བྱ་བའི་ཡང་རྩེ་སྒོམ་ཡིན་པར་གདམས་པའི་གཏམ་ཚངས་དབྱངས།

བྱ་བའི་ཡང་རྩེ་སྒོམ་ཡིན་པར་གདམས་པའི་གཏམ་ཚངས་དབྱངས།
གཙང་གི་མཁན་ཆེན་ཧའོ་རིན་པོ་ཆེ་ཚེ་དབང་དོན་གྲུབ།

སྟོང་ཁམས་དངོས་ཀུན་ཞིག་པའི་དཔྱིད་ཕུད་ཀྱི་བདག་པོ། །

རང་རིག་ཆོས་སྐུའི་བླ་མ་ཁྱེད་རང་གིས་ཁྱེན་ནོ། །

སྣང་སྲིད་འཁོར་འདས་ཞིག་པའི་གྱང་རུལ་གྱི་གཟེབ་ནས། །

ཞིག་མེད་རིག་པའི་བུ་ཡིས་གསོལ་བ་རང་འདེབས་སོ། །

ཡེ་ནས་ཞིག་པའི་སྣང་སྲིད་འཁོར་འདས་ཀྱི་རོལ་པར། །

ཞིག་མེད་དམ་པོ་བཟུང་བའི་སེམས་ཅན་གྱི་ཚོགས་རྣམས། །

ཐར་མེད་སྡུག་བསྔལ་མྱོང་བའི་སྣང་ཚུལ་དེ་མཐོང་ཚེ། །

དབང་མེད་སྙིང་རྗེའི་རྩལ་སྣང་ཤུགས་འབྱུང་དུ་ཤར་སོང་། །

ཨ་ཧོ་ཉམས་དགའ་དབེན་གནས་རི་ཁྲོད་ཀྱི་བས་མཐར། །

དལ་མེད་རྩེ་གཅིག་སྒྲུབ་ལ་བརྩོན་པ་ཡི་བུ་སློབ། །

ཁྱོད་ཚོའི་སྤྱོད་ལམ་བདེ་བའི་རང་བཞིན་ཉིད་ཡིན་པས། །

སྤྱོད་པ་ཀུན་གྱི་ཡང་རྩེར་ཤེས་པ་རང་གྱིས་ཤིག །

སེམས་སྣང་ཕྱི་རུ་འཆར་བའི་འཁོར་འདས་ཀྱི་དངོས་པོར། །

ཞིག་དང་མ་ཞིག་བཙལ་བའི་ཅི་ཞིག་ཏུ་ཕན་སྟེ། །

ཞིག་མེད་རིག་པའི་བུ་ཆུང་ཟངས་ཐལ་དུ་འདུག་པ། །

རྒྱ་ཡན་རྗེན་པར་སྐྱོངས་ཤིག་སྐལ་ལྡན་གྱི་བུ་སློབ། །

དལ་མེད་རང་ལ་བལྟ་བའི་ཚིག་གཅིག་གི་གདམ་ངག །

ཉམས་ལེན་སྙིང་པོ་གཞན་གྱི་དོ་ཟླ་རུ་མེད་པས། །

ཉམས་ལེན་གནམ་དུ་འགྱིང་བའི་མཛེས་སྡུག་ལས་འདས་ཏེ། །

མཐའ་བྲལ་གནམ་གྱི་བདེ་ཀློང་ཡངས་པ་རུ་རྩེན་ཅིག །

དེ་ལྟའི་ཉམས་ལེན་བཤད་སྒྲུབ་ཡོད་ཚད་ཀྱི་ཡང་རྩེ། །

ཡིན་པར་ཤེས་པའི་རབ་དགའི་ཏིང་འཛིན་དང་འགྲོགས་ཏེ། །

ཐང་ལྷོད་མེད་པའི་བརྩོན་པ་སྙིང་ཁོངས་སུ་སྐྱིལ་ནས། །

དར་སེང་དཀར་མོ་བག་ཡངས་རྩལ་ཆེན་ལ་སློབ་ཅིག །

