ས་སྐྱའི་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་ངོ་སྤྲོད།

ས་སྐྱའི་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་ངོ་སྤྲོད།

ཆོས་དུང་དཀར་པོ་རྒྱང་གྲགས་ཞེས་བྱ་བ་བཞུགས་སོ།།

 

ཆོས་དུང་དཀར་པོ་རྒྱང་གྲགས་འདི་ནི་སངས་རྒྱས་སྐུ་དངོས་ཀྱིས་བེད་སྤྱོད་མཛད་ཅིང་རབ་གནས་གནང་བའི་རྟེན་བྱིན་རླབས་ཅན་ཞིག་ཡིན། ས་ལུགས་ཐུན་མོང་མ་ཡིན་པའི་བསྟན་རྩིས་ཀྱི་དགོངས་པ་ལྟར་ན་སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་དུས་ནས་བརྩིས་ན་ཡང་ད་བར་ལོ་ངོ་བཞི་སྟོང་ལྷག་ཙམ་གྱི་ལོ་རྒྱུས་མངའ་ཡོད།

ཞིབ་པར་བརྗོད་ན་སྟོན་པ་ཐུབ་པའི་དབང་པོ་མཆོག་གིས་གདུལ་བྱ་ཐུན་མོང་བའི་ངོར་ལོ་དྲུག་དཀའ་བ་སྤྱད་ནས་མཐར་མངོན་པར་རྫོགས་པ་སངས་རྒྱས་རྗེས།  ཡང་དག་པའི་དམ་པའི་ཆོས་བདུད་རྩི་ལྟ་བུ་ཞིག་ཐུགས་ལ་མངའ་བར་མཛད་མོད། འོན་ཀྱང་དུས་དེའི་སེམས་ཅན་སྤྱི་མཐུན་གྱི་ཚོགས་ཡོངས་སུ་མ་རྫོགས་པའི་དབང་གིས།

 

 

ཟབ་བཞི་སྤྲོལ་བྲལ་འོད་གསལ་འདུས་མ་བྱས། །

བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོར་བརྙེད། །

སུ་ལ་བསྟན་ཡང་གོ་བར་མི་ནུས་པས། །

མི་མེད་ནགས་ཀྱི་ཚལ་དུ་གནས་པར་བྱ། །

ཞེས་གསུངས་ཏེ་རེ་ཞིག་ནགས་སུ་དབེན་པར་བཞུགས་པའི་སྐབས།  ལྷ་ཡི་དབང་པོ་རྒྱལ་བྱིན་དང་། ཀླུའི་དབང་པོ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་དང་ཆོས་དུང་དཀར་པོ་འདི་ཉིད་ཆོས་ཀྱི་འཁོར་ལོ་སྐོར་བའི་རྟེན་དུ་ཐོག་མར་ཕུལ། སྟོན་པ་ཐུབ་པའི་དབང་པོ་གང་ཉིད་ཀྱིས་ཀྱང་ཆོས་འཁོར་རབ་རིམ་བསྐོར་བའི་སྐབས་ཆོས་དུང་འདི་ཚོགས་དུང་དུ་མཛད་པར་གྲགས།  དེ་རྗེས་རྒྱ་གར་གྱི་རྒྱལ་པོ་རིམ་བྱོན་གྱི་དད་རྟེན་དུ་མཛད། ཕྱིས་རྒྱ་གར་རྒྱལ་པོ་དྷརྨ་པཱ་ལའི་སྐུ་དུས་སུ་རྒྱ་ནག་རྒྱལ་པོ་དེ་ཝ་རཱ་ཛ་ལ་བཀའ་དྲིན་ལེགས་གསོའི་ཆེད་དུ་ལྷ་གདན་གྱི་ཇོ་བོ་རིན་པོ་ཆེ་དང་ཆོས་དུང་དཀར་པོ་རྒྱང་གྲགས་སོགས་ཕུལ། དེ་རྗེས་རྒྱ་ནག་རྒྱལ་རབས་རིམ་པས་མཆོད་པའི་རྟེན་དུ་གྱུར།

སྤྱི་ལོའི་དུས་རབས་བདུན་པའི་ནང་བསྟན་པ་སྔ་དར་གྱི་དགོས་མཁོ་དང་བསྟུན་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཇོ་བོ་ཤཱཀྱ་མུ་ནེ་བོད་དུ་གདན་དྲངས་ཤིང་།  སླར་དུས་རབས་བཅུ་གསུམ་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པས་བསྟན་པ་ཕྱི་དར་གྱི་དགོས་མཁོ་ལ་གཞིགས་ཏེ་ཆོས་དུང་རིན་པོ་ཆེ་འདི་བོད་དུ་གདན་དྲངས། འདི་གཉིས་ནི་བོད་ཡུལ་དུ་བཞུགས་པའི་རྟེན་མང་པོའི་ཁྲོད་ནས་སངས་རྒྱས་སྐུ་དངོས་ཀྱིས་རབ་གནས་མཛད་མྱོང་བའི་དད་རྟེན་ཁྱད་པར་ཅན་ཞིག་ཆགས་ཡོད།

རྒྱུ་མཚན་དེས་བོད་ཀྱི་སྔ་མོའི་ཁ་རྒྱུན་དུ་ལྷ་ས་མ་མཇལ་མི་ལུས་ཕྱེད་ཀ་དང་། ས་སྐྱ་མ་མཇལ་མི་ལུས་ཕྱེད་ཀ་ཡིན།  ཞེས་པའི་གཏམ་རྒྱུད་དེའང་བྱུང་བ་རེད།

ཆོས་དུང་དཀར་པོ་འདི་ཉིད་ཀྱི་ཆེ་བའི་ཡོན་ཏན་ཞིབ་པར་བརྗོད་ཀྱིས་ག་ལ་ལང་མོད། འོན་ཀྱང་གདུལ་བྱ་སྣོད་ལྡན་གྱིས་མཇལ་བའི་ཚེ་རྣམ་བཅུ་དབང་ལྡན་དང་བདེ་མཆོག་གི་རྩ་སྔགས།  མཆོད་རྟེན་སོགས་རང་བྱོན་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། ལྷག་པར་གསུང་ཐོས་པ་ཙམ་གྱིས་བསྐལ་པ་དཔག་མེད་ནས་བསགས་པའི་སྡིག་སྒྲིབ་དག་པ་དང་།  ངན་སོང་གི་སྐྱེ་སྒོ་འགག་པར་གསུངས་ཡོད། འདིའི་དྲུང་དུ་སྨོན་ལམ་ལེགས་པར་བཏབ་ན་གང་བསམ་ཐོགས་མེད་སྩོལ་བ་ནི་མྱོང་གྲུབ་ལགས།

ད་ལྟའི་འཆར་ཡང་འགྲོ་བའི་བསོད་ནམས་ཀྱི་རྟེན་དུ་ས་སྐྱའི་ལྷ་ཁང་ཆེན་མོའི་འདུ་ཁང་ནང་གསུང་བྱོན་དང་འབྱོན་བཞིན་པར་བཞུགས་ཡོད།

 

ཡོང་ཁུངས། ས་སྐྱ་སྒོ་རུམ་རིག་གནས་རྩོམ་སྒྲིག་ཁང་།

བརྒྱུད་སྐུལ།

མཆན་སྤེལ།