རྩོམ་པ་པོ་བཀྲིས་དཔལ་ལྡན་གྱིས་དཔེ་ཀློག་དུས་ཆེན་ལ་སྐུར་བའི་ཕྱག་རྟགས།

ལོ་རེར་དུས་རེའི་འཛམ་གླིང་དཔེ་ཀློག་ཉིན་མོ་འཆར་བའི་སྐབས་འདིར་བདག་གིས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཅི་ཞིག་འབུལ་བར་བྱ་སྙམ་པའི་སྐབས་འདིར།  དཔེ་སྐྲུན་ཁང་ལ་དཔར་སྐྲུན་བྱ་རྒྱུར་ཕུལ་ནས་ཡུན་རིང་མ་སོང་བའི་བདག་དང་བདག་གི་ཞིབ་འཇུག་སློབ་མ་ཁ་ཤས་ཀྱིས་ལོ་ཤས་མཉམ་དུ་འབད་བརྩོན་བྱས་ནས་གྲུབ་པའི་འཛམ་གླིང་གི་བསྟན་བཅོས་གྲགས་ཅན《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》བོད་འགྱུར་མའི་བསྒྱུར་བྱང་འདི་ཚང་མ་དང་མཉམ་དུ་མྱོང་རོལ་དང་སྦྲགས།  དཔེ་དེབ་དེ་ཉིད་གང་མྱུར་དཔེ་སྐྲུན་ཁང་ནས་དཔར་འཆར་ཡོད་པས་ཚོང་བརྡ་དང་མཉམ་དུ་འབུལ་བས་དགྱེས་གཟིགས་འཚལ།

《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》བསྒྱུར་བྱང་།

 

《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ཞེས་བྱ་བ་འདི་ནི་དུས་རབས་བཅུ་བདུན་པའི་ནང་གི་སི་ཕེན་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་བ་དང་།  བསམ་བློ་བ།  ཡེ་ཤུ་ཚོགས་པའི་སློབ་དཔོན་བཅས་ཡིན་པའི་བྷལ་ཐ་སར·གྷོ་ར་སེ་ཨེན་གྱི་བརྩམས་ཆོས་སྐད་གྲགས་ཅན་ཞིག་ཡིན།  ཁོང་སྤྱི་ལོ་1619ལོར་འཁྲུངས།  1637ལོར་ཁོང་གི་བརྩམས་ཆོས་ཐོག་མ《དཔའ་བོ》ཞེས་པ་དཔེ་སྐྲུན་བྱས་མ་ཐག་སྐད་གྲགས་ཆོད།  1640ལོར་གཙོ་འཛིན་གྱི་བྱང་ཚད་སྐོར་བྲིས་པའི་《ཆབ་སྲིད་མཁས་ཅན》ཞེས་པ་བཏོན་པ་དང་།  1647ལོར་གྲགས་རྩོམ《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ཞེས་བྱ་བ་བཏོན་ནས་དེའི་སྙན་གྲགས་ཀྱི་བ་དན་གང་སར་ཁྱབ་པས་ད་བར་འཛམ་གླིང་ཐོག་གི་སྐད་རིགས་སུམ་ཅུ་ལྷག་ལ་བསྒྱུར་ནས་སྐྱེ་བོ་དུ་མའི་འཇིག་རྟེན་མི་ཆོས་ཀྱི་བླང་དོར་གྱི་བློ་མིག་འབྱེད་པའི་གསར་ཐུར་དུ་གྱུར་ཡོད་ཅིང་།  དབྱིན་ཡིག་གི་འགྱུར་མ་ཁོ་ན་ཁག་བདུན་ཡོད་པ་དང་།  རྒྱ་ཡིག་གི་འགྱུར་མ་ཡང་ཁག་ཁ་ཤས་ཡོད་འདུག

 

གཅིག  བསྟན་བཅོས་ཀྱི་ནང་དོན།

 