དེང་སང་སྔ་འགྱུར་རིག་འཛིན་རྒྱུད་པ་ཡི་ཞལ་ཆབ། །

ཀུན་ཀྱང་རི་མོའི་གཟུགས་བརྙན་ཡང་བརྙན་དུ་མཐོང་ཞིང་། །

ཀླད་མེད་མི་བུ་ཅོལ་ཆུང་གཞན་རྗེས་སུ་འབྲང་ཞིང་། །

མན་ངག་སྙིང་ནོར་ཁྱི་མདུན་རྩྭ་བཞིན་ལ་བསམ་ན། །

ཁྱེད་ཅག་སྐལ་བཟང་བཟང་བའི་ངང་ཚུལ་ལ་དགོངས་ནས། །

རིག་འཛིན་པད་མས་ལེགས་སོའི་དབུགས་དབྱུང་གི་མེ་ཏོག །

པད་རི་པད་མ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ནས། །

བྱིན་རླབས་འབུམ་གྱིས་བརྒྱན་པའི་ཕྱག་ཡངས་ཀྱིས་འཐོར་ངེས། །

འདི་ལྟའི་ཉམས་དགའ་བདེ་སྟོང་ཚོགས་གྲལ་གྱི་དཀྱིལ་ནས། །

ཡིད་ཀྱི་ཁྱེའུ་ཆུང་བྲེལ་བའི་བྲོ་གར་དང་ཆབས་ཅིག །

བདེན་པའི་ངང་ཚུལ་བརྗོད་པ་ཚིག་རྒྱན་གྱིས་སྤུད་དེ། །

དབང་མེད་ཉམས་མགུར་གླུ་རུ་ཤུགས་འབྱུང་གིས་ཤོར་སོང་། །

དགེ་འདིས་ཀུན་བཟང་འགྱུར་མེད་བདེ་ཆེན་གྱི་གོ་འཕང་། །

མ་ལུས་འགྲོ་ལ་འགྱེད་པའི་དེད་དཔོན་དུ་གྱུར་ཅིང་། །

ཕུན་ཚོགས་བཀྲ་ཤིས་བརྩེགས་པའི་མེ་ཏོག་གི་ཆར་ཆེན། །

ས་གཞིའི་དཀྱིལ་འཁོར་ཀུན་ལ་འབེབ་པ་རུ་འགྱུར་ཅིག །

ཅེས་པའང་ཨོ་རྒྱན་ཆེན་པོའི་གདམས་ཟབ་ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་ཡིག་ཁྱབ་བདག་བླ་མ་གཏེར་ཆེན་འགྱུར་མེད་རྡོ་རྗེས་བཀའ་བསྐུལ་བ་བཞིན། རིག་འཛིན་པད་མ་ཕྲིན་ལས་ཀྱིས་མཛད་པ་ཉམས་ཁྲིད་གྲུབ་པའི་གཏང་རག་དང་། སྒྲུབ་གྲྭ་བ་རྣམས་སླར་ཡང་ཉམས་ལེན་རྩེ་གཅིག་ཏུ་བརྩོན་པའི་དུས་སྐབས་བཟང་པོའི་ཚོགས་གྲལ་དུ་སྒོམ་ལ་སྐུལ་སློང་གི་ཆེད་དུ། གཙང་དཔལ་ཆེན་ཧའོ་དགོན་ཇོ་མོ་ཚེ་རིང་མའི་རི་སྟེང་སྒྲུབ་ཁང་དུ་མཁན་མིང་ཚེ་དབང་དོན་གྲུབ་རིག་འཛིན་དུ་འབོད་པས། 2015 ལོའི་ཧོར་ཟླ་2 ཚེས་29 ཉིན་བྲིས་པའོ། །

བརྒྱུད་སྐུལ།

མཆན་སྤེལ།