦༠ ལྷག་འབུལ་བཞེས་མཛད་ཡོད།
དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་པ་ནི། ༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་མཐའ་དག་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཆེས་ལྷག་པ་དང་། ལྷག་པར་དུ་སྲིད་ཕྱོགས་ཀྱི་མཛད་འཕྲིན་ནི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་མཛད་པ་མཐའ་དག་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ལྡབ་འགྱུར་གྱི་ཆེས་ཆེར་བརྒལ་ཏེ་གང་གི་གདུལ་བྱ་བོད་འབངས་གངས་ཅན་པ་རྣམས་སྨོས་ཅི། འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་འབུམ་ཕྲག་དུ་མ་མགོན་པོ་གང་གི་གདུལ་བྱར་གྱུར་ཅིང་། འཇིག་རྟེན་འདིའི་སྐྱེ་རྒུ་མཐའ་དག་གིས་གཙུག་ཏུ་བཀུར་བའི་ཞི་བདེའི་དེད་དཔོན་ཆེན་པོ་ཉག་གཅིག་ཏུ་གྱུར་པ་གཟུར་གནས་ཀུན་གྱིས་མངོན་སུམ་སུ་མཇལ་བཞིན་པ་འདི་ཉིད་ཡིན།
མདོར་ན་འཛམ་གླིང་འདིའི་ཐོག་ཆོས་སྲིད་གཉིས་ཐད་ནས་སྙན་གྲགས་ཅན་གྱི་དབུ་ཁྲིད་གྲངས་ལས་འདས་པ་བྱུང་ཡོད་ཀྱང་། འཛམ་གླིང་སྤྱི་ཡོངས་ལ་ཞལ་ཕྱོགས་ཏེ་གཞན་ཕན་དང་གསར་གཏོད་རང་བཞིན་གྱི་ཐབས་ཚུལ་སྣ་ཚོགས་ཀྱི་ཐོག་ནས་ཡངས་པའི་འཛམ་བུའི་གླིང་ལ་དངོས་སུ་ཞི་བདེའི་དཔལ་ཡོན་གྱི་འཕྲིན་ལས་སྤེལ་བ་ནི་༸གོང་ས་མཆོག་ཁོ་ན་ཡིན་པ་བྱུང་རབས་ལོ་རྒྱུས་དང་། དངོས་ཡོད་གནས་ཚུལ་ལས་ར་འཕྲོད་གསལ་རྟོགས་ཐུབ་པ་ཞིག་ཡིན། དེ་ཡང་ཆོས་ཕྱོགས་ནས་བཤད་ན། འཇིག་རྟེན་གྱི་ཁམས་འདིར་ཆོས་ལུགས་ཀྱི་སྲོལ་བཟང་གཏོད་པའི་སྟོན་པ་ཆེན་པོ་མང་དུ་བྱོན་ཡོད་ཀྱང་། ཐུན་མོང་གདུལ་བྱའི་སྣང་ཚོད་ལྟར་ན། སྐུ་ཚེའི་ནང་རྒྱལ་ཁབ་དང་། ཡུལ་ལུང་བྱེ་བྲག་པ་དེ་དང་དེའི་རྗེས་འཇུག་གདུལ་བྱ་ཙམ་གྱི་འགྲོ་དོན་མཛད་པ་ལས། འཛམ་གླིང་ཡོངས་ཁྱབ་རང་བཞིན་དུ་གྱུར་པའི་བྱུང་རབས་ལོ་རྒྱུས་མེད།
དེ་བཞིན་སྲིད་ཕྱོགས་ནས་སྤྱི་ཚོགས་ལེགས་ལམ་དུ་འཁྲིད་པའི་དབུ་ཁྲིད་སྙན་གྲགས་ཅན་མང་དུ་བྱུང་ཡོད་ཀྱང་། དེ་དག་གིས་ཀྱང་ཡུལ་ལུང་བྱེ་བྲག་པ་དང་། མི་རིགས་ཕྱོགས་རེ་བའི་བདེ་དོན་བསྒྲུབས་པ་ལས། རྒྱལ་ཡོངས་རང་བཞིན་དུ་གྱུར་ཐུབ་མེད་པས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་བཟང་རྣམས་འཛམ་གླིང་ཐོག་ཡོངས་ཁྱབ་རང་བཞིན་དུ་གྱུར་པ་དང་། འགྲོ་བ་རྣམས་ཀྱི་བསམ་པའི་དབུ་ཁྲིད་དང་། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་ཞེས་ཆེ་བསྟོད་མཛད་པ་རྣམས་དོན་ལ་གནས་པ་ཁོ་ནའོ། །རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༩ ལ།། །།
[1] ལོ་རྒྱུས་ལ་ལར་ ༡༩༥༤ ལོར་གསར་འཛུགས་ཞེས་གསལ།
[2] འཛམ་གླིང་འདིའི་ཐོག་གནས་པའི་སྐད་རིགས་ ༦༠༠༠ ལྷག་ཡོད་ཀྱང༌། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་སྐད་རིགས་ ༣༠༠༠ ལས་མེད། འདི་ལྟར་སྐད་རིགས་མང་པོ་ཞིག་རྒུད་པའི་གཡང་དུ་ཕྱོགས་པའི་ཉེན་ཚབས་རང་བཞིན་གྱི་གནས་སྟངས་ཤིག་གིས་ཀུན་ནས་བསླངས་ཏེ་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་ཚན་རིག་ཚོགས་པས་སྐད་རིགས་ཡལ་བའི་མྱུར་ཚད་ལ་སྔོན་དཔག་བྱས་པ་ལྟར་ན་ཆ་སྙོམས་ཟླ་བ་རེར་སྐད་རིགས་གཉིས་རེ་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པར་གསལ་བཤད་བྱས་ཡོད།