ས་པཎ་ཀུན་དགའ་རྒྱལ་མཚན། (༡༡༨༢-༡༢༥༡)
༄༅། །ཨོཾ་སྭསྟི་སིདྡྷཾ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྒྱ་ཆེན་བློ་ཡི་སྣང་བ་སྐྱེད། །བསམ་ལས་འདས་པའི་ཡོན་ཏན་ཅན། །གསེར་ཞུན་ཉི་མ་འཆར་ཀའི་སྐུ། །འཇམ་དཔལ་མགོན་ལ་ཕྱག་འཚལ་ལོ། །གང་ཞིག་གསུང་རབ་རྣམས་ཀྱི་དོན། །གཏན་ལ་འབེབས་པར་སྨོས་ཅི་འཚལ། །འཇིག་རྟེན་ཕལ་པའི་རྣམ་གཞག་དག །བྱེད་ཀྱང་ཚིག་གི་སྦྱོར་བ་གཅེས། །དེ་སླད་སྔོན་གྱི་མཁས་པ་ཡི། །ལེགས་བཤད་འཐོར་བ་རྣམས་བསྡུས་ཤིང༌། །སྦས་པ་རྣམས་ཀྱང་ཕྱིར་ཕྱུང་ནས། །ཀུན་གྱིས་གོ་བར་བྱ་ཕྱིར་བརྩམས། །འཕྲུལ་ཡིག་སུམ་ཅུ་ཐམ་པ་ལ། །བུ་དང་འདོགས་རྣམས་བཏགས་ནས་ཀྱང༌། །འཕུལ་ཡིག་མཐའ་རྟེན་སྦྱར་བ་ཡིས། །བརྗོད་པ་ཀུན་གྱི་རྟེན་དུ་འགྱུར། །
ཡི་གེ་སུམ་ཅུ་བུ་ནི་བཞི། །ཡ་བཏགས་བདུན་དང་ར་བཏགས་བཅུ། །དེ་བཞིན་འོག་ཏུ་ལ་བཏགས་དྲུག །ཝ་བཏགས་རྣམ་པ་བཅུ་གཉིས་དང༌། །ར་ལ་བཏགས་པ་བཅུ་གསུམ་དང༌། །ལ་ལ་བཏགས་པ་བཅུ་དང་ནི། །ས་ལ་བཏགས་པ་བཅུ་གཉིས་དང༌། །འཕུལ་ཡིག་ལྔ་དང་མཐའ་རྟེན་བཅུ། །སྟེང་འོག་དག་གི་ཡི་གེ་ལ། །གཉིས་ཀ་ཡིན་དང་གཉིས་ཀ་མིན། །སྟེང་ཡིག་ཡིན་ནའང་འོག་ཡིག་མིན། །འོག་ཡིག་ཡིན་ནའང་སྟེང་ཡིག་ནི། །མིན་པ་ཞེས་བྱའི་མུ་བཞི་སྟེ། །རིམ་པས་ཀ་ཆ་ས་ཅ་བཞིན། །འཕུལ་ཡིག་དང་ནི་མཐའ་རྟེན་ལ། །གཉིས་ཀ་ཡིན་དང་གཉིས་ཀ་མིན། །མཐའ་རྟེན་ཡིན་ནའང་འཕུལ་ཡིག་ནི། །མིན་པ་ཞེས་བྱའི་མུ་གསུམ་སྟེ། །ག་དང་ཁ་དང་ང་བཞིན་ནོ། །སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས་སྤྱིའི་སྡོམ་ཚིག་གསལ་བར་བསྟན་པའི་རབ་ཏུ་ བྱེད་པ་སྟེ་དང་པོའོ།། །།
དེ་ལྟར་གྲངས་ཀྱིས་མདོར་བསྟན་པ། །ད་ནི་དབྱེ་བས་རྒྱས་པར་བཤད། །ཡི་གེ་སུམ་ཅུའི་དཔེར་བརྗོད་ནི། །ཨ་ཕ་ཁོ་ནི་ཇ་ཆང་ཤ །གཅིག་པུ་ཟ་འཛུ་དེ་ལ་ཧེ། །ཉེ་ཝ་ཚོ་ཡིས་ཏི་ཀ་རེ། །ཐོབ་ཙམ་ཞུ་ཞེས་བྱ་བ་ཡིན། །གུ་གུ་ཞབས་ཀྱུ་འགྲེང་བུ་དང༌། །ན་རོ་རྣམས་ནི་བུ་བཞི་སྟེ། །ཡི་གེ་ཀུན་ལ་སྦྱར་རུང་དཔེར།། ཚིག་འདི་ཡིད་ཀྱིས་འདྲིས་བགྱིའི་ཕྱིར། །བུ་ཚུར་མྱུར་དུ་གཟུངས་སུ་ཟུང༌། །གཡེལ་མེད་བཤེས་གཉེན་ཉེར་བསྙེན་ཏེ། །ཆོས་ནོར་ལོངས་སྤྱོད་ཡོངས་ཐོབ་མཛོད། །ཡ་བཏགས་བདུན་དང་ར་བཏགས་ནི། །བཅུ་ཞེས་བཤད་པ་དེ་དག་དཔེར། །ཀྱེ་མ་གྲོགས་ཁྱེད་ཆང་ལ་དགྱེས། །རྟོག་དཔྱོད་ཕྱོགས་བཅུར་བྱེད་ཅིང་མྱོང༌། །བཀྲ་ཤིས་འཁྲིགས་པའི་གྲྭ་ས་འདིར། །དྲ་སྒོ་སྤྲས་པའི་ཕྲེང་སྒོ་ཅན། །བྲང་ཁང་ནང་ན་སྨྲ་མཁན་བྱ༑ ༑སྐེ་བ་བསྲིངས་ནས་ཧྲིག་གེ་བལྟ། །ལ་བཏགས་དྲུག་གི་དཔེར་བརྗོད་ནི། །ཀླ་ཀློ་གླེན་པ་བླུན་པོ་རྣམས། །ཟླ་བོ་བརླག་པའི་བྱ་བ་སློབ། །ཝ་བཏགས་བཅུ་གཉིས་དཔེར་བརྗོད་ནི། །ཀྭ་ཡེ་ཁྭ་མཁན་གྲྭ་པ་འདི། །ལན་གྲངས་བཅོྭ་བརྒྱད་རྩྭ་ཁུར་ཁུར། །ལན་ཚྭ་ཟོ་ལ་ཕྲུག་ཞྭ་གྱོན། །ཟྭ་ཐུག་རྭ་གཟར་དག་གིས་བཅུས། །ཤྭ་ཆུ་སྭོགས་ལ་འཛེམ་མེད་རྒོལ། །ཕུ་དུང་ཧྭ་གཏོད་གོས་རྣམས་གྱོན། །ར་ལ་བཏགས་པ་བཅུ་གསུམ་དཔེར། །མཐུན་རྐྱེན་རྒྱགས་ཆུ་རྔམས་པོ་ཆེ། །རྗེ་བོ་རྙིང་པར་བརྟེན་པ་ཡིས། །མཚོ་ཆེན་རྡོལ་བ་རྣམས་ཀྱི་རྦ། །རྨང་གནས་རྩེ་མོའི་རྫོང་དུ་ནི། །རླུང་གིས་བསྐྱོད་འདྲ་ཐོབ་པར་འགྱུར། །ལ་ལ་བཏགས་པ་བཅུ་པོ་དཔེར། །ལྐུགས་པ་འདི་ཡིས་ལྒང་གྲོད་ལྔ། །ལྕུག་ཕྲན་ལྗོན་པའི་ལྟོང་ནས་རྙེད། །བལྡབས་ནས་ཟོས་པར་ལྤགས་པ་འདིས། །བྲེས་པའི་ལྷུམས་དག་བདེ་བར་འགྱུར། །ས་ལ་བཏགས་པ་བཅུ་གཉིས་ནི། །ཟས་སྐོམ་བསྒྲིགས་པའི་སྔ་རོལ་དུ། །སྙན་རྒྱུད་སྟེར་བའི་སྡོམ་བརྩོན་དེས། །སྣ་ཚོགས་སྤེལ་ཞིང་སྦྱར་བ་ཡི། ། མདོ་དང་སྨོན་ལམ་བཀའ་བསྩལ་ཏེ། །སླད་ནས་ཟས་ཀྱི་བྱ་བ་བྱས། །ག་ད་བ་མ་འ་དང་ལྔ། །འཕུལ་ཡིག་ལྔ་ཡིས་འཕུལ་བ་ནི། །ག་ཡིས་འཕུལ་བ་བཅུ་གཅིག་དཔེར། །གཅིག་པུ་གཉིས་སུ་མེད་པར་ནི། །གཏན་དུ་གདན་སར་གནས་པའི་ཚེ། །གཙུག་ལག་གཞུང་རྣམས་བློ་ལ་བཟུང༌། །གཡེལ་མེད་བདེ་གཤེགས་གསུང་རབ་བལྟས། །ད་ཡིས་འཕུལ་བ་དྲུག་གི་དཔེར། །དཀར་པོ་དགེ་བའི་དངོས་གྲུབ་ཏུ། །དཔལ་འབྱོར་དབང་ཕྱུག་མི་དམན་ཐོབ། །བ་ཡིས་འཕུལ་བ་བཅུ་ཡི་དཔེར། །བཀྲ་ཤིས་བགྲང་ཡས་བཅོམ་ལྡན་བཏུད།། བདག་གིས་བཙུན་ཚུགས་ཚུལ་བཞིན་བཟུང༌། །སྡིག་པ་བཤགས་ནས་དགེ་བ་བསགས། །མ་ཡིས་འཕུལ་བ་བཅུ་གཅིག་དཔེར། །མཁས་པ་མགོན་པོའི་མངོན་སུམ་དུ། །མཆིས་ནས་མཇལ་བས་མཉེས་གྱུར་ཏེ། ། མཐོ་བའི་མདུན་མ་འགྲུབ་བམ་མནོ། །མཚན་མོ་རྨི་ལྟས་མཛེས་པར་རྨིས། །འས་འཕུལ་བཅུ་ཡི་དཔེར་བརྗོད་ནི། །འཁུན་ཞིང་འགུལ་བའི་ལུས་འཆང་དེ། །འཇའ་མོ་འཐད་པར་འདུག་ཅེས་ཏེ། །འཕྱོན་མ་འབོར་བ་འཚོལ་ཞེས་འཛེར། །ག་ང་ད་ན་བ་མ་འ། །ར་ལ་ས་བཅུ་མཐའ་རྟེན་ཏེ། །ཕྱོགས་ཙམ་རིམ་བཞིན་དཔེར་བརྗོད་ན། །བདག་ཀྱང་ཁྱེད་བཞིན་འགྲུབ་སྙམ་དགའ། །མྱུར་དུ་མཇལ་ཞུས་ལྟ་བུ་སྟེ། ། ཀ་ན་ཨ་ཡི་བར་དག་ལ། །ཕལ་ཆེར་འཇུག་སྟེ་སྐབས་ཐོབ་ཤེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། ། བརྩེགས་དང་བུ་དྲུག་ཅན་ལ་སྤང༌། །དེ་ཕྱིར་འ་ནི་མཐའ་རྟེན་ཕྱིར། །འི་དང་འ་སོགས་ཚེག་བར་མིན། ། སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། །གྲངས་ངེས་བསྟན་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།། །།
ཀ་སོགས་སུམ་ཅུའི་དག་ཡིག་ཚོགས་ཆེས་པས་འབྲི་མ་ཐུབ་པས། འདིར་ད་ལན་སྔོན་དུ་ཉེ་བར་མཁོ་བའི་ཚིག་ཕྲད་ཀྱི་རབ་ཏུ་བྱེད་པ་བྲི་བར་བྱའོ། །