དེབ་འདིའི་ནང་བསྟན་པ་ནི་མིའི་རྣམ་ཤེས་དང་།  གཤིས་རྒྱུད།  སེམས་འགྱུ།  བྱ་སྤྱོད་བཅས་རྟོགས་པར་བྱེད་པའི་ཐབས་རྩལ་ཡིན་ཞིང་།  འདི་ལ་བརྟེན་ནས་སྐྱེ་བོ་གང་ཞིག་འཇིག་རྟེན་ཐོག་བྱ་གཞག་ལེགས་འགྲུབ་དང་སྙན་གྲགས་ཀྱིས་ཁྱབ་ཅིང་ཡང་རྩེར་སོན་པ་ཞིག་ཡོང་བའི་ཐབས་ཇུས་ཡིན། བསྟན་བཅོས་ནང་ཁྱོན་འཇིག་རྟེན་གནས་ལུགས་སྟོན་པའི་ལེགས་བཤད་ཁག་གསུམ་བརྒྱ་ཐམ་པ་ཡོད་པ་ཚང་མ་ཚིག་ཉུང་ལ་དོན་ཟབ་པ་དང་།  ལེགས་བཤད་རེ་རེ་བཞིན་འོ་ཕྱུར་མཁྲེགས་པོ་ཞིག་དང་འདྲ་བར་དལ་བུར་ཅག་ཅག་བྱས་ན་བྲོ་ཞིམ་རབ་ཏུ་མྱོང་རྒྱུ་ཡོད་པ་ཞེ་གཅིག་ཡིན།  དེས་ན་འཇར་མན་གྱི་མཚན་ཉིད་རིག་པ་མཁས་ཅན་ཤོ་པིན་ཧའོཝར་གྱིས“དཔེ་དེབ་འདི་ལྟ་བུ་ཐེངས་གཅིག་བཀླགས་པས་མི་ཚིམ་པར་འདི་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཆོག་པའི་དཔེ་དེབ་ཅིག་སྟེ།  མདོར་ན་འདི་ནི་མི་ཚེ་གཅིག་ལ་མཉམ་དུ་འགྲོགས་འོས་པའོ”ཞེས་དང་།  ཡང་འཇར་མན་གྱི་མཚན་ཉིད་རིག་པ་མཁས་ཅན་ནི་ཚེ་ཡིས“《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ནང་བསྟན་པའི་མི་ཚེའི་ཉམས་མྱོང་དག་ལས་དུས་ད་ལྟའང་འགྲན་ཟླ་བྲལ་བའི་ཤེས་རབ་དང་རྟོགས་པ་ཞིག་སྟོན་ནོ”ཞེས་གདེང་འཇོག་བྱས་འདུག  དེ་བཞིན་དབྱིན་སྒྱུར་ལོ་ཙཱ་བས་དེབ་འདི་ངོ་སྤྲོད་བྱེད་སྐབས་“དཔེ་དེབ་འདི་བཞིན་གྲོགས་པོ་དང་ལས་རོགས་ལ་སོགས་པ་དང་མཉམ་རོལ་མ་བྱས་ཐུ་མེད་ལགས་ཏེ།  འདིའི་ནང་བསྟན་པའི་ལེགས་བཤད་དང་།  དྲན་སྐུལ་དག་ནི་གཏིང་ཤིན་ཏུ་ཟབ་པས་དགྲ་བོ་དང་འགྲན་ཡའི་གཡོ་འོག་ཏུ་མི་ཚུད་པར་བྱེད་པའི་ལེགས་བཤད་དོ”ཞེས་ངོ་སྤྲོད་བྱས་ཡོད། 

གཉིས།  བོད་འགྱུར་གྱི་དགོས་པ།

 

