བྱས་ཅན་འབྲས་གཙང་བསྟན་འཛིན་ཐབས་མཁས་ལགས་སུ་རྗེས་དྲན་ཞུ།

བྱས་ཅན་འབྲས་གཙང་བསྟན་འཛིན་ཐབས་མཁས་ལགས་སུ་རྗེས་དྲན་ཞུ།

 

ཕྱོགས་སྒྲིག་པ་བསྟན་འཛིན་ཐབས་མཁས་ཀྱི་ངོ་སྤྲོད།

ལུང་བཟང་ལྟ་ན་སྡུག་པའི་ཡུལ་ལྗོངས་མཛེས། །

སྣ་མང་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ལྡན། །

ཤེལ་སོགས་རིན་ཆེན་གཏེར་གྱི་ཡོངས་སུ་གཏམས། །

དཀར་ཞིང་དྭངས་པའི་རྫ་ཆུ་ལྷུང་ལྷུང་འབབས། །

གུས་པ་བསྟན་འཛིན་ཐབས་མཁས་ནི་གངས་ལྗོངས་གཙང་ཁོངས་གཞིས་ཀ་རྩེའི་ཉེ་འགྲམ་ལུང་སྣ་ཤེལ་དཀར་ལྷུན་གྲུབ་ཁང་དུ་ཕ་པདྨ་ཆོས་རྒྱལ་དང་། མ་ལྷག་པ་བུ་ཁྲིད་གཉིས་ཀྱི་ཕྲུ་གུར་བོད་རབ་བྱུང་བཅུ་དྲུག་པའི་ཤིང་འབྲུག་ཕྱི་ལོ་ ༡༩༦༤ ཕྱི་ཟླ་ ༥ ཚེས་ ༧ ཉིན་སྐྱེས། ཕ་རྒྱུད་ནི་སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་མཁན་གྱི་སྔགས་རྒྱུད་དང་། བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་གྱི་སྨན་པ་ཚད་ལྡན་རིམ་པ་བཞིན་དུ་བྱོན་པ་ཞིག་དང་། མའི་རྒྱུད་པ་ནི་ལུང་སྣ་ཤེལ་དཀར་བསམ་ཁང་ནས་མཆེད་པའི་འཁྲུངས་ཡུལ་གཙང་རྩེ་གདོང་ནས་ཡིན། བོད་ནང་སྡོད་རིང་བོད་ཁྱོན་ཡོངས་ལ་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་སུ་ཡིན་སྟབས་སློབ་སྦྱོང་གི་གོ་སྐབས་མ་ཐོབ།