མཐའ་རྟེན་ཡི་གེ་བཅུ་དང་ནི། །རྐྱང་པ་དང་ནི་འདོགས་ཅན་ཏེ། །ཡི་གེ་བཅུ་ཡི་འདུ་བྱེད་ཀྱིས།། རྗེས་འཇུག་ཇི་ལྟར་ཐོབ་ཚུལ་དཔེར། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་གྱི་སྟེ་དཔེར། །ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆ། །བདག་གི་གདོང་གི་ངོས་ན་མཆིས། །མདུན་གྱི་རུམ་གྱི་སྐོར་གྱི་ནི། །མངལ་གྱི་སྒོ་དེ་བདག་ལ་སྟོན། །འ་དང་རྐྱང་པ་འདོགས་ཅན་གྱི། །རྗེས་སུ་འི་ཐོབ་ཚིགས་བཅད་ཀྱི། །ཡི་གེ་མ་ཚང་ཡི་སྟེ་དཔེར། །ལྷ་ཡི་བདེ་བས་གང་བ་ཡི། །རྩེ་དགའི་དགའ་བ་བདེ་བའི་མཆོག །དེ་སུས་མྱང་བ་དགའ་བའི་དཔལ། །ས་ཡི་བདག་པོ་དེ་ཡི་བཞིན། །ག་དང་བ་ཡི་རྗེས་སུ་ཏུ། །ང་ད་ན་མ་ར་ལ་དུ། །ས་སུ་འ་དང་འདོགས་ཅན་དང༌། །རྐྱང་པར་རུ་སྟེ་དཔེ་རིམ་བཞིན། །རྟག་ཏུ་རབ་ཏུ་འབྱུང་དུ་དེ། །སྣོད་དུ་རྒྱུན་དུ་ཞིམ་དུ་ཟོ། །མྱུར་དུ་མཇལ་དུ་འོང་དུས་སུའང༌། །བཟའ་རུ་ཡོད་པའི་གནས་འདི་རུ། །ཁ་རུ་ཞིམ་རྒུའི་ཟས་འདི་སྦྱིན། །ད་དེ་ན་ར་ལ་ས་ཏེ། །བཏུ་དེ་ལེན་ཏེ་བྱིན་པ་ཡིས། །བསྐྱར་ཏེ་འཐུལ་ཏེ་འཛེགས་ཏེ་བྱུང༌། །ག་ང་བ་མ་འ་རྣམས་དང༌། །འདོགས་ཅན་རྐྱང་མཐར་ས་སྟེ་དཔེར། །སྐྲག་སྟེ་གསང་སྟེ་གནས་པ་ཡིས། །ཐུབ་སྟེ་འཛུམ་སྟེ་དགའ་སྟེ་གདའ། །བདེ་སྟེ་ཤ་ཆང་ཟ་སྟེ་སྣང༌། །ག་ད་བ་སའི་རྗེས་སུ་ཀྱང༌། །སྐབས་འགར་ན་ཡི་རྗེས་སུའང་ཀྱང༌། །བདག་ཀྱང་འབད་ཀྱང་འབྲས་མེད་པའི། །བྱ་བ་ཐོབ་ཀྱང་དེས་ཀྱང་ཅི། །འོན་ཀྱང་འཕྲལ་གྱི་འཚོ་བ་འབྱུང༌། །ང་འ་ན་མ་ར་ལ་དང༌། །འདོགས་ཅན་རྐྱང་པའི་རྗེས་སུ་ཡང༌། །ཡང་ཡང་སྐྱེས་བུ་འགའ་ཡང་ནི། །བྱོན་ཡང་ནམ་ཡང་མ་ཕྲད་དེ། །སླར་ཡང་མཇལ་ཡང་ནང་དུ་ཡང༌། །ཁ་ཟས་ལ་ཡང་སྤྱན་མ་འདྲོང༌། །འདོགས་ཅན་རྐྱང་མཐའ་ཕལ་ཆེར་འང༌། །ཚིགས་བཅད་མ་ཚང་ཡང་སྟེ་དཔེར། །ཅི་ཡང་བསགས་པ་འཛད་པ་ཡང༌། །དེ་འདྲ་རེ་འགའ་འབྱུང་བའང་སྲིད། །ག་ད་བ་ཅིང་ས་མཐར་ཤིང༌། །ཕྱུག་ཅིང་བླུན་པ་རྒུད་ཅིང་འགྲོ། །ཟབ་ཅིང་གསལ་བ་མཁས་ཤིང་བཙུན། །ང་འ་ན་མ་ར་ལ་དང༌། །འདོགས་ཅན་རྐྱང་པ་རྣམས་ཞིང་དཔེར། །དྲང་ཞིང་བདེ་བ་རབ་དགའ་ཞིང༌། །སྙན་ཞིང་འགྱུར་བ་འཇམ་ཞིང་མཛེས། །དར་ཞིང་རྒྱས་པ་འཚལ་ཞིང་བདག །བདེ་ཞིང་སྐྱིད་ནས་ཟ་ཞིང་སྣང། ། ག་ད་བ་ཅེས་ང་འ་དང༌། །ན་མ་ར་ལ་ས་དང་ནི། །རྐྱང་པ་འདོགས་ཅན་ཞེས་ཏེ་དཔེར། །རྟག་ཅེས་བྱ་བའི་བདག་ཡོད་ཅེས། །སྨྲ་བ་ཟབ་ཅེས་བྱུང་ཞེས་ཐོས། །གདའ་ཞེས་འདི་ལྟ་ཡིན་ཞེས་པའམ། །འདི་ཙམ་ཞེས་པར་འགྱུར་ཞེས་པར། །འཁྲུལ་ཞེས་སྟོན་པས་ལེགས་གསུངས་ཞེས། །མཁས་པ་ཞེས་བྱས་སྨྲ་ཞེས་བཤད།། ཁ་ཅིག་ས་མཐར་ཤེས་ཞེས་ཟེར། །མི་འཐད་པར་མཐོང་ཁོ་བོས་དོར། །ག་ད་བ་ཅིག་ས་མཐར་ཤིག །རྐྱང་པའི་རྗེས་སུ་ཅིག་ཡིན་དཔེར། །ཤོག་ཅིག་སོད་ཅིག་རྒྱབ་ཅིག་ཅེས། །གྱིས་ཤིག་ཅེས་ནི་ཁ་ཅིག་སྨྲ། །ང་འ་ན་མ་ར་ལ་དང༌། །འདོགས་ཅན་རྣམས་ཀྱི་མཐར་ཞིག་དཔེར། །ཅུང་ཞིག་བསྟོད་ལ་འགའ་ཞིག་ལ། །ཕྲིིན་ཞིག་ནམ་ཞིག་བསྐུར་ཞིག་ཅེས། །ངལ་ཞིག་གསོ་ལ་རེ་ཞིག་སྨྲོས། །ན་ར་ལ་གསུམ་རྗེས་སུ་ནི། །(ཕྱིནད། གྱུརད། རོལད། )སྒྲ་སྒྱུར་སྔ་མས་(སྐ་བ་དཔལ་བརྩེགས་ལ་སོགས་པ)ད་དྲག་བཞེད། །དེ་ལ་ཅིང་ཅེས་ཅིག་འཐོབ་ཀྱང༌།། ཕྱི་མ་(རྔོག་ལོ་དཔང་ལོ་ལ་སོགས་པ)རྣམས་ཀྱིས་ད་དྲག་དོར། །འོན་ཀྱང་དེ་དང་ཤན་འདྲ་བ། །འགའ་ཡོད་པ་ཡང་བཤད་ཀྱིས་ཉོན། །སྤྱིར་ནི་ན་དང་ར་དང་ལའི། །རྗེས་སུ་ཞིང་ཞེས་ཞིག་ཡིན་ནའང༌། །ད་དྲག་སྦྱོར་ན་ཐོབ་པ་དེར། །ཅིང་ཅེས་ཅིག་ཅེས་ཐོབ་སྟེ་དཔེར། །མཁས་པར་མཁྱེན་ཅིང་ཡོན་ཏན་གྱིས། །བརྒྱན་ཅེས་ཐོབ་ཀྱིས་སྟོན་ཅིག་ཅེས། །ཟེར་ཅིང་མཐོང་ནས་མཚརད་ཅེས་ཏེ། །བདག་ཀྱང་འདི་འདྲར་གྱུརད་ཅིག་ཅེས། །སྨོན་ལམ་བསྩལད་ཅིང་སློབ་པར་ནི། །འཚལད་ཅེས་ཟེརད་ཅེས་མྱུར་སྩོལད་ཅིག །ག་ད་བ་མཐར་ཅེ་ན་དང༌། །ས་མཐར་ཤེ་ན་སྦྱར་ཏེ་དཔེར། །སུ་འདུག་ཅེ་ན་བླ་མ་བཞུགས། །ཅི་མཛད་ཅེ་ན་དབང་བསྐུར་ཏེ། །སུས་ཐོབ་ཅེ་ན་ཕྱུག་པོ་ཚོས། །རྒྱུ་ཅིས་ཤེ་ན་ནོར་ལྡན་གྱིས། །ང་འ་ན་མ་ར་ལ་དང༌། ། འདོགས་ཅན་རྐྱང་པར་ཞེ་ན་དཔེར། །སུ་བྱུང་ཞེ་ན་ཧོར་འདྲ་སྟེ། །དུ་གདའ་ཞེ་ན་མང་པོའོ། །སུ་ཡིན་ཞེ་ན་རྒྱལ་པོའི་སྟེ། །ཁྲིམས་ཀྱིས་དབེན་ནམ་ཞེ་ན་དབེན། །ཅི་སྐོར་ཞེ་ན་རྒྱལ་ཁམས་ཏེ། །གང་འཚལ་ཞེ་ན་ནོམ་པའོ། །ཅི་བགྱི་ཞེ་ན་སྐྱེལ་བ་སྟེ། །སུ་ལ་ཞེ་ན་སྨད་འཚོང་ལའོ། །ག་ད་བ་ས་ངེས་པར་པ། །ཟག་པ་མེད་པའི་བདེ་བ་དེ། །ཐོབ་པ་ཉེས་པ་ཀུན་ལས་གྲོལ། །ང་འ་ན་མ་ར་ལ་དང༌། །འདོགས་ཅན་རྐྱང་པ་རྣམས་ཀྱི་མཐར། །པ་དང་བ་གཉིས་ཅི་རིགས་ཏེ། །ཁང་པར་འཁྲ་བའི་མདའ་པ་དང༌། །མཛའ་བ་ངན་པ་འཛིན་པ་དག །དམ་པས་ལྟ་བུར་འཛེམ་པ་ན། །ཐར་པ་ཐོབ་ཅིང་འཁོར་བ་སྤངས། །འཁྲུལ་པ་སྤངས་ན་གྲོལ་བར་འགྱུར། །ཕྱི་པས་ཞི་བ་མི་ཐོབ་སྟེ། །ཚྭ་པ་ཚ་བས་གདུངས་དང་མཚུངས། །དྲིས་སམ་སྡུད་ཚིག་སྐབས་སུ་ནི། །མཐའ་རྟེན་རྣམས་ལ་མ་སྦྱར་ཞིང༌། །སྐབས་འགར་ར་ལ་ཏམ་དང་ནི། །འདོགས་ཅན་རྐྱང་པ་འམ་སྟེ་དཔེར། །འདུག་གམ་བྱུང་ངམ་ཡོད་དམ་དང༌། །ཡིན་ནམ་གྲུབ་བམ་སྒོམ་མམ་དང༌། །གདའ་འམ་འགྱུར་རམ་འཚལ་ལམ་དང༌། །ཤེས་སམ་ཟེར་ཏམ་གཏམ་གོ་འམ། །ཁ་འམ་ཞེས་པ་ལྟ་བུའོ། །རྫོགས་ཚིག་སྐབས་སུ་ན་ར་གཉིས། །མ་གཏོགས་མཐའ་རྟེན་བརྒྱད་པོ་ལ། །རང་ལ་ན་རོ་སྦྱར་ཏེ་དཔེར། །ཁྱོད་ནི་ཕྱུག་གོ་གཤིས་བཟང་ངོ༌། །གཏོང་ཡང་ཕོད་དོ་ཆོས་སྒྲུབ་བོ། །འཁོར་ཡང་འཛོམ་མོ་བཞུགས་དགའ་འོ༑ ༑ཐུགས་ཀྱང་དལ་ལོ་ཞེས་ཐོས་སོ། །ན་ར་གཉིས་ལ་ན་རོ་དང༌། །ཏོ་ཞེས་གཉིས་སུ་འགྱུར་བ་དང༌། ། དེ་བཞིན་ནོ་ཞེས་པ་དྲན་ཏོ། །ངོ་མཚར་རོ་ཞེས་གཞན་ཟེར་ཏོ། །རྐྱང་པ་འདོགས་ཅན་འོ་སྟེ་དཔེར། །ཤ་ནི་ཟ་འོ་སྐྱིད་འདི་འོ། །དེ་རྣམས་ལ་ནི་ཉིས་ཤད་དང༌། །ལེ་འུའི་མཚམས་སུ་བཞི་ཤད་ཐོབ། །རྐྱང་ཤད་དང་ནི་ཚེག་ཤད་དག །ཐོབ་ཚུལ་སྐབས་དང་སྦྱར་ནས་དཔྱད། །ག་ཡི་མཚམས་སུ་ཆིག་ཤད་བྲི། །(ང་ཡིག་མ་གཏོགས་)ཤད་གོང་རྣམས་སུ་ཕྱི་ཚེག་སྤང༌། །སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། །ཚིག་ཕྲད་གསལ་བར་བཤད་པའི་རབ་ཏུ་བྱེད་པ་སྟེ་བཞི་པའོ།། །།