བོད་ཡིག་ནང་སྔར་ནས་ད་བར་རྒྱ་གར་ནས་བསྒྱུར་བ་དང་།  བོད་ཀྱི་མཁས་དབང་ཚོས་བརྩམས་པའི་ཆོས་དང་འཇིག་རྟེན་གྱི་འགྲོ་ལུགས་སྟོན་པའི་བསྟན་བཅོས་དང་ལེགས་བཤད་ཧ་ཅང་མང་པོ་ཡོད་པ་དང་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་སྨོས་ཅི།  འོན་ཀྱང་དེ་དག་གི་རྩ་བའི་དགོངས་པ་ནི་ནང་པ་སངས་རྒྱས་ཀྱི་རྩ་བའི་དགོངས་པ་ལས་མ་འདས་ཤིང་།  དམ་པའི་ལྷ་ཆོས་ལ་དམིགས་ནས་འཇིག་རྟེན་མི་ཆོས་ཀྱི་གནད་ལུགས་བསྟན་པ་གཙོ་བོར་བཞག་པ་ཞིག་ཡིན་པས་ཡ་རབས་བཟང་པོའི་རྩ་དོན་དང་།  ཚད་གཞི  ཐབས་རྩལ་བཅས་བསྟན་པ་ཞིག་ཡིན།  འོན་ཀྱང་མི་དང་མིའི་དབར་གྱི་འབྲེལ་བ་རྙོག་འཛིང་ཆེ་བ་དང་།  མི་ཕན་ཚུན་གྱི་བསམ་བློ་དཔོག་དཀའ་བ།  འཚོ་གནས་ཀྱི་ཁོར་ཡུག་གུ་དོག་ལ་ཉེན་ཁའི་འོབས་དོང་གིས་གང་བ།  འགྲན་རྩོད་རྣོ་ངར་ཆེ་བ།  བླང་དོར་གྱི་གནས་ལ་ཐེ་ཚོམ་དང་སོམ་ཉིའི་འདྲི་རྟགས་ཀྱིས་གང་བ་སོགས་ལ་བསམ་ན།  བསྟན་བཅོས་འདི་ནི་མི་རྣམས་ལ་ཡ་རབས་བཟང་པོ་དང་།  འཇིག་རྟེན་མི་ཆོས་དང་མཐུན་པའི་མི་ཞིག་བྱེད་སྟངས་ཀྱི་གནས་ལུགས་སྟོན་པ་ཙམ་མ་ཟད།  ད་དུང་འཇིག་རྟེན་བྱ་བའི་བླང་དོར་གནས་ལ་མ་རྨོངས་པའི་སྤྱང་གྲུང་དང་བག་ཟོན་ལྡན་པ་ཞིག་ཡོང་ཐབས་སྟོན་པ་ཡིན་པས།  འདི་ནི་སྐྱེ་བོ་གསོ་ཐིགས་དང་ས་སྐྱ་ལེགས་བཤད་ལྟར་གྱི་སྐྱེ་བོ་བཟང་ངན་བརྟག་པའི་རྡོ་ཀ་ཤུ་ཀ་ལྟར་ཡིན་ལ།  ལེགས་བཤད་འཕྲུལ་གྱི་དྲ་བ་ལྟར་གྱི་འཇིག་རྟེན་བླངས་དོར་སྟོན་པའི་མེ་ལོང་ཙམ་མ་ཟད།  དེ་བས་ཀྱང་འཇིག་རྟེན་གི་བྱ་བ་དང་།  མི།  གནས་ལུགས་ཐམས་ཅད་ལ་མ་ཁྱབ་པ་མེད་པའི་རྒྱ་ཆེ་ལ་གཏིང་ཟབ་པ་དང་།  བྱེ་བྲག་ཞིབ་མོར་རྣམ་པར་འབྱེད་ནས་བླངས་དོར་གྱི་གནས་མ་ལུས་པ་སྟོན་པའི་ལེགས་བཤད་ཕུལ་དུ་བྱུང་བ་ཞིག་ཡིན་ནོ།  དེས་ན་བསྟན་བཅོས་ཀྱི་དཔེ་མིང་སྒྱུར་སྟངས་ཐད་ལའང་བསམ་བློ་མང་དག་བཏང་བ་དང་བསམ་འཆར་བསྡུ་ལེན་བྱས་པའི་ནང“འཇིག་རྟེན་ལེགས་བཤད”དང་། “འཚོ་བའི་ལེགས་བཤད”“བློ་གྲོས་འཇུག་པ”“ཤེས་རབ་ཀྱི་མདོ”“འཇིག་རྟེན་མི་ཆོས་ལེགས་བཤད”“འཇིག་རྟེན་འཇུག་ལྡོག་བསྟན་བཅོས”“འཇིག་རྟེན་བླང་དོར་ལེགས་བཤད”ལྟ་བུ་མང་པོ་ཞིག་བསམ་བློར་འཁོར་ལ།  ད་དུང་མཁས་དབང་ལ་ལས“ཤེས་རབ་ཀྱི་གླེགས་བམ”“ཤེས་རབ་ཀྱི་བེའུ་བུམ”སོགས་ཀྱི་གྲོས་འགོ་བཏོན་གནང་བྱུང་།  འོན་ཀྱང་བསྟན་བཅོས་འདི་ནི་གཞོན་ནུ་ཚོས་བལྟས་ན་རང་ཉིད་ཀྱི་བླང་དོར་བློ་མིག་ན་སོ་དར་ཡོལ་གྱི་ཆུ་ཚད་ལ་སླེབས་ནས་མ་འོངས་པའི་མི་ཚེའི་ལམ་བུ་དེ་བས་བདེ་རུ་འགྲོ་ཐུབ་པ་དང་།  དར་མ་ཚོས་བལྟས་ན་རང་ཉིད་ཀྱི་མི་ཚེའི་བགྲོད་ལམ་ལ་ཕྱོགས་བསྡོམས་ཀྱིས་ཡོ་བསྲང་ཐུབ་པའི་དགེ་མཚན་བསམ་གྱིས་མི་ཁྱབ་པ།   རྒན་རབས་ཚོས་བལྟས་ན་ད་གཟོད་མཇལ་བ་ཕྱི་དྲགས་འདུག་ཨང་སྙམ་པའི་སྣང་བ་སྟེར་བ་བཅས།  འདི་ནི་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་སྟོན་པའི་བསྟན་བཅོས་རང་དུ་མཐོང་བས་མཐར་《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》ལ་དཔེ་བླངས་པ་དང་རིགས་འགྲེའི་སྒོ་ནས《འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མི་ཚེའི་རྒྱན》ཞེས་འདོགས་པ་ལས་འཚམས་པ་མེད་པར་སྙམ་པས་དཔེ་མིང་ཡང་དེ་ལྟར་བཏགས་ཏེ་རང་སྡེའི་རིགས་ལ་ཅུང་ཚད་ཕན་རེའི་བློས་རྒྱ་ཡིག་ལས་བསྒྱུར་བའི་ངལ་བ་བྱས་སོ།། 