འོན་ཀྱང་ཐོག་མར་རབ་བྱུང་མ་བསོད་ནམས་ལགས་ཀྱིས་བོད་ཡིག་འབྲི་ཀློག་ཐུབ་ཙམ་ཞིག་བསླབས། ཕྱི་ལོ་ ༡༩༨༣ ལོར་བོད་ནས་བྲོས་བྱོལ་དུ་ཡོང་སྟེ་བལ་ཡུལ་རང་རེའི་དོན་གཅོད་ཁང་བརྒྱུད་རྒྱ་གར་དུ་འབྱོར་ཞིང་། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་མདུན་ནས་ྋརྒྱལ་བའི་བསྟན་པ་རིན་པོ་ཆེར་རབ་ཏུ་བྱུང་སྟེ། ཆོས་མིང་བསྟན་འཛིན་ཐབས་མཁས་ཞེས་སྩལ། ལོ་དེ་གར་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་མཁས་པའི་འབྱུང་གནས་སུ་ཆོས་ཞུགས་བྱས། གྲྭ་ཚང་གི་སློབ་གྲྭར་སློབ་སྦྱོང་གི་རྨང་གཞི་བརྟན་པོ་ཚུགས་ཐབས་སུ་གོ་རིམ་ལྡན་པའི་ཐོག་ཡིག་རིགས་འབྲི་ཀློག་གི་སློབ་དཔོན་དུ་རྒན་ཡེ་ཤེས་སྟོབས་ལྡན་ལགས་བསྟན་ནས་བཀའ་དྲིན་ཤིན་ཏུ་ཆེན་པོས་སྐྱོང་བར་གནང་། གནས་ཀྱི་བླ་མ་དགེ་བའི་བཤེས་གཉེན་དགེ་བཤེས་སྦྱིན་པ་དབང་པོ་མཆོག་གིས་གྲྭ་ཚང་རིན་པོ་ཆེའི་ཆོས་སྤྱོད་རབ་གསལ་དང༌། བསྡུས་གྲྭ། བློ་རྟགས་སོགས་ལ་སློབ་སྟོན་བཀའ་དྲིན་བླ་མེད་དུ་བསྐྱངས། འབྲས་བློ་གླིང་གཙང་པ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱི་སྐུ་མདུན་ནས་རྒྱན་འཇུག་གཉིས་དང་། འཇམ་དཔལ་མཚན་བརྗོད། ལམ་རིམ་ཆེན་མོའི་ས་བཅད། ཕར་ཕྱིན་སྤྱི་དོན་ཚོགས་བློ་འཛིན་གང་མང་དང༌། ལམ་རིམ་གྱི་ཐོག་ནས་ཉམས་ལེན་བྱེད་ལུགས་ཀྱི་གདམས་པ་མི་ཉུང་བ་ཞིག་ཀྱང་སྩལ། དེ་བཞིན་དུ་དགེ་བའི་བཤེས་གཉེན་དགེ་བཤེས་མཐུ་སྟོབས་རིན་པོ་ཆེ་མཆོག་གིས་བསྡུས་གྲྭ་ནས་བཟུང་སློབ་ཚན་དབུ་བཙུགས་གནང་སྟེ་དཔེ་ཁྲིད་གནང་ནས་ལོ་ཤས་སོང་མཚམས་སུ་ཚ་བས་རྐྱེན་པས་ལུས་ཁམས་ཧ་ཅང་མི་བདེ་བས་༸རྒྱལ་བའི་བཞུགས་སྒར་དྷ་རམ་ས་ལར་སྨན་བཅོས་ཆེད་ཡོང་བ་དང་ཆབས་ཅིག་སུམ་རྟགས་དག་གསུམ་གྱི་རྩ་གཞུང༌། སྔགས་ཀློག་ཐབས་ཀྱི་རྩ་བ་དང༌། མངོན་རྟོགས་རྒྱན་སོགས་བློར་བཟུང་། ཕྱི་ལོ་ ༡༩༩༡ ནས་ ༡༩༩༧ བར་ལོ་ངོ་དྲུག་རིང་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དུ་ཟུར་ཞུགས་ཀྱི་ལམ་ནས་སློབ་གཉེར་བྱས་ཤིང་། ཕྱི་ལོ་ ༡༩༩༥ ལོར་བོད་མཁས་དབང་རག་ར་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བོད་ཀྱི་མཁས་དབང་གཙུག་གི་ནོར་བུར་གྱུར་པ་དགེ་འདུན་ཆོས་འཕེལ་ལགས་ཀྱི་ལྗགས་རྩོམ་གནང་སྟངས་ཀྱི་མན་ངག་ཡོངས་སུ་སྩལ་བར་མཛད།

བོད་ཀྱི་སྒྲ་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཞིག་ལ་མུ་མཐུད་དེ་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཤར་ཏེ་ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ས་རཱ་མཐོ་སློབ་ཁང་གི་སློབ་དཔོན་བཀའ་དྲིན་ཅན་རྒན་པ་སངས་ལགས་ཀྱིས་ཐུགས་བརྩེ་ཆེན་པོས་བོད་ཀྱི་རིག་གཞུང་རྣམས་ལ་ལོང་བར་མིག་སྦྱིན་ལྟ་བུའི་སློབ་ཁྲིད་དང་ལམ་སྟོན་བཟང་པོ་རྣམས་མཛུབ་མོ་རིས་སྟོན་གྱི་སྒོ་ནས་སྐྱོང་གནང་མཛད་བྱུང༌།

