༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་དགེ་ལྡན་བསྟན་ལ་བཀའ་དྲིན་ཆེ་བ།

༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་དགེ་ལྡན་བསྟན་ལ་བཀའ་དྲིན་ཆེ་བ།

དགེ་ལྡན་བསྟན་ལ་བཀའ་དྲིན་ཆེ་བ།

རི་བོ་དགེ་ལྡན་པའི་བསྟན་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྲོལ་གཏོད་ཅིང་། དེ་ཡང་རྗེ་ཉིད་མདོ་སྨད་ཙོང་ཁའི་ཡུལ་ནས་དབུས་གཙང་ཆོས་ཀྱི་ཞིང་སར་ཞབས་སོར་འཁོད། དབུས་གཙང་གི་མཁས་གྲུབ་གཉིས་ལྡན་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་ཆོས་བཀའ་གསན་བཞེས་ཀྱི་སློབ་གཉེར་ལེགས་མཐར་སོན་མཚམས་བཀའ་གདམས་གསར་མའི་གྲུབ་མཐའི་སྲོལ་གཏོད་ཅིང་གདན་ས་ཕྱག་བཏབ་མཛད་པ་ནས་རིམ་པས་དར་རྒྱས་གོང་འཕེལ་དུ་ཕྱིན་པ་ཡིན། རྗེ་བླ་མ་འདི་ཉིད་ཀྱིས་དབུས་གཙང་ཡུལ་དུ་ཆོས་འཁོར་བསྐོར་བའི་དུས་སྐབས་ནི་ཕག་གྲུས་ལུགས་གཉིས་སྐྱོང་བའི་དུས་སྐབས་སུ་སོང་གཤིས་སྒྲུབ་བརྒྱུད་བསྟན་པའི་དར་ཆེན་ཕྱོགས་མཐར་གཡོ་བཞིན་ཡོད། ཕག་གྲུའི་གོང་མ་རིམ་པས་རྗེ་ཉིད་ལ་མཐོང་ཆེན་བཀུར་བཟོས་ཆེ་བས་དགེ་ལྡན་ལུགས་བཟང་འདི་ཉིད་གཞི་བརྟན་ཚུགས་ཐུབ་པ་བྱུང་། རྗེ་ཉིད་ཀྱི་དངོས་སློབ་ཚོས་གདན་ས་ཕྱག་བཏབ་པ་སོགས་དགེ་ལྡན་བསྟན་པའི་ཉི་གཞོན་རིམ་གྱིས་འཆར་བས་རིམ་གཙང་གཞུང་འཛིན་སོ་སོའི་སྤྱན་ལམ་དུ་འཇུག་པོ་མ་བྱུང་བས་གང་ཅིར་དོགས་ཟོན་དམ་དོན་གནང་བར་མ་ཟད། ཕན་ཚུན་རྩོད་རེས་ཀྱི་སྐབས་ཀྱང་བྱུང་སྟེ་རྗེའི་མཛད་ཆེན་གསུམ་གྱི་ཡ་གྱལ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡང་ཚུགས་མ་ཐུབ་པར་ལོ་འགའ་ཤས་ལུས་པ་སོགས་བསྟན་པ་ཉག་ཕྲའི་གནས་སུ་ལྷུང་། རྗེའི་དངོས་སློབ་༸རྒྱལ་མཆོག་དགེ་འདུན་གྲུབ་པའི་སྐུ་ཕྲེང་གསུམ་པ་༸རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཏེ་སོག་པོ་ཨ་ཐན་རྒྱལ་པོ་དང་མཆོད་ཡོན་འབྲེལ། སྐུ་ཕྲེང་བཞི་པ་༸རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོར་འཁྲུངས་པ་སོགས་སོག་ཡུལ་དང་དགེ་ལྡན་བསྟན་པའི་བར་ཆོས་སྲིད་ཀྱི་དྲ་བ་མང་པོ་འབྲེལ་བར་བརྟེན་འབྲས་སྤུངས་དགའ་ལྡན་ཕོ་བྲང་པས་སོག་པོའི་རྒྱབ་དཔུང་ལ་བརྟེན་ནས་གཞུང་སྲིད་བདག་གིར་བཞེས། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོས་ལུགས་གཉིས་ཀྱི་མངའ་དབང་བསྐྱངས་པ་དང་ས་སྐྱ་དང་བཀའ་བརྒྱུད་ཀྱི་གྲུབ་མཐར་ཡོ་འཁྱོམ་ཆེན་པོ་བྱུང་ཡང་། དུས་དེ་ནས་བཟུང་དགེ་ལྡན་བསྟན་པའི་རྒྱལ་མཚན་ཕྱོགས་ནས་ཕྱོགས་སུ་གཡོ་བའི་གཞི་ལེགས་པར་ཚུགས། གནམ་བསྐོས་དགའ་བ་བརྒྱ་ལྡན་གྱི་གཞུང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གཞུང་ས་འདི་བཞིན་དགེ་ལྡན་བསྟན་པའི་མཆོད་སྦྱིན་གྱི་མངའ་བདག་སུ་གྱུར་བའི་བཀའ་དྲིན་ལས་དགའ་ལྡན་སུམ་སྟོང་སུམ་བརྒྱ། སེ་ར་ལྔ་སྟོང་ལྔ་བརྒྱ། འབྲས་སྤུངས་བདུན་སྟོང་བདུན་བརྒྱ་སོགས་འདུས་ཚོགས་ཆེ་བའི་སྐད་པོ་ཆེས་ཁྱབ་ཅིང་། ཁ་ཞག་སྐུ་བསོད་འཕེལ་བ་བྱུང་བ་འདི་ཡང་༸རྒྱལ་མཆོག་སྐུ་ཕྲེང་རིམ་པ་དང་བླ་བྲང་འདི་ཉིད་ཉག་གཅིག་གི་བཀའ་དྲིན་ཡིན་པས་ཆུ་ཐོན་ཟམ་པའི་དཔེ་ཟླར་མ་སོང་བ་དགོས་གལ་ཆེའོ།།