གསུམ།  ཡིག་སྒྱུར་གྱི་བརྗེད་བྱང་།

 

ཡིག་སྒྱུར་གྱི་སྐོར་ལ་སྐུ་ཞབས་ལུའུ་ཞུན་གྱིས་“ངའི་སེམས་ལ་ཡིག་སྒྱུར་ནི་གསར་རྩོམ་ལས་ལས་སླ་བར་སེམས་ཤིང་།  མ་མཐར་ཡང་བློས་བསླངས་བྱེད་མི་དགོས་སྙམ།  འོན་ཀྱང་དངོས་སུ་ཡིག་སྒྱུར་བྱེད་སྐབས་ད་གཟོད་ལས་སླ་པོ་མ་ཡིན་པ་དཔེར་ན།  མིང་ཚིག་ཞིག་གམ་བྱ་ཚིག་མཁྲེགས་པོ་ཞིག་ལ་ཐུག་སྐབས་གསར་རྩོམ་བྱེད་དུས་གཡོལ་བར་ཆོག་ཀྱང་ཡིག་སྒྱུར་སྐབས་མ་ཡིག་གི་དོན་ཇི་བཞིན་བསྒྱུར་དགོས་པ་ལས་གཡོལ་ཐབས་མེད་པས་བསམ་བློ་མགོ་ན་ན་གཏོང་དགོས་ཤིང་།  དེ་ཡང་ཁེབས་གཅོད་ཕྱེ་ལ་རེམས་པའི་སྒམ་གྱི་ལྡེ་མིག་ཀླད་པའི་ནང་ནས་འཚོལ་དགོས་ཀྱང་མི་རྙེད་པ་ཇི་བཞིན་ནོ”ཞེས་དང་།  ཕྱི་རྒྱལ་གྱི་ལོ་ཙཱ་བ་གྲགས་ཅན་ཞིག་གིས་ཀྱང“ཡིག་སྒྱུར་ནི་སྦྱིན་བདག་གཉིས་ལ་སྲི་ཞུ་སྒྲུབ་དགོས་པའི་གཡོག་པོ་ཞིག་དང་འདྲའོ”ཞེས་གཡས་གཡོན་གཉིས་ཀ་ལ་ལྟ་རྟོག་དང་སྲི་ཞུ་རྣམ་དག་སྒྲུབ་དགོས་ལུགས་གསུངས་པ་ལྟར།  མ་ཡིག་གི་དོན་ཇི་མ་ཇི་བཞིན་འགྱུར་ཡིག་ནང་བསྟན་ཏེ་རྩོམ་ཡིག་གང་ཞིག་མ་ཡིག་ཀློག་པ་པོས་བལྟས་རྗེས་ཐོབ་པའི་ཆ་འཕྲིན་ཡོངས་རྫོགས་འགྱུར་ཡིག་ཀློག་པ་པོས་འགྱུར་ཡིག་བལྟས་རྗེས་ཀྱང་ཐོབ་དགོས་པ་དང་།  དེ་བཞིན་མ་ཡིག་གི་སྒྲིག་གཞི་དང་།  ཚིག་སྦྱོར།  ཉམས་འགྱུར་བཅས་པ་ཡང་འགྱུར་ཡིག་ནང་མ་ཉམས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཡིག་སྒྱུར་བྱེད་ཐབས་ལེགས་ཤོས་དེ་ཡིན་པས།  ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་ཡིག་སྒྱུར་གྱི་རྩ་དོན་དང་།  ཚད་གཞི།  སྒྱུར་ཐབས་བཅས་ཀྱི་ཐད་དོན་འགྱུར་ཐལ་ཆེ་བར་མ་སོང་བར་མ་རྩོམ་གྱི་ཉམས་འགྱུར་ཡང་སྲུང་འཛིན་གང་ཐུབ་བྱས་ཡོད།བོད་འགྱུར་མ་འདི་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་2009ལོར་དཔེ་སྐྲུན་བྱས་པ་དང་།  2013ལོར་པར་ཐེངས་ལྔ་པ་བརྒྱབ་པའི་རྒྱ་ཡིག་གི་ལོ་ཙཱ་བ་ཝང་ཡུང་ཧྥེན་གྱི་འགྱུར་ཡིག་གཙོ་བོར་བཟུང་བའི་རྨང་གཞིའི་ཐོག་དགེ་རྒན་ཆེ་མོ་བ་ཀུའུ་ཀྲེང་ཁུན་གྱི་འགྱུར་ཡིག་ལའང་དཔྱད་གཞི་བཟུང་ཞིང་།  འོན་ཀྱང་འགྱུར་ཡིག་དེ་གཉིས་ཀྱི་ཉམས་འགྱུར་ཐད་ཧེ་བག་ཆེ་བ་དང་།  ཝང་ཡུང་ཧྥེན་གྱི་འགྱུར་ཡིག་ནི་ཚིག་སྡུད་ཆེ་ལ་བྱིན་ཆགས་པ་དང་།  ལེགས་བཤད་བསྟན་བཅོས་ཀྱི་ཉམས་ཀྱིས་ཕྱུག་པ་ཞིག་ལགས་པས་འགྱུར་ཡིག་གི་ཉམས་འགྱུར་ཐད་ལོ་ཙཱ་བ་ཝང་ཡུང་ཧྥེན་གྱི་མ་ཡིག་སོར་བཞག་བྱས་ཡོད།  