གཞན་ཡང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་རྒན་དམ་ཆོས་དཔལ་བཟང་ལགས་དང་། སློབ་དཔོན་དཀོན་མཆོག་ཤེས་རབ་ལགས་རྣམ་གཉིས་ཀྱིས་ཀྱང་བརྡ་སྤྲོད་ཀྱི་གཞུང་དང་། སྔགས་ཀློག་སོགས་སློབ་སྟོན་བཀའ་དྲིན་ཆེས་ཆེར་བསྐྱངས། ཡང་སྒོས་བཞུགས་སྒར་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་དང་སློབ་དཔོན་གཅིག་ལྕོགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་དབུས་སློབ་དཔོན་རྣམས་ཀྱི་ཞབས་ལ་ལོ་དྲུག་ཙམ་གཏུགས་ནས་མཚན་ཉིད་ཀྱི་གཞུང་དང་། བརྡ་སྤྲོད་ཀྱི་གཞུང་ལ་སྦྱངས། དེའི་རྗེས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་བཞི་ལྷག་ཙམ་གྱི་རིང་ལ་སློབ་སྤྱི་དགེ་བཤེས་པདྨ་རྡོ་རྗེ་ལགས་དང་། སློབ་སྤྱི་སྐུ་གཞོན་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་གཉིས་ཀྱི་དབུས་སློབ་དཔོན་རྣམས་ཀྱི་ཞབས་ལ་གཏུགས་ནས་ཆོས་རིག་གི་བསླབ་གཞི་གཙོ་བོར་གྱུར་པའི་རང་གི་རིག་གཞུང་དང་། བོད་མི་རིགས་ཀྱི་ལ་རྒྱ་འདོར་བ་མེད་པ་ཞིག་ཏུ་གྱུར། གོང་འཁོད་ལྟར་སློབ་དཔོན་ཟུར་དུ་བསྟེན་པ་རྣམས་ནི། བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་མི་རིགས་ཀྱི་ལ་རྒྱ་སོགས་ལ་ཐུགས་ཞེན་ཤིན་ཏུ་དཀར་བ་སློབ་དཔོན་བཀའ་དྲིན་ཅན་རྒན་པ་སངས་ལགས་དང༌། རིགས་སློབ་ཁང་གི་སློབ་དཔོན་དགེ་བཤེས་རྒྱ་མཚོ་ལགས། རྒན་དམ་ཆོས་དཔལ་བཟང་ལགས། རྒན་དཀོན་མཆོག་ཤེས་རབ་ལགས། རིགས་སློབ་མ་ལག་གཉིས་ཀྱིས་གུས་པའི་ཤེས་ཡོན་ཐོག་བཀའ་དྲིན་ཤིན་ཏུ་ཆེ་བས་སློབ་དཔོན་རྣམས་ཀྱི་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད།