འཇམ་དཔལ་དབྱངས་དངོས་འཇམ་མགོན་བླ་མ་ཡིས།།

དགེ་ལྡན་ལུགས་བཟང་དགེ་བའི་བསྟན་པ་བཙུགས།།

གནམ་བསྐོས་དགའ་བའི་གཞུང་སས་གནམ་འོག་ཏུ།།

ལུགས་འདིའི་ཆོས་སྲིད་རྒྱ་མཚོའི་ཕ་མཐར་སྤྲོས།།

 

དུས་འགྱུར་དབང་གིས་༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོས་དབུས་གཞུང་འབངས་ཉུང་ཤས་དགོས་དབང་བཙན་བྱོལ་དུ་ཕེབས་རྗེས། སྐྱབས་བཅོལ་གྱི་གནས་བབས་གང་ཅིར་འཁོད་ཞན་དུ་མཆིས་ཀྱང་། ཐོག་མར་གདན་ས་གསུམ་གྱི་འདུས་ཚོགས་སྦག་ས་ཆོས་སྒར་དུ་སློབ་གཉེར་དབུ་ཚུགས་ཀྱིས་བསྟན་པ་སླར་གསོ་གནང་བ་དང་། རིམ་བཞིན་ལྷོ་གཞིས་ཁག་ཏུ་གདན་ས་གྲྭ་ཚང་ཁག་འཛུགས་སྐྲུན་རྒྱ་སྐྱེད་བསྟན་པ་བཤད་སྒྲུབ་ཀྱིས་སྐྱོང་བའི་འཆད་ཉན་དར་སྤེལ་བཏང་། འཇམ་མགོན་བླ་བ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་ཞལ་སྔ་ནས་ཀྱི་བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བའི་ཁུར་ཆེན་བདག་གིེར་བཞེས་ཏེ་ཡབ་སྲས་རྒྱུད་པར་བཅས་པའི་ཟབ་ཁྱད་ཀྱི་དབང་ལུང་ཁྲིད་གསུམ་གྱི་རྒྱུད་པ་བར་མ་ཆད་པར་བུམ་པ་གང་བྱོའི་ཚུལ་དུ་རྒྱུན་འཛིན་དར་སྤེལ་གནང་། རྗེ་ཡབ་སྲས་ཀྱི་མཐུན་མིན་དབུ་མའི་ལྟ་བའི་ཟབ་གནད་ཀྱི་བཀའ་ཁྲིད་བཀའ་དྲིན་ས་ཕྱོགས་གང་སར་བསྐྱངས་པས་གང་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་པའི་མཚན་སྙན་འདི་བཞིན་དོན་ཐོག་ནས་གདུལ་བྱ་མཆོག་དམན་ཚང་མའི་བློ་ངོར་ངེས་ཤེས་དྲངས་སོ།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ཟབ་པ་དང་རྒྱ་ཆེ་བའི་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་བྱ་སའི་ལྟེ་གནས་ཁག་འགའ་རེས་ཐོབ་དཀོན་པའི་སྙན་རྒྱུད་ཀྱི་གདམ་ངག་དུ་ཁས་ཆེ་བ་གླེགས་བམ་ཐུང་ཐུང་དེ་འདྲ་འཆད་སྤེལ་བྱས་ཏེ་སྒྲུབ་ཐབས་སོགས་ཆག་མེད་འདོན་དགོས་དང་། རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ཞེས་པའི་དམ་ཉམས་རྩོད་ཅན་དེ་འདྲར་འཇམ་མགོན་བླ་མའི་བསྟན་སྲུང་གི་མིང་བཏགས། འཕྲིན་ལས་མྱུར་བའི་ཆེ་བ་བརྗོད་དེ་སྲོག་གཏད་གནང་ནས་ཉིན་གསོལ་ཟླ་གསོལ་ཆགས་མེད་དགོས་གལ་ནན་ཆེར་བཤད་པས། སློབ་གཉེར་བ་མང་པོ་ཤག་ཚང་དང་ཁང་ཚན་སོགས་གང་སར་ཚོགས་ཏེ་རྔ་བརྡུང་དྲིལ་བཀྲོལ་གྱིས་གཡེངས་ཏེ་སློབ་གཉེར་ཞེ་ལྷོད་དུ་སོང་། རྗེ་གུང་ཐང་པས། དེང་དུས་ཡབ་རྗེའི་སྲོལ་བཟང་ཡང་། །སྙིགས་མ་མུན་པའི་རྡུལ་གྱིས་ཁེབས། །ལྟར་སྣང་གཤེས་གཉེན་དུ་མ་ཡིས། །སྐྱེ་བོ་ཉམ་ངའི་གཡང་དུ་ཁྲིད། །ཀྱེཧུད་དགེ་ལྡན་བསྟན་པ་འདི། །དཔལ་དང་འབྱོར་བས་རབ་རྒྱས་ཀྱང་། །བཤད་དང་སྒྲུབ་པས་ཆེས་ཕྲ་བ། །བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། །ཞེས་པའི་དགོངས་དོན་མངོན་འགྱུར་བྱུང་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དམ་པ་མང་པོ་དང་། གདན་ས་ཁག་གི་མཁན་བླ་ལས་སྣེ་སོགས་ནས་༸གོང་ས་བཅུ་གསུམ་པ་ཆེན་པོར་གསེར་སྙན་ཡང་ཡང་སྒྲོན། མགོན་པོ་གང་གིས་འཇམ་མགོན་བསྟན་པའི་ཟབ་ཁྱད་ཀྱི་གོ་ས་འཆོལ་ཉེན་དུ་གཟིགས་ཏེ་དམ་ཉམས་ལྷ་འདྲེའི་ཆེ་བ་བསྒྲགས་ཏེ་གསོལ་མཆོད་བྱེད་པའི་རིགས་ལ་དམ་བསྒྲགས་ཤུགས་ཆེ་གནང་ཡང་། མགོན་པོ་མཆོག་དགོངས་པ་མྱ་ངན་ལས་འདས་པར་འདྲེ་ངན་དམ་ཉམས་དང་དེ་ཁོག་ཞུགས་པ་ཉུང་ཤས་ནས་དགའ་སྐྱིད་གར་འཁྲབ་བྱས་ཏེ་བསྟན་པ་ཟང་ཟིང་དུ་བཏང། བཙན་བྱོལ་དུ་བསླེབས་རྗེས་སྦག་ས་དང་། གཞིས་ཆགས་གདན་ས་གྲྭ་ཚང་ནང་དུ་དེའི་ཤུལ་སྐྱར་དར་ལྟ་བུ་རུབ་ཚོགས་རྔ་བརྡུངས་ཀྱི་ལས་ལ་བྲེལ་འགོ་ཚུགས་པ་དང་ཚོགས་པ་ཇེ་མང་དུ་སོང་བ་སོགས་ང་དགེ་ལུགས་པའི་དམ་སྲི་ཡིན་ཞེས་རང་ངོ་རང་སྤྲོད་བྱས་པའི་དམ་ཉམས་དེ་དང་འབྲེལ་བའི་ལས་ཚོགས་ཇེ་འཕེལ་དུ་སོང་། རང་ཡུལ་རང་ལག་ཏུ་མེད་པར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐྱ་སེར་ཐམས་ཅད་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་གལ་ཆེ་ཡང་རང་བསྟོད་ཆོས་ལུགས་གྲུབ་མཐའི་ཞེ་ཁོན་ཆེན་པོ་རྩོད་པ་སོགས་དགྲ་དགའ་གཉེན་སྡུག་གི་གཞི་མར་གྱུར།འཇམ་མགོན་བླ་མའི་བསྟན་པ་དྲི་མ་མེད་པ་འདིའི་དབུ་འཕང་ཤིན་ཏུ་སྨད་པའི་ལས་ཚབས་ཆེ་བ་བྱུང་། ༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་ནས་ཉེས་ཚོགས་དེ་དག་ལ་ཕྱོགས་ཆ་ཐམས་ཅད་ནས་དགོངས་དཔྱད་ཞིབ་གཟིགས་གནང་སྟེ་༸གོང་ས་ལྔ་པ་ཆེན་པོས་རྒྱུ་དང་། ངོ་བོ། བྱེད་ལས་བཅས་གང་ཡིན་གསལ་བཏོན་གནང་བའི་དམ་ཉམས་དེ་བཞིན་བསྟེན་གསོལ་བྱས་ན་རྒྱལ་བསྟན་སྤྱི་དང་། ལྷག་པར་དགེ་ལྡན་བསྟན་པའི་རྨ་འབྱིན་ཆེན་པོར་གཟིགས་ཏེ་ལམ་འཛོལ་མི་འབྱུང་བའི་ཆེད་སེར་སྐྱ་སྤྱི་ལ་ལམ་སྟོན་དྲང་བཤད་གནང་བར་མ་ཟད། རྗེ་བླ་མའི་བསྟན་པ་གོ་ལྡོག་ཏུ་འགྲོ་བའི་ཉེན་ཁ་ལས་ཡོངས་སུ་སྐྱབས་ཏེ་ཞ་སེར་བསྟན་པའི་ཉིན་བྱེད་སྣང་བས་ཉི་འོག་ཀུན་ཏུ་ཁྱབ་པར་བྱས་པ་འདི་ལས་ལྷག་པའི་བསྟན་པའི་ཕྱག་རྗེས་འཇོག་མཁན་སུ་ཡང་མ་བྱུང་བར་འདུག་པས་དགེ་ལྡན་བསྟན་པའི་རྗེས་འབྲངས་སེམས་ཤེས་ཀུན་གྱིས་ཤེས་པར་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེའོ།།