འོན་ཀྱང་རྒྱ་ཡིག་ནང་དུའང་དབྱིན་ཡིག་གྱི་རྩོམ་གཤིས་མངོན་གསལ་དོད་པས་རྩོམ་གྱི་སྒྲིག་གཞིའི་ཐད་བོད་ཡིག་གི་རྩོམ་སྲོལ་དང་མི་འདྲ་བའི་ཆ་མང་དུ་མཆིས་ཀྱང་འགྱུར་ཡིག་སྤྱི་དང་།  ལྷག་པར་དུ་ལེགས་བཤད་བསྟན་བཅོས་འདི་ལྟ་བུ་ངེས་པར་དུ་ཤིན་ཏུ་གོ་བདེར་བཀྲལ་པའི་དགོས་པ་མ་མཆིས་ཤིང་།  ཀློག་པ་པོ་ཞིག་གི་ངོས་བརྗོད་ན་རྒྱུན་འདོན་ཞལ་འདོན་དང་འདྲ་བར་ལག་ཏུ་འབྲལ་མེད་བཅངས་ནས་ཡང་ཡང་ལྟ་བ་དང་ཞིབ་མོའི་བློས་དཔྱད་ན་ད་གཟོད་དོན་སྙིང་རྟོགས་ཐུབ་པ་དང་བླང་དོར་གྱི་བློ་མིག་ཡངས་པོར་འབྱེད་ཐུབ་པ་ཞིག་ཡིན་པ་གང་ཞིག  རིག་གནས་ཀྱི་ཆུ་ཚད་ངེས་ཅན་ལྡན་པ་དང་།  གང་ཅིའི་བྱང་ཚད་མཐོ་ཙམ་གྱི་ཀློག་པ་པོ་ལ་དམིགས་པ་ཞིག་ལགས་པས་གོ་བདེ་གཙོ་བོའི་ངལ་བ་མ་བྱས་སོ།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་འདི་བཞིན་ཁོ་བོས་བོད་ལྗོངས་སློབ་ཆེན་གྱི་ཡིག་སྒྱུར་ཞིབ་འཇུག་སློབ་མ་ཐོན་རིམ་པ་ཁག་གཅིག་ལ་ཡིག་སྒྱུར་ལག་ལེན་གྱི་སློབ་ཚན་འཁྲིད་པའི་བརྒྱུད་རིམ་ནང་དགེ་སློབ་མཉམ་ལས་ཀྱིས་འཛམ་གླིང་ཐོག་གི་གྲགས་རྩོམ་ཞིག་བོད་ཡིག་ལ་བསྒྱུར་ནས་གངས་ཅན་རིག་མཛོད་ཕུན་སུམ་ཚོགས་སུ་གཏོང་བར་ལག་རྗེས་ཕྲན་བུ་འཇོག་ཐུབ་རེ་དང་།  སློབ་མ་ཚོར་ཡང་ལག་ལེན་གྱི་སྦྱོར་བརྡར་དང་ཡིག་སྒྱུར་གྱི་གྲུབ་འབྲས་ཕྲན་བུ་རེ་ཐོན་རེས་བསྐུལ་ནས་ལོ་ཤས་གོང་ནས་གྲོས་འགོ་བཏོན་ཀྱང་ཐོན་རིམ་མང་པོ་ཞིག་གིས་ལག་ལེན་ཐོག་མ་འཁྱོལ།  འོན་ཀྱང་2018ལོར་ཐོན་གྱི་སློབ་མ་གཡང་ལགས(ལྷ་ས)དང་།  གངས་ཅན་རིག་རྒྱལ(ཡུལ་ཤུལ)།  གུ་རུ་འཚོ(ཨ་མདོ)བཅས་གསུམ་གྱིས་སློབ་འགོ་ཚུགས་མ་ཐག་ནས་ཁུར་དུ་བླངས་པ་མ་ཟད།  དཀའ་སྤྱད་སྙིང་རུས་ཆེན་པོས་ལེགས་བཤད་༣༠༠ནང་ནས་མང་ཆེ་བ་ཡིག་སྒྱུར་གྱི་བྱ་བ་ལེགས་སྒྲུབ་བྱས་པས་ཁོ་བོ་ལ་ཡང་ཞུས་དག་གི་ངལ་བ་དང་དུ་བླངས་ནས་དཔེ་སྐྲུན་བྱ་རྒྱུའི་སེམས་ཤུགས་བརྙེས། ལོ་འདིའི་ནང་བར་གསེང་མང་ཆེ་བ་སྤྱད་དེ་ཞུས་དག་དང་བཟོ་བཅོས་བགྱིས་པ་དང་།  ལྷག་དོན་དུ་རྒྱལ་སྟོན་གྱི་ངལ་གསོའི་རིང་ཁང་ཁྱིམ་གྱི་སྒོ་མ་དོན་པར་མཐའ་ཞུས་བཏང་སྟེ་ད་ཆ་གཞི་ནས་དཔེ་སྐྲུན་ཁང་དུ་སྤྱན་ཞུར་འབུལ་ལོ་ཙམ་བྱུང་བ་མ་ཟད།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་གྱི་མཐུན་རྐྱེན་གནང་ནས་ལོ་ཤས་ཀྱི་འབད་བརྩོན་ཡང་དོན་ཡོད་པར་གྱུར་བས།  སྐབས་འདིར་དཔེ་དེབ་འདིའི་ཡིག་སྒྱུར་དང་དཔེ་སྐྲུན་ཐད་རྒྱབ་སྐྱོར་དང་མཐུན་རྐྱེན་སྩོལ་མཁན་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