མདོར་ན་འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་མངའ་བདག བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་གྱི་སྒྲོན་མེ་ཆེན་པོ། ལུས་ཅན་ཀུན་གྱི་སྤྱི་ནོར་བླ་ན་མ་མཆིས་པ་ྋགོང་ས་ྋསྐྱབས་མགོན་ཡིད་བཞིན་ནོར་བུ་དཔལ་བཟང་པོ་མཆོག་གིས་དབུས་པའི་བླ་མ་དུ་མའི་སྐུ་མདུན་ནས་ྋརྒྱལ་བའི་གསུང་རབ་མདོ་སྔགས་གཞུང་ལུགས་གཉིས་ཀའི་གདམས་པའི་རྒྱུན་མི་ཆད་པའི་བཀའ་ཆོས་ཟབ་རྒྱས་རྣམས་ཡང་ཡང་ཞུ་རྒྱུ་བྱུང་བའི་སྐལ་བཟང་དཔག་མེད་ཀྱང་ཐོབ། ཞར་བྱུང་དུ་བཙན་བྱོལ་བོད་མིའི་གཏན་འཇགས་སློབ་གྲྭ་ཁག་ལ་ཉེ་བར་མཁོ་བའི་བོད་ཀྱི་བརྡ་དག་བློ་གསལ་ཉེར་མཁོ་བརྩམས་ཤིང་། ནང་ཆོས་སྐོར་ཐར་པའི་ལམ་བཟང་དུ་བགྲོད་པའི་སྔོན་འགྲོའི་ལག་ལེན་བློ་གསལ་གཞོན་ནུའི་མིག་འབྱེད་ཅེས་པ་ཕྱོགས་སྒྲིག་ཞུས། མཐོ་སློབ་ཁང་དུ་སློབ་གཉེར་བྱེད་རིང་གསར་ཞུགས་སློབ་གཉེར་བ་མང་པོ་ཞིག་ལ་བོད་ཀྱི་རིག་གཞུང་གི་ཐོག་ཟུར་ཁྲིད་ཅི་ཐུབ་ཞུས་ཤིང་། ཉེ་སྔོན་ནས་བོད་གཞུང་ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པས་འབོད་སྐུལ་གནང་བ་ལྟར་སྔོན་བྱོན་བོད་ཀྱི་བརྡ་དག་ལ་ནང་བྱན་ཆུད་པའི་མཁས་མཆོག་རྣམས་ཀྱིས་ལྗགས་རྩོམ་མཛད་པའི་དག་ཡིག་གི་གཞུང་སློབ་གྲྭ་ཁག་ལ་ཁྲིད་རྒྱུན་ལྡན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གངས་ལྗོངས་བརྡ་དག་ཀུན་བཏུས་བཅས་ཁྱོན་བསྟན་བཅོས་པོད་གསུམ་རྩོམ་སྒྲིག་བགྱིས་པ་འདིས་ཀྱང་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་ཡུན་དུ་གནས་པ། རྒྱལ་བསྟན་ནོར་བུའི་བང་མཛོད་དེ་འཛིན་བོད་གངས་ཅན་པའི་སྐད་ཡིག་འདི་ཉིད་རིང་དུ་གནས་པའི་རྒྱུར་འགྱུར་བ། ལྷག་དོན་བོད་གངས་ཅན་ལྗོངས་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་འཚེ་མེད་ཞི་བདེའི་རྣམ་འདྲེན་ཆེན་པོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་པ། རླབས་ཆེན་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཅས་གོང་འཁོད་ལྟར་རིགས་རུས་ཡོངས་སུ་གྲགས་པའི་གྲལ་མཐར་གནས་པ་གུས་ལྡན་བསྟན་འཛིན་ཐབས་མཁས་སུ་འབོད་པས་རང་གི་ངོ་སྤྲོད་མདོར་བསྡུས་སུ་བཀོད་པ་ལགས།།

 

ཁོང་གི་ངོ་སྤྲོད་འདི་ཉིད་རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ནས་དཔར་འགྲེམས་གནང་བའི་ནང་ཆོས་ངོ་སྤྲོད་ཀུན་བཏུས་ལས་བཏུས་པ་ཡིན། བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་རིག་གནས་དགེ་རྒན་གནང་མུར་བར་ལམ་ལོ་མང་རྒན་མཆོག་གྲིབ་སྐྱོན་ཕོག་སྟེ་ཕྱི་ལོ་ ༢༠༢༠ ཟླ་བ་ ༥ ཚེས་ ༢༤ ཕྱི་དྲོ་སྐུ་ཚེའི་འཕེན་པ་རྫོགས་པས་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་དགེ་ལས་སློབ་མ་རྣམས་ནས་ད་བར་རྒན་མཆོག་ལ་ཞབས་ཞུ་དང་། རྗེས་འཇུག་གི་གནང་སྒོ་ཁག་ཧ་ཅང་ཡག་པོ་གནང་འདུག་པས། གོ་སྐབས་འདི་བརྒྱུད་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་དབུ་ལས་འདུས་མང་ལས་བྱེད་དང་བཅས་པར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