ཉམས་གྲིབ་ཉེས་ཚོགས་རླུང་ནག་བྱེ་བའི་རྡུལ།།

ཀ་ཅིའི་ཤེས་རབ་དར་གྱིས་ལེགས་པར་ཕྱགས།།

རྗེ་བཙུན་བླ་མའི་དམ་ཆོས་བདུད་རྩིའི་བཅུད།།

ཡོངས་འདུས་ལེགས་བཤད་སྣང་བའི་སྒོ་འཕར་ཕྱེས།།

དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང་། །བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་། །དགེ་བ་བྱས་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་དེང་སྐབས་སྤྱི་དོན་སེམས་ཁུར་ཆུ་ཚོད་སྐར་མ་འགའ་ཤས་བྱས་པའི་ངོ་གསོ་མི་ཚེར་འཁྱེར་ཏེ་ཁ་འཕྱར་ལག་འཕྱར་ཤར་རྒྱུགས་ནུབ་རྒྱུགས་བྱེད་པ་དང་། ཡང་ལ་ལས་སྤྱི་ཚོགས་སེམས་ཁུར་དེ་བཞིན་ཁེ་གྲགས་དོན་གཉེར་གྱི་ལག་ཆར་སྤྱད་པ་སོགས་ལའང་སྤྱི་སེམས་ཁུར་འདེགས་ཅན་ཞེས་མང་པོས་བསྟོད་པ་མཐོང་ན།འགྲོ་དོན་སྐུ་ཚེ་དང་མཉམ་པའི་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་རླབས་ཆེན་མཛད་པར་སེམས་བཅངས་རྗེས་དྲན་བསྐལ་བའི་བར་དུ་ཡང་གནང་འོས་སུ་གྱུར་པར་སེམས་ཏེ་གང་གི་མཛད་ཆེན་འཕགས་བཞིའི་མཁྱེན་པའི་ཀློང་ལས་འདས་པ་བདག་འདྲ་བྱིས་པ་བློ་མུན་ཅན་གྱི་བསམ་བརྗོད་ཀྱི་ཡུལ་དུ་མ་གྱུར་ཀྱང་རང་གཞན་བསོད་ནམས་གསོག་པའི་བགོ་སྐལ་དུ་བསམ་སྟེ་མཛད་བཟང་རྒྱ་མཚོའི་ཟེག་མའི་ཆ་རྡུལ་ཙམ་ཞིག་གི་ཆེ་བ་བརྗོད་པ་འདིས་ཀྱང་འཇིག་རྟེན་ཀུན་དགེ་ལེགས་སུ་གྱུར་ཅིག།། །།

རྒྱ་ཆེན་སྤྱོད་མཆོག་ནམ་མཁའི་ཀློང་ཆེན་ངོས།།

ཟབ་ཡངས་ཤེས་རབ་དྲ་བའི་སྤྲིན་ཆེན་འཁྲིགས།།

ཟླ་མེད་སྨྲ་བའི་འབྲུག་ཆེན་ལྡིར་བའི་སྒྲས།།

འཇིག་རྟེན་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས།།

 

དཀར་གཙང་གངས་རིའི་ཡུལ་དུ་རབ་བཞད་པའི།།

གངས་ལྗོངས་ཁ་བའི་ཉི་མ་གཞོན་ནུ་ཡིས།།

འཇིག་རྟེན་ཁོར་མོ་ཡུག་གི་མུན་པ་བཅོམ།།

ཁྱེད་ནི་ཟླུམ་གཟུགས་གོ་ལའི་གཙུག་རྒྱན་ཉིད།།

 

བདག་དང་བདག་གིའི་བརྩེ་ཞེན་ཧྲག་པོ་དེས།།

ཁྱེད་ཀྱི་འགྲོ་དོན་ཁུར་པོའི་དོ་མིན་ན།།

འགྲོ་ལ་གཅེས་འཛིན་བདེ་བའི་སེམས་གཅིག་པུས།།

བདག་སོགས་འགྲོ་བའི་སྒོ་གསུམ་ནུས་ལྡན་ཤོག།

 

 

བརྒྱུད་སྐུལ།

མཆན་སྤེལ།