ཡིག་སྒྱུར་སྐབས་བདག་གི་སློབ་མ་ཚོས་འབད་པ་ལྷུར་ལེན་དང་རང་ནུས་གང་ཡོད་བཏོན་ནའང་གཅིག་ནས་ཡོ་རོབ་པའི་རྩོམ་གཤིས་ཁ་དམ་པ་དང་།  གཉིས་ནས་མ་ཡིག་གི་ཚིག་སྦྱོར་བྱིན་ཆགས་པ།  གསུམ་ནས་སློབ་མའི་འཇིག་རྟེན་འཚོ་བའི་ཉམས་མྱོང་དབེན་པ། བཞི་ནས་དུས་ཚོད་ཐུང་ལ་སློབ་སྦྱོང་དང་དཔྱད་རྩོམ་འབྲི་བའི་ལས་འགན་ལྕི་བ་བཅས་ཀྱི་དབང་གིས་འགྱུར་ཡིག་ཞུས་དག་གཏོང་སྐབས་ཁོ་བོ་ལ་དཀའ་ངལ་མི་ཉུང་བ་འཕྲད་པ་དང་། བཟོ་བཅོས་ཆེ་ཙམ་བྱེད་དགོས་བྱུང་ནའང་ལེ་ལོ་དང་སྐྱོ་ངལ་གྱི་དབང་དུ་མ་བཏང་བར་དཀའ་བ་ཁྱད་དུ་བསད་ནས་དོན་སྐྱོན་དང་ཚིག་སྐྱོན་གང་ཡོད་ནན་ཏུར་གྱིས་བཅོས་རྗེས་སློབ་མ་ཚོར་བཟོ་བཅོས་རྒྱག་རྒྱུར་སྤྲད་པ་དང་།  ཁོང་ཚོས་བཟོ་བཅོས་བརྒྱབ་ཟིན་རྗེས་ཁོ་བོས་སླར་ཡང་མཐའ་ཞུས་ཐེངས་གཅིག་བཏང་སྟེ་སྤུས་ཚད་འགན་ལེན་གང་ཐུབ་བྱས་ཡོད། འོན་ཀྱང་སློབ་མ་ཚོའི་ཆུ་ཚད་དོ་མི་སྙོམས་པ་དང་།  སློབ་མ་སོ་སོའི་རྩོམ་གཤིས་ཉམས་འགྱུར་མི་འདྲ་བ།  ཐ་ན་མདོ་དབུས་ཁམས་གསུམ་གྱི་སློབ་མའི་ཚིག་སྦྱོར་སྤེལ་སྟངས་དང་ཐ་སྙད་སྦྱོར་སྟངས་ཡང་མི་འདྲ་བ་བཅས་ཀྱི་ཁར།  ཁོ་བོའི་ཆུ་ཚད་ལ་ཚད་བཀག་ཡོད་པ་དང་།  ཞུ་དག་གི་དུས་ཚོད་དཀོན་པ་བཅས་ཀྱི་དབང་གིས་ད་དུང་ཡང་དོན་སྐྱོན་དང་།  ཚིག་སྐྱོན།  ཉམས་འགྱུར་ཆ་མི་སྙོམས་པ་བཅས་ཀྱི་སྐྱོན་ཡོད་ངེས་ན་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་བ་དང་།  སླད་མར་མུ་མཐུད་ལེགས་བཅོས་ཀྱིས་མ་རྩོམ་ལ་ངོ་མི་གནོང་བའི་འགྱུར་མ་སྤུས་དག་ཅིག་ཏུ་བརྩོན་ལེན་བྱ་ཕྱིར་དགོངས་འཆར་ལྷུག་སྩོལ་ཡོད་པ་མཁྱེན།  མཁྱེན། ཞེས་སྤྱི་ལོ་ 2017 ལོའི་ཟླ་12 པར་ལྷ་ལྡན་པའི་དག་པའི་ཞིང་གི་རང་སྤྱིལ་དགའ་བའི་ལྡིང་ཁང་ནས་སུག་བྲིས་སུ་བགྱིས་པ་དགེ།

བརྒྱུད་སྐུལ།

མཆན་སྤེལ།