 

ཆེད་བརྗོད།

 

༄༅། །གཏན་ཉིན་སློབ་གྲྭའི་བོད་ཡིག་ཤེས་ཚད་ཉམས་ཆག་ཕྱིན་པའི་རྒྱུ་རྐྱེན་ནམ་མངོན་ཚུལ་གཙོ་བོ་ཞིག་ནི། རྩོམ་འབྲིའི་ནུས་པ་ཞན་པ་དེ་ཡིན་ལ། བརྡ་དག་ནི་རྩོམ་འབྲིའི་བྱ་བར་མེད་དུ་མི་རུང་བའི་ཆ་ལག་ཅིག་ཡིན་པས། འདི་ག་ཤེས་རིག་ལས་ཁུངས་ནས་སློབ་མའི་འབྲི་ཀློག་དོན་གསུམ་གྱི་གཞི་རྩའི་ནུས་རྩལ་གོང་མཐོར་གཏོང་རྒྱུ་དེ་སྐད་ཡིག་སློབ་སྦྱོང་གི་གཙོ་གནད་ཅིག་ཏུ་བཟུང་སྟེ་ཤུགས་སྣོན་རྒྱག་མུས་ཐོག ལྷག་བསམ་དང་མཁྱེན་ཡོན་ལྡན་པའི་མཁས་པ་དང་རྩོམ་པ་པོ་མང་དག་ཅིག་གིས་རང་རང་གི་ལེགས་སྐྱེས་ཕུལ་ཏེ་རམ་འདེགས་དང་རྒྱབ་སྐྱོར་གནང་དང་གནང་མུས་ལ་འདི་ནས་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་ཡིན།
སྐུ་ཞབས་འབྲས་གཙང་བསྟན་འཛིན་ཐབས་མཁས་ལགས་ཀྱིས་བརྩམས་པའི་བོད་ཀྱི་བརྡ་དག་བློ་གསལ་ཉེར་མཁོ་ཞེས་པའི་ཕྱག་དེབ་འདིའི་ནང༌། གཞི་རིམ་སློབ་གྲྭའི་སློབ་མར་ཉེར་མཁོའི་དག་ཡིག་སྒྲ་ཉེ་ཞིང་དོན་མི་འདྲ་བ་དུ་མ་ཞིག་བཀོད་ཡོད་པ་དང༌། དེབ་འདིའི་མཇུག་ཏུ་སློབ་མ་ཚོར་ཉེ་བར་མཁོ་བའི་རིག་གནས་བཅུའི་ངོ་སྤྲོད་དང༌། དགུ་མཐའ་དང་གྲངས་གནས། བཀྲ་ཤིས་རྟགས་བརྒྱད་ཀྱི་འགྲེལ་བཤད་སོགས་རྒྱུན་ཤེས་ཀྱིས་ཟུར་བརྒྱན་འདུག་པ་དེང་སྐབས་ཀྱི་སློབ་མ་ཚོར་ཕན་ཐོགས་ཡོང་རེ་འདུག་པས། འདི་ག་ལས་ཁུངས་ནས་དཔར་སྐྲུན་བགྱིས་ཏེ་གཏན་ཉིན་སློབ་གྲྭ་ཁག་ཏུ་རིན་མེད་འགྲེམས་སྤེལ་བྱས་པ་ཡིན།
མཐའ་དོན། དོ་བདག་རྩོམ་པོའི་ལྷག་བསམ་དང་མཛད་རྗེས་ལ་བསྔགས་བརྗོད་དང་བཅས་དཔར་སྐྲུན་གསལ་བཤད་དུ། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཚན་པས། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༦ ཉིན།

 

