རི་རྒྱལ་ལྷུན་པོ་གནམ་ལྕགས་འབར་བ།

རི་རྒྱལ་ལྷུན་པོ་གནམ་ལྕགས་འབར་བ།
རི་རྒྱལ་ལྷུན་པོ་གནམ་ལྕགས་འབར་བ་ནི། བོད་ཀྱི་རི་བོ་མཛེས་ཤོས་གྲགས་ཅན་བཅུ་ཡི་དང་པོར་དཔྱད་འདེམས་བྱས་ཡོད། དེ་ལྟར་བྱས་པའི་རྒྱུ་མཚན་གལ་གནད་ཆེ་ཤོས་གཅིག་ནི། རི་བོ་གནམ་ལྕགས་འབར་བ་དེ་ནིད་རྒྱུན་དུ་སྨུག་སྤྲིན་གྱི་ཁྲོད་དུ་གནས་པ་དང་། བརྗིད་ཉམས་དང་ལྡན་པ་བཅས་ཀྱི་ཡིན།
རི་བོ་གནམ་ལྕགས་འབར་བ་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་མི་ཊར་ ༧༧༨༢ ཡོད་པ་དང་། འཛམ་གླིང་གི་རི་བོ་ཡང་རྩེའི་གྲས་ཀྱི་ཨང་ ༣༡ པ་དེ་ཉིད་ཡིན་ལ། རི་བོ་གནམ་ལྕགས་འབར་བ་ཞེས་པའི་མིང་ལ་གོ་བ་ལེན་ཚུལ་འགའ་ཞིག་ཡོད། དེ་ཡང་དང་པོ་ནི། མེ་འབར་བ་དང་། གློག་འཁྱུག་པ། འབྲུག་སྒྲ་གྲགས་པ་བཅས་དང་འདྲ་བའི་ཆ་ནས་རི་བོ་གནམ་ལྕགས་འབར་བ་ཞེས་མིང་ཐོགས་པ་དང་། གཉིས་པ་ནི། མཁའ་དབྱིངས་སུ་བསྣུན་པའི་མདུང་རིང་དང་འདྲ་བའི་ཆ་ནས་རི་བོ་གནམ་ལྕགས་འབར་བ་ཞེས་མིང་ཐོགས་པ། གསུམ་པ་ནི། གནམ་ནས་ལྷུང་བའི་བྲག་རྡོ་ཡིན་པའི་ཆ་ནས་མིང་དེ་ལྟར་ཐོགས་པར་གོ་བ་ལེན་སྟངས་མི་འདྲ་བ་ཡོད།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་མོན་གླིང་གཡུལ་འགྱེད་ཀྱི་ཁྲོད་དུ་གནམ་ལྕགས་འབར་བའི་རི་རྩེ་མོ་ནི། མཁའ་དབྱིངས་སུ་བསྣུན་པའི་མདའ་རིང་ཞིག་དང་འདྲ་བར་བཀོད་ཡོད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།