༄༅། །ཐུ་བྷོད་ཀྱི་གནའ་གྲོང་།

༄༅། །ཐུ་བྷོད་ཀྱི་གནའ་གྲོང་།

པད་མ་ཆོས་སྒྲོན།  ལྷོ་ཁ།


འཛམ་གླིང་གཙུག་ཕུད་ཆེན་མོའི་གངས་ལྗོངས་ཕང་བའི།

བོད་མིའི་འབྱུང་ཁུངས་སྨྲ་བའི་ཡུལ་ཡར་མོ་ཀླུང་ཆེན།

རྟེན་གསུམ་གནས་གསུམ་ཆགས་ཡུལ་ལྷོ་གནས་སྐྱིད་མོ།

ཕ་སྤྲེལ་རྒན་དང་མ་བྲག་སྲིན་གཉིས་ཀྱི་གཏམ་རྒྱུད་གླེང་ས།

ཐུ་བྷོད་བཙན་པོའི་རྟ་ཕོའི་རྨིག་རྗེས་བཅག་པའི་ངའི་ཕ་ཡུལ།

 

ལོ་རྒྱུས་སྨྲ་བའི་མཆུ་རྩེར་བསྐོན་པའི་གནའ་བོའི་ཐུ་བྷོད་ས་མཐོ།

དག་ཞིང་དུ་སིམ་མེར་གནས་པའི་བཙན་པོའི་བརྗིད་རྔམ་གྱི་བང་སོ།

ཡུལ་བསྐོར་བའི་པར་ཆས་ལ་འཁུན་སྒྲ་དབེན་པའི་གནའ་བོའི་མཁར་གྲོང་།

དད་ལྡན་སེར་སྐྱའི་རེ་བ་དང་དད་པས་བསྒོམ་པའི་གནས་རྙིང་ཕོ་བྲང་།

 

 

བཙན་པོའི་དཔའ་མཛངས་རྟུལ་བཞུགས་ལས་རབ་ཏུ་བསྐྲུན་པའི་འཕྱིང་བ་སྟག་རྩེ།

ལོ་རྒྱུས་ཀྱི་གླེགས་བམ་ངོས་སུ་གསལ་ལེར་བཞུགས་པའི་རྗེ་བོའི་མཛད་རྣམ།

གང་ལྟར་ནའང་།

མཐའ་ཀླས་པའི་ས་ཆེན་འདིར་གྲགས་པས་ཕྱུག་པའི།

ངའི་ཐུ་བྷོད་ཀྱི་གནའ་གྲོང་འཕྱོངས་རྒྱས།

ཁྱེད་ལ་ཡབ་མེས་བཙན་པོའི་བཀའ་གདམ་ངོམས་སུ་ཆོག་པ་ཡོད།

དེ་བས།

དུས་རབས་ཀྱི་སྣེ་མོ་གང་ཞིག་ནས་ཀྱང་།

ལོ་རྒྱུས་ཀྱི་རྡོ་རིང་མི་འདྲ་བ་ཞིག་བཞེངས་ཡོད།

གནའ་གྲོང་ལགས།

ལོ་རྒྱུས་ཀྱི་ཤོག་ལྷེའི་ངོས་ཟུར་ཞིག་གི་ནང་དུ།

ཁྱེད་ནི་བཙན་པོའི་རྣམ་དཔྱོད་ཀྱི་དན་རྟགས་བཞིན་བཞུད་ཟིན་སོང་།

དེང་གི་འཕེལ་རྒྱས་རླུང་རླབས་གཡོ་བའི་བར་གསེང་ན།

ཁྱེད་ནི་སླར་ལྷོད་ཀྱིས་འགྱིང་ཞིང་རྔམ་པར་གནས།

གནའ་གྲོང་ལགས།

ཁྱེད་ནི་མེ་ལོང་བཞིན་དུ་སྣང་།

འཕུར་མཆོངས་ལས་འཕྱོངས་རྒྱས་ཀྱི་བྱད་བཞིན་གསལ་བོར་མངོན་བྱུང་།

དེ་རིང་འཕྱོངས་རྒྱས་ཀྱི་ནམ་མཁའ་ཤིན་ཏུ་དག་ཁར།

འཕྱོངས་རྒྱས་ཀྱི་ས་གཞི་ཡང་སྔར་བས་ཡངས།

དེ་བས།

འཕྱོངས་རྒྱས་ཀྱི་ཡུལ་མི་རྣམས་སྤྲོ་བས་མྱོས་ཏེ་འཚོ་བའི་གར་ལ་རྩེན་བཞིན་འདུག

བརྒྱུད་སྐུལ།

མཆན་སྤེལ།