གླེང་བརྗོད།

    སྔོན་བྱོན་མཁས་པ་རྣམས་ཀྱིས་ལྗགས་རྩོམ་གནང་བའི་དག་ཡིག་རྒྱས་བསྡུས་མང་པོ་ཞིག་ཡོད་ཀྱང༌། བདག་གིས་མཐོང་ཐོས་བྱུང་བ་ནི་དག་སྡེབ་གྲངས་བཞི་བཅུ་ཞེ་གཉིས་ཙམ་དང༌། དེའི་ནང་ནས་དངོས་སུ་མཇལ་མྱོང་བ་ནི། ༡) སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ༢) སློབ་ཆུང་དག་ཡིག ༣) གསལ་སྒྲོན། ༤) མཁས་པ་དགའ་སྐྱེད། ༥) ངག་གི་སྒྲོན་མེ། ༦)  ཤེས་བྱ་རབ་གསལ། ༧) འཇུ་མི་ཕམ་པའི་ས་མཐའི་ཡང་འཇུག ༨)  བསྟན་དར་ལྷ་རམས་པའི་ས་མཐའི་ཡང་འཇུག ༩) ཕྱེ་མ་ལེབ་ཀྱི་གཤོག་རླབས། ༡༠)  མ་ནོར་ལམ་བཟང༌། ༡༡)  ཀུན་གསལ་མེ་ལོང༌། ༡༢)  གསར་བསྒྲིགས། ༡༣) བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ། ༡༤)  ཐོན་མིའི་དགོངས་རྒྱན། ༡༥)  བརྡ་དག་ཀུན་བཏུས། ༡༦)  བོད་ཀྱི་ཚིག་མཛོད་ཆེན་མོ་ལ་སོགས་པར་ཞིབ་མཇལ་ཞུས་ཁུལ་ཡིན། དེའི་ནང་ནས་རང་རེའི་གཞི་རིམ་སློབ་གྲྭ་ཁག་ལ་རྒྱུན་མཁོ་ཆེ་བ་དང་སྦྱོང་བདེར་གྱུར་པ་ནི་ཆེས་ཉུང་ཙམ་ལས་མི་འདུག དེས་ན་དུས་ད་རེས་སྐབས་སུ་བབ་པ། གུས་པས་འབྲི་རྩོམ་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ་གཙོ་བོ་ནི། བོད་ཀྱི་འབྲིང་རིམ་སློབ་གྲྭ་ཁག་ཡན་དང༌། གཞན་ཡང་བོད་ཡིག་ལ་དོན་གཉེར་ཅན་གསར་བུ་བ་རྣམས་ལ་སྨན་པའི་སླད་དུ། ས་རཱ་བོད་ཀྱི་གཙུག་ལག་མཐོ་སློབ་ཁང་དུ་སྐབས་དང་པོའི་མཐོ་རིམ་རིག་གནས་ཀྱི་སློབ་གཉེར་ལོ་གསུམ་དང༌། འབྲིང་རིམ་དགེ་འོས་སྦྱོང་བརྡར་ལོ་གཅིག་དང་ཟླ་བ་བཞི་ཙམ་གྱི་རིང་ལ་ཞར་བྱུང་དུ་བྲིས་ཤིང༌། འདི་ནི་ཆོས་རིག་སོགས་ཀྱི་དག་སྡེབ་ཉམས་པ་སླར་གསོ་དང༌། མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་དམིགས་པ་ཞིག་ཡིན་ཞིང༌། བརྡ་དག་བློ་གསལ་ཉེར་མཁོ་འདིའི་སྦྱོར་ཚུལ་ནི་སྒྲ་གདངས་འདྲ་ལ་དོན་མི་འདྲ་བ་དབྱེ་འབྱེད་གསལ་པོ་ཤེས་ཐབས་སུ་མིང་ཚིག་བེད་སྤྱོད་བྱེད་སྟངས་ཚིག་གྲོགས་སུ་སྦྱར་བ་ཚིགས་སུ་བཅད་པའི་ལམ་ནས་བྲིས་ཡོད། དེ་ནི་ལས་དང་པོ་བ་རྣམས་ཀྱིས་སྦྱོང་བདེ་བ་དང༌། བློ་འཛིན་བྱེད་ནའང་བྱེད་བདེ་བའི་ཆེད་དུ་ཡིན། དེ་ཡང་གོང་དུ་བརྗོད་པ་བཞིན་སྒྲ་གདངས་འདྲ་ལ་དོན་མི་འདྲ་བ།