ཚོགས་པས་ཚོམས་སུ་བྱོན་པ་ནི། །ཕལ་པའི་ཆང་གིས་ཟིན་པ་(བཟི་བ་)ཡིན། །ཕུན་ཚོགས་ཕྲིན་ལས་རིམ་གྲོ་པ། །སྐུ་ཁམས་ཁྲོས་དང་ཁྲོ་བ་དང༌། །ཕྲ་མ་འཁོན་འཛིན་ཅན་དང་ཕྲད། །ཕལ་ལ་ཕྲག་པར་ཕྱུང་བ་ཡི། །ཕྲད་པ་ཚོན་གྱིས་ཁ་བསྒྱུར་བ། །ཕྲ་མོ་ཕལ་ཆེར་ཁྲོན་པར་ལྷུང༌། །ཐུར་དུ་བབས་ཏེ་ཕྱིན་པ་ཡིས། །ཕྲན་ཚེགས་ཚོམས་(ཙམ་)ལས་མ་རྙེད་ཕམ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག །ཤོག་ཅིག་སྡོད་ཅིག་ཁ་ཅིག་ཟེར། །ཞེས་སོགས་རྣམས་ལ་འཕུལ་ཡིག་སྤང༌། །ལྷ་བཙུན་བཟའ་བཏུང་མེད་པ་དང༌། །ཆེ་བཙུན་ན་བཟའ་ཧྲུལ་བ་དང༌། །ལྷ་རྗེ་ང་རྒྱལ་ཆེ་བ་དང༌། །བྱ་རྒོད་རྡོ་རྗེ་བཅོམ་པ་རྣམས། །མེ་ཏོག་རྒྱ་མཚོར་ལྷུང་བ་འདྲ། །ཞེས་སོགས་མཐའ་རྟེན་མེད་ཕྱིར་སྤང༌། །བདུད་རྩི་ཐུགས་རྗེ་བྱང་ཆུབ་སོགས།། མཐའ་རྟེན་ཡོད་ཀྱང་ནོར་བས་སྤང༌། །ལྷ་རྫས་རྒྱ་ཆེར་དཔངས་མཐོ་སྟེ། །མྱང་འདས་ཐོབ་པའི་རྒྱུར་གྱུར་ནས། །ཕར་ཕྱིན་རྫོགས་ཏེ་ཉེར་ཞི་དང༌། །དབྱེར་མེད་སོགས་ལ་མཐའ་རྟེན་ནི། །ལྷུག་པའི་ཚེ་ན་མི་འཐོབ་ཀྱང༌། ། ཚིགས་བཅད་སྡེབ་སྦྱོར་དགོས་པའང་ཡོད། །ཏིང་ངེ་འཛིན་དང་འགྱུར་རོ་དང༌། །གཞོན་ནུ་ཆུང་ངུ་ཉུང་ངུ་སོགས། །ཕྱི་མའི་ཚིག་གི་ཤུགས་དག་གིས། །ཅུང་ཟད་ཕན་པས་ངེས་པར་སྦྱོར། །སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། །འཕུལ་ཡིག་དང་མཐའ་རྟེན་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་སྟེ་ལྔ་པའོ།། །།
ར་རྐ་ད་དཀའ་ས་སྐ་རྣམས། །ཆུ་ལམ་མི་ནུས་ལྕེ་ཡི་ཡུལ། །བ་འོག་བཀའ་ནི་རྒྱལ་བའི་གསུང༌།། ར་རྒོ་ས་སྒོ་བ་བགོ་བ། །རི་དྭགས་སྒོ་སྲུང་གོས་གྱོན་ཏེ། །བ་འོག་ས་བསྒོ་བཀའ་བསྒོ་འོ། །ལ་ལྐལ་ས་སྐལ་བ་སའི་བསྐལ། །མེད་དང་ཐོབ་དང་དུས་ཡིན་ལ། །ར་རྒ་ས་སྒ་ད་དགའ་རྣམས། །ན་ཚོད་རྟ་སྒ་ཡིད་དགའ་སྟེ། །ལ་ལ་ག་བཏགས་སྨན་གྱི་མིང༌། །ས་སྔ་ལ་ལྔ་ར་རྔ་རྣམས། །དུས་དང་གྲངས་དང་བརྡུང་བྱ་སྟེ༑ ༑མ་འོག་མངའ་ནི་ཞེ་ས་འོ། །ཉེ་དུ་གཉེན་ནི་གས་འཕུལ་ཏེ། །རེག་བྱ་མཉེན་པ་མས་འཕུལ་ལོ། །བ་འོག་ས་བསྙེན་དྲུང་དུ་བཏུད། །ས་བདག་གཉན་ནི་གས་འཕུལ་ཏེ། །རྣ་བར་སྙན་པ་ས་སྙན་ཡིན། །ཆོས་མཉན་མ་ཡིས་ཉ་འཕུལ་ཏེ། །བ་འོག་ར་བརྙན་གཟུགས་བརྙན་ནོ། །གཏར་བ་ནད་ཁྲག་འབྱིན་པ་སྟེ། །བ་འོག་ས་བསྟར་ཆས་གཟབ་པའོ། །ཏར་ལ་བརྒྱུས་པ་ཏ་རྐྱང་ཡིན། །ག་གཏན་ས་སྟན་བ་ས་བསྟན། །རྒྱུན་དུ་གདིང་བྱ་གཞན་བསྟན་ཏེ། །བ་འོག་ར་བརྟན་མི་འགྱུར་བ། །ག་འོག་གདའ་དང་བ་འོག་བདའ། །ཞེ་ས་དང་ནི་ཟས་སྐོམ་ཞིམ། །བ་འོག་ར་བརྡ་ལག་བརྡ་ཡིན། །བ་བདུག་ག་གདུག་ས་སྡུག་རྣམས། །སྤོས་དང་སྦྲུལ་དང་མཛེས་ཉོན་མོངས། །ག་གཅིན་ས་ལ་པ་བཏགས་སྤྱིན། །མི་གཙང་བ་དང་འབྱར་བྱེད་དོ། །དས་འཕུལ་དཔྱད་དང་ས་བཏགས་སྤྱད། །ཤེས་པའི་ཡུལ་དང་ལོངས་སྤྱོད་དེ། །བས་འཕུལ་བཅད་པ་དུམ་བུར་རོ༑ ༑ར་རྦ་ས་སྦ་ལ་ལྦ་རྣམས། །ཆུ་དྲག་མི་མངོན་མགུལ་པའི་རྒྱན། །མིག་དང་ད་དམིག་ར་རྨིག་རྣམས། ། དབང་པོ་བུ་ག་དུད་འགྲོའི་ལྷམ། །དས་འཕུལ་དགྲ་དང་ས་བཏགས་སྒྲ། །གནོད་པ་བྱེད་དང་རྣ་བའི་ཡུལ།། འབུབས་སྦྲ་ས་ལ་བ་བཏགས་སོ། །ཚལ་དང་འ་ཡིས་འཕུལ་བའི་འཚལ། །ནགས་ཚལ་དང་ནི་ཞེ་ས་སྟེ། ། སྨན་གྱི་མཚལ་ནི་མ་ཡིས་འཕུལ། །ས་སྦས་མི་མངོན་གབ་པ་སྟེ། །ལ་ལྐུགས་ལྕེ་ཡིས་སྨྲ་མི་ཤེས། །ཆང་ནི་མྱོས་བྱེད་བཏུང་བྱ་སྟེ། །འཛིན་པའི་འཆང་ནི་འ་ཡིས་འཕུལ། །ཐུར་དུ་འཕྱང་བ་ཕ་འཕྱང་ཡིན། །ཡུ་མར་ཇ་ནི་ཇ་རྐྱང་སྟེ། །བ་བྱ་མཁའ་ལ་འཕུར་བའི་བྱ། །མ་མགོ་ཡན་ལག་དམ་པ་སྟེ། །འ་འགོ་ཐོག་མའམ་འཕེལ་བའི་སྒྲ། །མ་མགུལ་མགྲིན་པའི་ཞེ་ས་སྟེ། །འ་འགུལ་གཡོ་བའི་བྱེ་བྲག་ཡིན། །ད་དྲིན་ཕན་པས་བསྐྱང་པ་སྟེ། །བ་བྲིན་ཉོ་ཚོང་སྐྱེན་པའི་མིང༌། །ག་གྲགས་ཕྱོགས་བཅུར་ཁྱབ་པ་སྟེ། །ད་དྲག་ཚར་གཅོད་ཐལ་བའོ། །ད་དངུལ་རིན་པོ་ཆེ་ཡིན་ཏེ། །ར་རྔུལ་ལུས་ཀྱི་དྲོད་ལངས་ཆུ། །དང་པོའི་སྔོན་ནི་ས་སྔོན་སྟེ། ། མས་འཕུལ་མངོན་ནི་མིག་གིས་མཐོང༌། །ར་རྔོན་རི་དྭགས་གསོད་པ་འོ། །ངེས་པ་སྒྲོ་འདོགས་ཆོད་པ་སྟེ།། ཉེས་པ་མ་ལེགས་པ་ཡི་མིང༌། །དབེན་པ་དགོན་པའམ་སྟོང་པ་ཉིད། །དབྱེན་ནི་མཐུན་པ་འབྱེད་པའོ། ། ས་སྙེད་མང་བའི་སྒྲ་ཡིན་ཏེ། །ར་རྙེད་གསར་དུ་རྙེད་པའོ། །བ་བློ་སེམས་དང་སེམས་བྱུང་སྟེ། །ག་གློ་ལུས་ཀྱི་བྱེ་བྲག་གོ །ར་རྟོགས་དང་ནི་ག་གཏོགས་གཉིས། །གོ་དང་ཁོངས་སུ་གཏོགས་པའོ། །ལ་ལྟོགས་བཀྲེས་པའི་མིང་ཡིན་ནོ། །ག་གནོན་འོག་ཏུ་འཛུད་པ་སྟེ། །ས་སྣོན་མང་དུ་གཏོང་བའོ། །ར་རྣོན་མཚོན་རྩེ་ལྟ་བུ་སྟེ༑ ༑མ་མནོ་བསམ་པའི་གཞིག་མ་གཏོང༌། །ད་དཔྱི་ལུས་ཀྱི་བྲེ་བྲག་སྟེ། །ས་སྤྱི་ཐུན་མོང་བ་ལ་འཇུག།། ག་གཉུག་རང་བཞིན་སྟོང་པ་ཉིད། །ས་སྨྱུག་ཤིང་གི་བྱེ་བྲག་གོ །ག་གསོད་སྲོག་ནི་གཅོད་པ་སྟེ། །བ་བསོད་ཞིང་པའི་བསོད་ནམས་སོ། །གཉིད་དུ་མནལ་བ་མས་འཕུལ་ཏེ། །སྣམ་བུའི་སྣལ་མ་ས་བཏགས་སོ། །རྣལ་འབྱོར་པ་ནི་ར་རྣལ་ཏེ། འོད་གསལ་བ་ནི་ག་གསལ་ལ། །སྐྱོན་བསལ་བ་ནི་བ་བསལ་ལོ། །ག་གྲན་གྲེད་མ་ལ་སོགས་ཏེ། །ད་དྲན་སྔར་བྱས་སེམས་ལ་ཤར། །བ་བྲན་ཞེས་བྱ་གཡོག་གི་མིང༌། །ནུས་པ་རྡུགས་པར་ར་རྡུགས་ཏེ། །དབུབ་པའི་གདུགས་ནི་ག་གདུགས་སོ། །གཞན་ལ་རྡེག་པ་ར་རྡུང་སྟེ། །ཁང་པའི་གདུང་ནི་ག་གདུང་ཡིན། །ལོག་འདྲེན་བདུད་ནི་བས་འཕུལ་ཏེ། །དབང་དུ་སྡུད་པ་ས་སྡུད་ཡིན། །བཟང་ངན་མཉམ་པ་མས་འཕུལ་ཏེ། །ཡིན་ནམ་སྙམ་པ་ས་སྙམ་ཡིན། །གནོད་པའི་གཙེ་བ་ག་གཙེ་ཡིན། །རྩེ་མོ་རྩེ་བ་ར་རྩེ་ཡིན། །བ་འོག་ར་བརྩེ་སྙིང་བརྩེ་འོ། །ས་སྟེར་གཞན་ལ་སྟེར་བ་སྟེ། །ག་གཏེར་མི་ཟད་པ་ཡི་མཛོད། ། ས་སྨག་མུན་རུམ་འཐིབས་པ་སྟེ། །ད་དམག་གོ་ཆ་དམག་དཔུང་བཅས། །ད་དྲག་སྟོབས་དང་རྩལ་ཡིན་ཏེ༑ ༑ག་གྲགས་རྣ་བའི་ཡུལ་གྱི་སྒྲ། །བ་བྲག་རི་རྡོའི་བྱེ་བྲག་ཡིན། །ས་སྟག་གཅན་གཟན་ཁྲ་བོ་སྟེ། །ར་རྟག་ནམ་ཡང་མི་འགྱུར་བ། །བ་བཏགས་ཕྱེ་མར་འཐག་པ་སྟེ། །བ་འོག་ར་བརྟག་བརྟག་དཔྱད་དོ། །བྱ་བ་མངགས་པ་མས་འཕུལ་ཏེ། །སྒྲོག་པའི་དངགས་པ་དས་འཕུལ་ལོ། །སྔ་འདས་ས་ལ་ང་བཏགས་ཡིན།། བ་བཤོལ་བྱ་བ་འཇོག་པ་སྟེ། །ག་གཤོལ་ཞེས་བྱ་ཐོང་པའི་གཤོལ། །དུས་ཀྱི་སྔ་ཕྱི་ག་གཟོད་དེ། །བཟོད་བསྲན་ཆེ་བ་བ་བཟོད་ཡིན། །རླན་གྱིས་འདྲུལ་བ་ད་འདྲུལ་ཡིན། །ལམ་གྱི་འགྲུལ་པ་ག་འགྲུལ་ལོ།། ཐུར་དུ་ཟབ་པ་ག་གཏིང་སྟེ། །རྗེས་མའམ་རྐང་རྟིང་ར་ཡིན་ནོ། །བ་བཏིང་གདན་ལ་སོགས་པ་སྟེ། །ག་གཏོང་སྦྱིན་པའི་གཏོང་བ་སྟེ། །ས་སྟོང་མེད་པའི་སྟོང་པའོ། །དུམ་བུར་བསིལ་བ་བས་འཕུལ་ཏེ། །དྲིལ་བུ་གསོལ་བ་གས་འཕུལ་ལོ། །ཞེ་སའི་མཛད་ནི་མས་འཕུལ་ཏེ། །ཟད་པའི་འཛད་ནི་འས་འཕུལ་ཡིན། ། ས་སྣང་མངོན་སུམ་སྣང་བ་སྟེ། །ག་གནང་གཞན་ལ་སྟེར་བའོ། །ར་རྣམ་རྣམ་པའི་གྲངས་ཡིན་ཏེ། །དྲི་མ་མནམ་པ་མས་འཕུལ་ཡིན། །ག་གནམ་ནམ་མཁའ་སྔོན་པོ་སྟེ། །ས་སྣམ་ཞེས་བྱ་གོས་ཀྱི་རྒྱུ། །ས་སྙིང་ནང་གི་དོན་སྙིང་སྟེ། །ར་རྙིང་རྒས་ནས་ཟད་པའོ། །ག་གླ་ལས་ཀྱི་རྔན་པ་སྟེ། །བ་བླ་བླ་མེད་བླ་མའོ། །ས་སླ་ཆུ་མང་ཚེགས་མེད་དེ། །བ་འོག་ར་བརླ་ལུས་ཀྱི་ཆ། །ར་རྣམས་བ་འོག་ས་བསྣམས་ནི། །གྲངས་དང་ཕྱག་ན་བསྣམས་པའོ། །ས་སྟེའུ་དང་ནི་ར་རྟེའུ་དག །གཅོད་པར་བྱེད་དང་རྟ་ཡི་བུ། །ག་གྲ་ད་དྲ་བ་བྲ་རྣམས། ། སྙིང་བརྩེ་ཡ་རབས་ཚེར་མ་ཅན། །ག་གྲལ་ད་དྲལ་བ་བྲལ་རྣམས། །སྒྲིག་པར་རལ་བ་གྱེས་པ་འོ། །ག་གྲྭ་ད་དྲ་བ་བྲ་རྣམས། །ཚོགས་པ་གོས་བཟོ་སེམས་སྟོང་པ། །ག་གྲེད་ད་དྲེད་བ་བྲེད་རྣམས། །འགྱེལ་བ་དུད་འགྲོ་བྱེད་པ་འོ། །ག་གྲོད་ད་དྲོད་བ་བྲོད་རྣམས། །ཟས་སྣོད་ཚ་བ་བློ་བྲོད་དོ། །ག་གྲི་ད་དྲི་བ་བྲི་རྣམས།། མཚོན་དང་སྣ་འི་ཡུལ་དམའ་བའོ། །ག་གྲངས་ད་དྲངས་རིམ་བཞིན་དུ། །གཅིག་གཉིས་གསུམ་དང་ཟས་བྱིན་པའོ། །ག་འགྲོགས་ད་འདྲོགས་རིམ་བཞིན་དུ། །ལམ་མདུན་སྐྲག་ནས་བྲོས་པའོ། །ར་རྩལ་ས་སྩལ་བ་ས་བསྩལ། །སྟོབས་དང་བཀའ་སྩལ་བསྩལ་དུ་གསོལ། །ར་རྒྱུ་ས་སྒྱུ་རྐྱེན་ཟླ་དང༌། །སྐྱེས་བུ་གཡོ་སྒྱུ་ཅན་ཉིད་ཡིན། །ར་བཏགས་རྒྱུ་མ་ས་སྒྱུ་མ། །ནང་གྲོལ་(ཁྲོལ)དང་ནི་མི་བདེན་དཔེ། །ས་སྐྱེན་ར་རྐྱེན་མྱུར་བ་དང༌། །རྒྱུ་ཟླ་མྱ་ངན་བྱུང་ལའང་འཇུག །ས་སྐུ་ལུས་ཀྱི་ཞེ་ས་སྟེ། །ར་རྐུ་མ་བྱིན་ལེན་གྱི་མིང༌། །ད་དཀུ་ལུས་ཀྱི་བྱེ་བྲག་ཡིན། །ས་སྐར་སྐར་མ་ད་དཀར་མདོག །བ་བཀར་ལོགས་སུ་བཀར་བའོ། །ས་སྨན་འཚོ་བྱེད་ད་དམན་ངན། །ག་གསུང་ཞེ་ས་བ་བསུང་དྲི། །ག་གྲོ་འབྲུ་ཡིན་ད་དྲོ་དྲོད། །བ་བྲོ་རོལ་མོ་རོ་བྲོ་བ༑ ༑ག་གྲང་རེག་བྱ་ད་དྲང་སྲོང༌། །བ་བྲང་ལུས་ཀྱི་མདུན་ཕྱོགས་ཡིན། །ར་རྩངས་གནོད་བྱེད་ག་གཙང་ཆུ༑ ༑ག་གཞོན་ན་ཚོད་བ་བཞོན་རྟ། །ར་རླུང་གཡོ་བ་ཀ་ཀླུང་ཆུ། །ཀ་ཀློག་གསུང་སྒྲོགས་ག་གློག་འགྱུ། ། ག་གླ་རི་དྭགས་ས་སླ་མྱུར། །བ་བྲིས་ཡི་གེ་ད་དྲིས་གཏམ། །ས་སྐྲག་འཇིགས་པ་བ་བཀྲག་འོད། །ད་དཔའ་བརྟུལ་ཕོད་ས་སྤ་མཛེས། །ཚིག་ཕྲད་པ་རྣམས་རྐྱང་པ་ཡིན། །བ་བཙོན་ཁྲི་མུན་བཅུག་པ་སྟེ། །བ་འོག་ར་བརྩོན་དགེ་བར་སྤྲོ། །ཚོན་རྩི་ལ་ནི་འཕུལ་མེད་དེ། །གྲི་མཚོན་རྟགས་མཚན་མས་འཕུལ་ལོ། །མཆོད་པའི་རྟེན་ནི་ར་རྟེན་ཏེ། །བ་འོག་ས་བསྟེན་བླ་མ་བསྟེན། །རིགས་འདྲ་སྦྱོར་བ་གྲ་འགྲེ་སྟེ། །གནོད་བྱེད་འདྲེ་ནི་དྲ་འདྲེ་ཡིན། །ཟླ་བོའི་གྲོགས་ནི་ག་གྲོགས་ཏེ། །ཁུར་བའི་དྲོག་ནི་ད་དྲོག་ཡིན། །ནད་ཀྱི་རྣག་ནི་ར་རྣག་ཡིན། །ཁ་དོག་ནག་པ་ག་གནག་ཡིན། །ཟས་ཀྱིས་རྣངས་ནི་ར་རྣངས་ཏེ། །དུས་ཀྱི་གནངས་ནི་ག་གནངས་ཡིན། །ལུས་ཀྱི་རྔོ་ནི་ར་རྔོ་སྟེ། །བ་འོག་ས་བསྔོ་དགེ་བ་བསྔོ། །ས་རྡོའི་རྡོ་ནི་ར་རྡོ་ཡིན། །ད་དཀོར་དཀོན་མཆོག་རྫས་ཡིན་ཏེ། །བ་འོག་ས་བསྐོར་འཁོར་གྱིས་སོ། །ནོར་འཇལ་འ་ཡིས་ཇ་འཕུལ་ཏེ། །བླ་མ་མཇལ་བ་མས་འཕུལ་ལོ། །ཆུ་ལ་རྒལ་བ་ར་རྒལ་ཏེ། །རྒྱབ་ཀྱི་སྒལ་ནི་ས་སྒལ་ལོ། །ངོ་མཚར་རྨད་བྱུང་ར་རྨད་དོ། །སྟོད་སྨད་སྨད་ནི་ས་སྨད་ཡིན། །ཀ་ཀླུ་གནོད་པའི་ས་བདག་སྟེ། །ག་གླུ་སྙན་པའི་དབྱངས་བརྗོད་དོ༑ ༑བ་བླུ་རིན་གྱིས་ཉོ་བ་སྟེ། །ས་སླུ་གཞན་གྱིས་སླུ་བའོ། །པྲ་ཕབ་པ་ལ་ར་བཏགས་ཏེ། །བཀྲ་ཤིས་ཀ་ལ་ར་བཏགས་དེར། །བས་འཕུལ་གཞན་ཡང་དེ་ལ་སོགས། །བརྟགས་ན་ཤིན་ཏུ་མི་འདྲ་བས། །འཁྲུལ་པ་འབྱུང་བ་མི་སྲིད་ཀྱང༌། །འདྲའོ་སྙམ་ནས་ནོར་བར་བྲིས། །ཀློག་མཁན་རྣམས་ཀྱིས་ནོར་བར་ཀློག །རྟོག་དཔྱོད་མཁན་པོས་ལོག་པར་གོ །དེ་ནས་དོན་རྣམས་འཆུགས་པར་སྲིད། །དེ་ཕྱིར་འཁྲུལ་པ་བསལ་བའི་ཕྱིར། །ཉེར་མཁོའི་བསྟན་བཅོས་འདི་ཉིད་ནས། །དབྱེ་བ་སོ་སོར་བཤད་པ་རྣམས། །མ་འདྲེས་སོ་སོར་ཤེས་པར་བྱ། །སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། །འདྲའམ་སྙམ་པ་རྣམས་དམིགས་བསལ་སོ་སོར་ཕྱེ་བའི་རབ་ཏུ་བྱེད་པ་སྟེ་དྲུག་པའོ།། །།
འདིར་ནི་སྔོན་གྱི་མཁས་པ་རྣམས། །སྦྱོར་ཚུལ་མཐུན་པའི་བརྡ་ལ་བརྟེན། །གལ་ཏེ་ཅུང་ཟད་མི་མཐུན་ན། །ཕལ་ཆེར་གསར་བཅད་དབང་དུ་བྱ། །སྡེབ་སྦྱོར་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ནི། སྒྲ་དང༌། ཚད་མ་དང༌། སྡེབ་སྦྱོར་དང༌། སྙན་ངག་དང༌། ཚིག་གི་རྒྱན་དང༌། མིང་གི་མངོན་བརྗོད་དང་ཐ་སྙད་ཀྱི་གཙུག་ལག་མཐའ་དག་ལ་བློ་གྲོས་ཀྱི་འཇུག་པ་ ཐོགས་མེད་དུ་རྒྱས་པ། དཔལ་ལྡན་ས་སྐྱ་པཎྜིཏས་ས་བཅད་དུ་སྦྱར་བའོ། །དགེའོ། །
སྙོམས་གཙང་འགྲིག་གསུམ་ལྡན་པ་དང༌། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། ། མཁས་པའི་གོ་ས་ཐོབ་པ་ཡིན། །སློབ་དཔོན་ཡིག་འབྲུར་མ་བལྟས་ཤིང༌། །རྣམ་དཔྱོད་བློ་ཡིས་མ་ཆོད་ཅིང༌། །སྙིང་རུས་ཁོང་དུ་མི་འཇུག་པ། །གོ་ཚད་རང་བཟོའི་ཡི་གེ་རྣམས། །ནམ་མཁར་ཆར་སྤྲིན་འདུས་པ་བཞིན། །སེར་བུ་བྱུང་ན་རང་སར་དྭངས། །དེས་ན་ལམ་དུ་འཇུག་པ་ལེགས། །ཞེས་ཡི་གེ་པ་རྣམས་ལ་གདམས་སོ། །
ཞེས་པའི་དག་ཡིག་འདི་ནི་འགའ་ཞིག་གིས་འཇམ་དབྱངས་ས་པཎ་གྱིས་མཛད་པ་ཡིན་མིན་ དོགས་སློང་མཛད་འདུག་ཀྱང༌། མཛད་བྱང་ཤིན་ཏུ་གསལ་ཁ་ལྡན་པས་བཀའ་འབུམ་གསར་རྙེད་གྱི་གྲལ་དུ་བཅུག་པ་ཡིན་ནོ། །