དཔེར་ན། གྲ། དྲ། བྲ། འདྲ། དགྲ། སྒྲ། རྣམ། རྣམས། གནམ། བསྣམས། མཛད། འཛད། རྫས། མཛེས། བརྫེས། བཤད། ཤད། ཤེད། ཤེས། ཤས།  འཇགས། འཇག ལྗགས་ལ་སོགས་པའི་སྒྲ་གདངས་འདྲ་བ་རྣམས་དོན་གྱི་ཁྱད་པར་ཕྱེ་ནས་འབྲི་དུས་ལས་དང་པོ་བ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཆུང་ཆུང་མ་ཡིན་པ་ཞིག་ཏུ་མཐོང་བས། དེ་དག་རེ་རེ་ལ་ཚིག་གྲོགས་སྦྱར་ནས་བེད་སྤྱོད་བྱེད་སྟངས་ལས་སླ་པོའི་ཐོག་བྲིས་ཡོད། འོན་ཀྱང་ཚིགས་བཅད་རེ་གཉིས་ལ་བརྗོད་པ་མ་བདེ་བ་ཡོད་སྲིད་མོད། གཙོ་བོ་དག་ཆ་ཁུངས་དག་ཤེས་ཐབས་ཁོ་ནར་དམིགས་པ་ཞིག་ལགས།
དཔེ་དེབ་འདི་གྲུབ་པའི་བརྒྱུད་རིམ་ནང་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ནས་བོང་བ་གསེར་གཟིགས་ཀྱིས་པར་སྐྲུན་གནང་བར་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་རྒྱུ་དང༌། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་རྒྱ་མཚོ་ལགས་མཆོག་ནས་རྩ་ཆེའི་དགོངས་འཆར་དང་ལམ་སྟོན་བཟང་པོ་གནང་བར་མ་ཟད། མ་ཟིན་ལ་ཞུ་དག་ཞིབ་གཟིགས་གནང་བ། དེ་བཞིན་རྡ་ས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་ཉམས་ཞིབ་པ་ངམ་རིང་བློ་བཟང་བསྟན་དར་ལགས་ནས་ཞུ་དག་དང༌། པར་རྩ་འཇུག་སྒྲིག  དེབ་གཟུགས་ཕྱི་ནང་ཁྱོན་ཡོངས་ཀྱི་ཇུས་འགོད་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རྒྱལ་ལོ་ ༢༡༢༨ ཕྱི་ལོ་  ༢༠༠༡།༥།༡༠ ལ་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་སྦྱར་བ་དགེའོ།། །།

སླར་ཞུ་དོན།

པར་ཐེངས་དང་པོ་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་ཉིན་སློབ་གྲྭ་ཁག་ཏུ་རིན་མེད་འགྲེམས་སྤེལ་གནང་བ་ལ་བརྟེན་ནས་སློབ་གྲྭ་ཁག་གཙོ་བོར་གྱུར་པའི་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་བས་བསྐྱར་དུ་པར་སྐྲུན་དགོས་པའི་རེ་སྐུལ་གནང་མཁན་མི་ཉུང་བ་ཞིག་བྱུང་སྟབས། རང་གཞུང་ཤེས་རིག་པར་ཁང་ལ་བསྐྱར་པར་རེ་འདུན་ཞུས་པ་ལྟར་ཞལ་བཞེས་པར་སྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠།༨།༡༠ ཉིན། རྩོམ་པ་པོས།

 

ཤེས་རིག་གི་དྲ་རྒྱ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།